དང་པོ། ཁྲི་ལྡེ་སྲོང་བཙན་བྱོན་པ་དང་རྒྱལ་སྲིད་བཟུང་བའི་ཚུལ།
དེ་ཡང་བོད་ཀྱི་རྒྱལ་རབས་བཞི་བཅུ་པ་(བོད་ཀྱི་ལོ་རྒྱུས་གླེང་གཏམ་ལྟར།)ཁྲི་སྲོང་བཙན་ཞེས་པའི་རྒྱལ་པོ་འདི་ནི་བོད་བཙན་པོའི་རྒྱལ་རབས་སྤྱི་དང་ལྷག་པར་དུ་སངས་རྒྱས་ཆོས་ལུགས་བོད་དུ་དར་སྤེལ་གཏོང་བའི་ཐད་ལ་བྱས་རྗེས་ཧ་ཅང་ཆེ་བའི་མི་སྣ་ཞིག་རེད། དེས་ན་བཙན་པོའི་ལོ་རྒྱུས་ལ་ཅུང་ཟད་བརྟག་པར་བྱེད་པ་ལ། ཐོག་མར་བོད་ཀྱི་ལོ་རྒྱུས་སྤྱི་ལ་ཡོད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་སྟེ་མཁས་པ་སོ་སོའི་ཁུངས་གཏུགས་སའི་ལོ་རྒྱུས་ཡིག་ཆ་མི་འདྲ་བའི་རྐྱེན་གྱིས་དང་ཡིག་ཚང་ལ་ལར་ལོ་ཚིགས་ལོ་རྟགས་གསལ་པོ་འཁོད་མེད་པའི་སྟབས་ཀྱིས་གཅིག་གྱུར་གྱི་ཚད་གཞིའི་ལྟ་བ་ཅིག་འབྱུང་རྒྱུ་ནི་ཧ་ཅང་ཁག་པའི་གནས་ཤིག་ཏུ་འདུག དེའི་རྐྱེན་གྱིས་བཙན་པོ་འདི་པའི་འཁྲུངས་འདས་ཀྱི་སྐོར་ལའང་བཞེད་པ་འདྲ་མིན་མང་པོ་ཅིག་འདུག་པ། 《 བོད་གྱི་ལོ་རྒྱུས་གླེང་བའི་གཏམ།》དུ་སྤྱི་ལོ་777ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོམ་གཉིས་ཀྱི་སྲས་ཐ་ཆུང་དུ་འཁྲུངས་ཤིག སྤྱི་ལོ824དང་འདས་ལོ་སྤྱི་ལོ་815ལོར་སྐུ་འདས་གྲགས་པ་དང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་《བསྟན་རྩིས་ཟུར་རྒྱན།》དུ་སད་ན་ལེགས་འཇིང་ཡོན་གྱི་འཁྲུངས་ལོ་སྤྱི་ལོ་824དང་འདས་ལོ་སྤྱི་ལོ་877དུ་གསུངས་འདུག དེ་མིན་རྡོ་རིང་གི་ཡི་གེར་བརྟག་ན་བཙན་པོ་འདི་སྤྱི་ལོ་815ལོར་སྐུ་གཤེགས་ཟིན་པ་དང་བཙན་པོ་འདིའི་འཁྲུངས་ལོ་དང་འདས་ལོ་ནི་སྤྱི་ལོ་(?-815)ཞེས་མི་འབྲི་ཀ་མེད་བྱུང་ཞེས་《བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ།》རུ་བྲིས་འདུག དེ་བས་བཞེད་ཚུལ་འདི་ཚོ་ཅུང་བརྟག་པར་བྱེད་ན་ཐོག་མར་མང་ཁ་ཉུང་ལེན་གྱི་ཐབས་སྤྱད་ན《བསྟན་རྩིས་ཟུར་རྒྱན།》གྱི་བཞེད་པ་འདི་ལའང་རང་ཉིད་བཞེད་ཚུལ་དང་རྒྱུ་མཚན་ཡོད་པ་ཡང་གོར་མ་ཆག་མོད། འོན་ཀྱང་དེའི་ལོ་ཚིགས་ཐད་ཧེ་བག་ཅུང་ཆེ་དྲགས་པས་འདིར་རེ་ཞིན་བཏང་སྙོམས་ཀྱི་དང་བློ་ལས་བྱ་ཐབས་མི་འདུག་པས། ཐོག་མར་ཡིག་ཆ་གཞན་གཉིས་ལ་ཅུང་ཟད་དཔྱད་པར་བྱའོ། །ཡབ་ཁྲི་སྲོང་ལྡེ་བཙན་སྤྱི་ལོ་797ལ་འདས་པ་དང་《རྒྱ་བོད་ཡིག་ཚང་མཁས་པའི་དགའ་སྟོན་དུ།》“དེ་འོག་མུ་ནེ་བཙན་པོ། ཆུ་ཕོ་སྟག་ལ། བྲག་དམར་དུ་འཁྲུངས། དགུང་ལོ་ཉེར་དགུ་པར་གཡག་གིས་གྲོངས། ལོ་གཅིག་ཟླ་དགུ་རྒྱལ་ས་བཟུང་།”ཞེས་པར་བརྟག་ན་མུ་ནེ་བཙན་པོ་778ལོར་འཁྲུངས་ཤིང་797ལོར་བཤེགས་པས།སད་ན་ལེགས་འཇིང་ཡོན་ནི་བུ་ཐ་ཆུང་ཡིན་པའི་ཆ་ནས་ཁོ་རང་777ལོར་འཁྲུངས་ཞེས་པ་གཞི་མི་གྲུབ་པས། འདིར་རྡོ་རིང་གི་བཞེད་ཚུལ་དེ་དག་པར་སྣང་།
ཡང་རྒྱལ་པོ་འདིར་སྤུན་མཆེད་དུ་ཡོད་པར་བཞེད་ཚུལ་མི་འདྲ་ས་ཡོད་དེ། ལ་ལས་མུ་ཁྲི་སྲོང་པོ་བྱིས་པའི་དུས་ནས་འདས་པས་མུ་ནེ་བཙན་པོ་དང་མུ་རིག་བཙན་པོ། མུ་ཏིག་བཙན་པོ་བཅས་གསུམ་ཡོད་པར་འདོད་ལ། ཡོངས་གྲགས་སུ་མུ་ཁྲི་སྲོང་པོ་བྱ་བ་དེ་ཡོད་པར་མི་འདོད། གཞན་ཡང་བཙན་པོ་འདི་པའི་མཚན་གྱི་རྣམ་གྲངས་སུ་རྒྱལ་པོ་བཀའི་ཐང་ཡིག་ཏུ་“སློབ་དཔོན་མཚན་གསོལ་མུ་ཏིག་བཙན་པོ་ཞེས། ཡབ་ཀྱི་མཚན་གསོལ་ཁྲི་ལྡེ་སྲོང་བཙན་ཞེས།ནང་བློན་མཚན་གསོལ་འཇིང་ཡོན་སད་ན་ལེགས། རྒྱ་ཡིས་མཚན་གསོལ་མུ་རིག་བཙན་པོ་ཞེས”ཞེས་འབྱུང་བ་ལ་ཞོར་དུ་གླེང་རྒྱུ་ཞིག་ནི་སད་ན་ལེགས་འཇིང་ཡོན་ཞེས་པའི་དོན་ནི་ནང་བློན་རྣམས་ཀྱིས་དང་པོར་བཙན་པོ་ཐ་ཆུང་འདིས་རྒྱལ་པོ་བྱེད་ཐུབ་བམ་མི་ཐུབ་ལ་ཉངས་སད་ཅིག་བྱས་ན་ལེགས་ཞེས་བགྲོས་དེ་ཉམས་སད་པ་ན། བཙན་པོ་འདི་མི་ཆེན་གྱི་ཚུལ་དུ་སྐུ་འགྱིང་བག་ཏུ་བཞུགས་པ་མཐོང་ནས་བློན་རྣམས་ཀྱིས་སད་ན་ལེགས་འཇིང་ཡོན་ཞེས་པའི་མིང་འདི་བཏགས་པ་ཡིན་ཟེར།
རྒྱལ་སྲིད་བཟུང་བའི་ཐད་ལ་ཡོངས་གྲགས་སུ་མུ་ནེ་བཙན་པོས་ལོ་གཅིག་དང་ཟླ་བཅུ་ཙམ་ལ་རྒྱལ་སྲིད་བཟུང་རྗེས་མས་གྲོངས་པ་དང་། མུ་རིག་བཙན་པོས་བློན་པོ་ཞང་གི་བུ་ཉེས་མེད་དུ་བསད་པས།བློན་པོ་འགོས་ཀྱིས་ཞལ་ལྕེ་དགའ་གསུམ་དུ་བཅད་ནས་མོན་ཡུལ་དུ་སྤྱུགས་སྟབས་རྒྱལ་སྲིད་འཛིན་མ་ཐུབ། དེ་བས་སྤྱི་ལོ་798ལོར་ཁྲི་ལྡེ་སྲོང་བཙན་གྱིས་རྒྱལ་སྲིད་བཟུང་བར་གྲགས།
གཉིས་པ། སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བ་དང་དེས་ཐོན་པའི་ཤུགས་རྐྱེན།
སྤྱིར་སངས་རྒྱས་ཆོས་ལུགས་དེ་ཆོས་ལུགས་ཤིག་ཡིན་པའི་ཆ་ནས་བོད་དུ་དར་རྗེས་ཆོས་ལུགས་རང་རྐྱ་ཅན་ཞིག་ཏུ་གྱུར་མ་ཐུབ་པ་འདྲ།སངས་རྒྱས་ཆོས་ལུགས་འདི་ལྷ་ཐོ་ཐོ་རི་གཉན་བཙན་ནས་བོད་དུ་དབུ་བརྙེས་པ་དང་ལྷག་པར་དུ་སྲོང་བཙན་དུས་སུ་དངོས་སུ་དར་སྤེལ་བཏང་བའི་དུས་ནས་བཟུང་བོད་ཀྱི་སྲིད་འཛིན་ནང་ཁུལ་དང་སྤྱི་ཚོགས་ཁྲོད་དུ་འགལ་བ་སྣ་ཚོགས་ཤིག་འབྱུང་བའི་འགོ་བརྩམས་ཤིང་། བན་བོན་གྱི་འགལ་བ་དང་བློན་གསར་རྙིང་གི་འགལ་བ། དབང་སྒྱུར་གྲལ་རིམ་དང་འབངས་མིའི་བར་གྱི་འགལ་བ་སོགས་རིམ་གྱིས་བྱུང། དེ་ཡང་སངས་རྒྱས་ཆོས་ལུགས་དེ་དེ་འདྲའི་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་བོད་དུ་དར་ཐུབ་པའི་རྒྱུ་མཚན་ཡང་《ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་མདོར་བསྡུས།》
ལས་གསལ་བ་ལྟར། བོན་ཆོས་ནི་བོད་རང་གི་གདོད་མའི་ཆོས་ལུགས་ཡིན་པ་དང་སངས་རྒྱས་ཆོས་ལུགས་ནི་གྲལ་རིམ་ཡོད་པའི་སྤྱི་ཚོགས་ནང་བོད་དུ་དར་བས། དེར་དབང་སྒྱུར་མཁན་དང་རྒྱལ་བོའི་གཞོགས་འདེགས་དང་རྒྱབ་སྐྱོར་ཡོད་པསབོན་ཆོས་ཀྱིས་དེའི་དོ་ཟླར་ག་ལ་ཡོང་ཞེས་བྲིས་འདུག་པར་མ་ཟད། སྐབས་དེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་ཆབ་སྲིད་ལམ་ལུགས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་ཡོད་པ་དེ་ལའང་རག་ལས་ཤིན་ཏུ་ཆེ་སྙམ།
སྲོང་བཙན་དུས་སུ་ངས་རྒྱས་ཆོས་ལུགས་དེ་སྲིད་སྐྱོང་བའི་ཟུར་ལྟའི་མིག་དཔེ་ཞིག་དང་གཞུངས་ལུགས་ཤིག་ཏུ་གྱུར་ཡོད་པ་མ་གཏོགས་སྤྱི་ཚོགས་ཁྲོད་དུ་དེ་འདྲའི་ས་ཁྱབ་རྡོ་ཁྱབ་དུ་གྱུར་མེད་པ་དང་། ལྷག་པར་དུ་ཁྲི་སྲོང་ལྡེ་བཙན་དུས་སུ་སངས་རྒྱས་བསྟན་པ་དེ་ཐེངས་གཅིག་བསྣུབས་པར་གྲགས་ལ་རྗེས་ནས་སླར་ཡང་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པད་མ་འབྱུང་གནས་གཉིས་དང་མཉམ་དུ་བསམ་ཡས་གཙུག་ལག་ཁང་སོགས་བཞེངས་ཏེ་བསྟན་པའི་རྒྱུན་བསྐྱངས་པ་རེད། འོན་ཀྱང་སྐབས་དེ་དག་ཏུ་ཆོས་པ་དང་ཆབ་སྲིད་པ་གཉིས་ནི་སོ་སོ་ཡིན་སྟབས་ལུགས་གཉིས་ཕན་ཚུན་སོ་སོའི་བར་དུ་འགལ་བ་ཡོད་རུང་ཕྱོགས་ཞེན་གྱི་བསམ་སྤྱོད་དེ་ཚད་མེད་དུ་འསྲིངས་པར་བཀག་རྒྱ་ངེས་ཅན་ཞིག་ཡོད་པས་རྒྱལ་སྲིད་ཀྱི་རྣམ་པར་འགྱུར་བ་བྱུང་མ་ཐུབ་པས།སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་འཕེལ་རྒྱས་ལ་བཀག་བཟོ་མ་ཐུབ་པར་འདྲ། རིམ་གྱིས་སྐབས་དེ་ནས་བཟུང་ཆོས་ལུགས་དེ་ཕོ་བྲང་ནང་ཁུལ་ནས་སྤྱི་ཚོགས་ཁྲོད་དུ་ཁྱབ་མགོ་ཚུགས་པ་རེད། དེ་བས་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སླེབས་པ་ན་དེ་ཡང་མངོན་གསལ་གྱི་འགྱུར་ལྡོག་ཅིག་བྱུང་ཡོད་པ་དང་། གཙོ་བོ་ཆོས་དང་སྲིད་ཀྱི་གོམ་གང་མདུན་སྤོས་ཀྱི་མཉམ་འབྲེལ་ལས་བཞག་པའི་ཆིངས་ཡིག་དེ་རེད། གོང་ནས་བཤད་ཟིན་པ་ལྟར་ཆོས་སྲིད་ཀྱི་འགལ་བ་ནི་ནམ་ཡང་བཟློག་ཏུ་མེད་པ་ཞིག་དང་། དེ་གཉིས་ལས་གང་ཞིག་དར་དྲགས་ན་གཞན་དེ་ཉིད་ངེས་པར་དུ་ཉམས་དམས་སུ་འགྲོ་སྲིད་པ་ནི་རྟེན་འབྲེལ་འཛོམས་པའི་རྒྱུ་འབྲས་ཤིག་རེད། བཙན་པོ་འདིའི་སྐབས་སུ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དེ་སྔར་བས་ཀྱང་དར་ཁྱབ་སོང་བ་དང་བསྟུན་བསམ་ཡས་གཙུག་ལག་ཁང་ཞིག་གསོ་དང་སྐར་ཆུང་རྡོ་རྗེའི་དབྱིངས་ཀྱི་ལྷ་ཁང་བཞེངས་པ། ལྷག་པར་དུ་བཀས་བཅད་ཐེངས་གཉིས་མཛད་པ་མ་ཟད་ཆབ་སྲིད་ཕུད་པའི་སྐུ་དྲག་གི་བུ་རྣམས་ལ་ནང་བའི་ཆོས་ལུགས་སྦྱང་དུ་བཅུག་པ་དང་འབངས་ཐམས་ཅད་ཀྱིས་ཆོས་སྤྱང་ཆོག་པར་མཛད་པ་དེས། སངས་རྒྱས་བསྟན་པའི་ཡོ་ལང་རྣམ་པར་རྒྱས་ཤིང་སྤྱི་ཚོགས་ཡོངས་སུ་ཞི་བ་དང་བདེ་བ། བཏང་སྙོམས་ཀྱི་བསམ་བློའི་མྱུ་གུ་འབུས་མགོ་ཚུགས། དེར་མ་ཟད་ཀྱི་བཙན་པོ་འདི་པས་བན་དེ་མྱང་ཏིང་ངེ་འཛིན་དང་བྲན་ཀ་དཔལ་གྱི་ཡོན་ཏན་འོད་གཉིས་བློན་ཆེན་དུ་བསྐོས་པ་དང་ཆོས་པ་དངོས་སུ་ཆབ་སྲིད་ཀྱི་བྱ་བར་ཞུགས་པས།བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་དངོས་སུ་བྱུང་བ་རེད། དེའི་རྐྱེན་གྱིས་ཆོས་ཀྱིས་སྲིད་ལ་ཐེར་གཏོགས་ཆེས་ཆེར་བྱས་ཤིང། སྐབས་དེ་ནས་བཟུང་རབ་ཏུ་བྱུང་བའི་བཙུན་པ་རྣམས་གཞན་གྱིས་བྲན་ཏུ་མི་སྟེར་བ་དང་ཁྲལ་ལ་སོགས་པའང་མི་དབབ་པའི་ཁེ་དབང་དམིགས་བསལ་ཅན་བྱིན་རྐྱེན། རབ་ཏུ་བྱུང་མཁན་ཇེ་མང་དུ་སོང་བས་ན་ཐོན་སྐྱེད་ནུས་ཤུགས་ལ་བར་ཆད་བྱས་ཤིང་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་ལའང་ཉམས་ཉེས་བྱུང་བར་མ་ཟད། ཞྭ་ལྷ་ཁང་གི་རྡོ་རིང་ལས།བཙན་པོས་ཆོས་བྱེད་རྒྱུ་དེ་ཁྲིམས་དང་མཐུན་པར་བྱས་ཤིང་དེར་རྒྱབ་སྐྱོར་བྱས་པར་མ་ཟད། བློན་པོ་ཁག་ཅིག་གིས་ཀྱང་ཅི་ནུས་ཅི་ལྕོགས་ཀྱིས་དང་ལེན་བྱས་པར་བརྟེན།ཆོས་ལུགས་དེ་་སྐབས་དེའི་སྤྱི་ཚོགས་ཁྲོད་དང་ལེན་མི་བྱེད་ཐབས་མེད་དུ་གྱུར་མཐར། རིམ་བཞིན་སྲིད་ཕྱོགས་དང་འགལ་ཟླ་ནས་གདོང་ཐུག་ཏུ་གྱུར་པ། བོད་ཀྱི་མཁས་པ་མཁྱེན་རབ་འོད་གསལ་གྱིས་གསུང་བ་ལྟར་“ཆོས་ལྡན་རྒྱལ་ཁབ་འདི་རྒྱལ་ཁབ་འཛམ་གླིང་ཀུན་ན་ཡོད། །ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར། །ཆོས་ལྡན་ཙམ་གྱིས་རྒྱལ་ཁབ་མི་ཉམས་ཀྱང། །མཉམ་དུ་སྤྲེལ་བས་གཉིས་ཀའི་ནུས་པ་ཤོར། །ཞེས་པ་ལྟར་བོད་ཀྱི་རྒྱལ་སྲིད་དེ་ཡང་ཉམས་མགོ་ཚུགས་པ་རེད། དེའི་རྩ་བ་ཡང་གོང་དུ་བཤད་པ་ལྟར་ཆོས་སྲིད་ཟུང་འབྲེལ་གྱི་ལན་པས་རེད། ཆོས་ལུགས་ནི་བསམ་པའི་དཔལ་ཡོན་དང་སྲིད་ལུགས་ནི་བསམ་བློ་དང་དངོས་པའི་དཔལ་ཡོན་ཟུང་དུ་འདྲེས་པའི་གཟུགས་མེད་དགོངས་པ་ཡིན་པའི་ཆ་ནས་འདྲ་ན་ཡང་། ཆོས་ལུགས་ཀྱིས་ནམ་ཡང་ཞི་བའི་ལས་ལ་འབད་པ་དང་སྲིད་ལུགས་ཀྱིས་དྲག་པོའི་ལས་ཀྱང་ལག་ཏུ་བསྟར་བས། ཆོས་ལུགས་དེ་ནི་དངོས་པོའི་དཔལ་འབྱོར་དང་བསམ་པའི་གོ་རྟོགས་ངེས་ཅན་ཞིག་གི་ལོངས་སྤྱོད་ཡིན་པ་མ་གཏོགས་ཡོད་ཚད་ཀྱིས་ཅིག་ཅར་དུ་དང་ལེན་བྱེད་རྒྱུ་ཞིག་ནི་མིན་པས། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་འབངས་ཐམས་ཅད་ཀྱིས་ཆོས་ལ་སྤྱངས་པ་དེས་སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞིའི་བར་གྱི་མཐུན་སྤྱོར་ཀྱི་ཆོས་ཉིད་དང་འགལ་བར་ལངས་བ་དེས་མཐའ་མར་རྒྱལ་སྲིད་ཀྱི་བརྟན་བརླིང་ལ་གཡོ་བ་ཐེབས་པ་རེད།
གཞན་ཡང་རྒྱ་ཡིག་གི་ལོ་རྒྱུས་ལ་ལར་བཙན་པོ་འདི་པ་ནས་བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཉམས་རུལ་དུ་སོང་བས་ཕྱིས་སུ་འབངས་གྱེན་ལོག་བྱུང་ཞེས་བཀོད་འདུག་པ་དེ་ཡང་སྔོན་གྱི་ཡབ་མེས་རྒྱལ་རབས་རྣམས་དང་བལྟོས་བཅས་ཀྱིས་བཤད་པ་ཡིན་ནམ་སྙམ། རྒྱུ་མཚན་“དུས་དེར་བོད་ལ་མཚོན་ན་ཕྱི་རོལ་གྱི་མནའ་འབྲེལ་རྒྱལ་ཁབ་ལྟོའི་མྱ་འཇང་ངོ་ལོག་བྱས་པ་དང་བྱང་དུ་གར་ལོག་དང་གྲུ་གུར་འགྲན་བཙལ་ནས་དམག་འཁྲུག་བརྒྱབ་”ཞེས་
《 བོད་ཀྱི་ལོ་རྒྱུས་གཏམ་གླེང་།》དུ་གསལ་བས། དེ་ཡང་བདེན་ནམ་སྙམ་པའི་བློ་ཤིག་སྐྱེས་པས་ད་དུང་བརྟག་པའི་གནས་སུ་འཇོག་པར་བྱའོ། །
མདོར་ན། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་དང་དཔལ་འབྱོར་སོགས་གོང་འཕེལ་དུ་ཕྱིན་ཡོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེས་རྒྱལ་སྲིད་ཀྱི་སྒྲིག་ཁྲིམས་དང་སྤྱི་ཚོགས་སྒྲིག་གཞིར་ངོས་གཉིས་རང་བཞིན་གྱི་ཤུགས་རྐྱེན་ཞིག་ཀྱང་ཐེབས་ཡོད་སྙམ། །