དང་པོ། འཁྲུངས་འདས་ཀྱི་དུས་ཚོད་ལ་གསལ་ཁ་བཏོད་པ།
བདུད་འཇོམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པའི་《 ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས།》 ནང་མེ་ལུག་སྟེ་སྤྱི་ལོ་827ལོར་སད་མི་མི་བདུན་རབ་ཏུ་བྱུང་བར་གསུངས་པ་དང་།བྱམས་པ་འཕྲིན་ལས་ཀྱིས་མཛད་པའི་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་ཀྱི་རྣམ་ཐར་ཕྱོགས་བསྒྲིགས།》 ནང་བེེ་རོའི་འཁྲུངས་ལོ་ནི་མེ་ཡོས་ཏེ་སྤྱི་ལོ་727ལོ་ཡིན་པར་གསུངས་པ་གཉིས་ལ་ལོ་བརྒྱ་ཙམ་གྱི་ཁྱད་ལྷག་འདུག་པས་ཕན་ཚུན་སྤང་འགལ་དུ་སོང་། ད་དུང་འབྲོང་བུ་ཚེ་རིང་རྡོ་རྗེ་ཡིས་《སློབ་དཔོན་བེེ་རོ་ཙ་ནའི་གནད་དོན་སྐོར་ལ་ཞིབ་འཇུག་བྱས་པའི་ཐོག་མའི་བགྲོ་གླེང་།》ནང་དུ། སྤྱི་ལོ་815ལོར་སད་མི་མི་བདུན་རབ་ཏུ་བྱུང་བར་ཚད་མའམ་རྒྱུ་མཚན་དུ་དྲངས་ཏེ། བེེ་རོ་ཙ་ན་ནི་སྤྱི་ལོ་801ཡས་མས་སུ་འཁྲུངས་པ་དང་། བེེ་རོ་ཙ་ན་ཕྱིར་བོད་དུ་ཕེབས་དུས་རྗེ་མུ་ནེ་བཙན་པོ་གཤེགས་པའི་དུས་ཡིན། ཞེས་པ་ལྟར། སྐབས་དེ་ནི་སད་ན་ལེགས་འཇིང་ཡོན་གྱིས་སྲིད་བསྐྱངས་པའི་དུས་ཡིན་པ་དང་། བཙན་པོ་ཁོ་རང་འདས་པའི་ལོ་ནི་སྤྱི་ལོ་877ལོར་ཡིན་པས། བེེ་རོ་ཙ་ན་ཡང་སྤྱི་ལོ་877ཡས་མས་སུ་གཤེགས་སོང་པར་གསུངས་པ་ནི། གཅིག་ནས་བེེ་རོ་ཙ་ན་ནི་ཁྲི་སོང་ལྡེ་བཙན་གྱི་དུས་སུ་བསམ་ཡས་ལ་ཕེབས་པའི་ལོ་རྒྱུས་དངོས་དང་འགལ་འདུག་པས་འོལ་ཚོད་ཅིག་ཏུ་སྣང་། གཉིས་ནས་སྤུ་རྒྱལ་གདུང་རབས་བཞི་བཅུ་བ་མུ་རུམ་བཙན་པོ་སྣང་མེད་དུ་བཞག་འདུག གསུམ་ནས་མུ་ནེ་བཙན་པོ་དང་། མུ་རིམ་བཙན་པོ། ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་གསུམ་ནི་ཡབ་ཡུམ་གཅིག་གི་སྤུན་མཆེད་ཡིན་པ་རྒྱ་ཡན་དུ་བཏང་འདུག གལ་ཏེ་དེ་འདྲ་ཞིག་ཡིན་ན། བོད་ཀྱི་བཙན་པོའི་རྒྱལ་རབས་ལ་བསྐྱར་དུ་ལོ་ཚིགས་ཡན་གར་བ་ཞིག་བཟོ་དགོས་པ་ལས་མ་མཆིས། འོ་ན་ལོ་ཆེན་ཁོང་གི་འཁྲུངས་འདས་དངོས་ནི་དུས་ཚོད་ནམ་ཡིན་ཟེར་ན།《 དུང་དཀར་ཚིག་མཛོད།》དུ། འཁྲུངས་ལོ་དང་འདས་ལོ་ཞིབ་པར་མ་རྙེད་ཀྱང་སྤྱི་ལོ་760ཡས་མས་སུ་བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པ་མཁས་པ་རྣམས་ཞལ་མཐུན། ཞེས་གསུངས་པ་དང་། 《 བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།》རུ་རྒྱ་གར་ལ་ཕེབས་ལོ་གཉིས་འདུག་སྟེ་དང་པོ་ནི། དེ་ནས་ཕ་མ་གཉེན་འདུན་དང་ལོངས་སྤྱོད་སྤངས་ཏེ། ལོ་བཅོ་ལྔ་ལས་མ་ལོན་པ་ཞིག་གིས་སྟག་གི་ལོ་དཔྱིད་ཟླ་ར་བའི་ལོ་གསར་གྱི་ཚེས་གསུམ་ལ། ལྷོ་ཕྱོགས་མེའི་ཐོག་ཏུ་གཟའ་ཟླ་བ་ལ་གཏད་ནས། ཨརྱ་པ་ལོའི་གླིང་དུ་སྤྱུགས་སོ། །ཞེས་དང་། གཉིས་པ་ནི་གསོན་དང་བོད་ཀྱི་རྒྱལ་བློན་རྗེས་འཇུག་ཚོ། །བེེ་རོ་ང་ཡིས་གཏམ་གཅིག་བཤད། །ལོ་བརྒྱད་ལོན་ནས་བཅུ་གསུམ་བར། །སྐད་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ་བསླབས། བཅུ་བཞི་ལོན་ནས་རྒྱ་གར་ཡུལ་དུ་བྱོན། །ཞེས་པ་འདི་ཡིན། གང་ལྟར་རྒྱ་གར་ལ་ཕེབས་པ་སྟག་གི་ལོ་ནས་ཡར་ལོ་བཅོ་ལྔ་དེད་ན་འཁྲུངས་ལོ་བྱི་བ་ལ་ཐུག་ཡོད་པ་དང་། བཅུ་བཞི་དེད་ན་གླང་ལོ་ལ་ཐུག་ཡོད་པས། 《 སྤྲུལ་བའི་ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ།》ལས་ཀྱང་། གླང་ལོ་དབྱར་ཟླ་ར་བའི་ཚེས་བཅུའི་དུས༔ ཕུར་བུ་དར་བ་རྒྱུ་སྐར་རྒྱལ་གྱི་ཉིན༔ཉི་ཤར་འབྲུག་གི་དུས་ཚོད་ཤར་བའི་ཚེ༔གནམ་ལ་འཇའ་སྤྲིན་མེ་ཏོག་ཆར་བ་ཕབས༔ས་གཞི་གཡོ་ཞིང་བར་སྣང་འབྲུག་ཀྱང་ལྡིར༔ཞེས་པ་ལྟར་གླང་གི་ལོ་ལ་འཁྲུངས་པ་རྟགས་མཚན་དང་བཅས་པའི་སྒོ་ནས་ཤེས་ཐུབ། ཡིན་ནའང་760ལོ་ནས་གོང་དུ་དེད་པའི་གླང་ལོ་ནི་ས་གླང་སྟེ་749ལོ་ཡིན་པ་དང་། གལ་ཏེ་འདི་བེེ་རོའི་འཁྲུངས་ལོ་ཡིན་པར་བཞེད་ཚེ། ཁོང་ལས་རྒན་པའི་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་742ལོར་འཁྲུངས་པ་ཡིན་པས། ཁོང་གཉིས་ཀྱི་བར་དུ་དགུང་གྲངས་བདུན་ཙམ་ལས་མེད་པ་མ་ཟད། སྐབས་དེར་རྒྱལ་བོས་ད་དུང་རྒྱལ་སྲིད་ཀྱང་འགན་དུ་བཞེས་མེད་པས་དེ་ནི་ཡིད་ཆེས་བྱེད་དཀའ་བའི་གནས་སུ་ལུས། མར་དེད་པའི་གླང་ལོ་ནི་ལྕགས་གླང་ལོ་སྟེ་761ལོར་ཡིན་ཞིང་། ལོ་དེར་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉི་ཤུ་ལ་སོན་ཡོད་པ་དང་ཁོང་གིས་རྒྱལ་སྲིད་ཀྱང་འགན་དུ་བཞེས་ནས་ལོ་ངོ་དྲུག་ལྷག་ཕྱིན་ཡོད་པས། 《 བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་》རུ། རྒྱལ་བློན་རྟ་པ་བདུན་ཙམ་གྱིས་བསྐོར་མགྱོགས་པ་རླུང་བཞིན་སྙེ་མོའི་ཡུལ་དུ་བཞུད། ཅེས་པ་སྟེ་རྒྱལ་པོ་སྐུ་དངོས་སུ་ཕེབས་པ་ཡང་དོན་དང་མཐུན་ནོ། །
ཁོང་གི་འདས་ལོ་ནམ་ཡིན་སྐོར་ལ་《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།》ལས། བོད་ཀྱི་རྒྱལ་པོའི་ཁྲི་ཐོག་ལྔ་རུ་ཡང་། །བེེ་རོ་ང་ཡིས་འགྲོ་དོན་རྒྱ་ཆེར་བྱས། །ད་ནི་ལོ་ཡང་སུམ་བརྒྱ་ཁ་ལ་གཏད། ། འདི་ནས་ལི་ཡུལ་ལྕང་ར་སྨུག་པོར་འགྲོ །དེ་རུ་མི་ལོ་ཉི་ཤུ་འགྲོ་དོན་བྱེད། ། དེ་ནས་ཆོས་དབྱིངས་བཀོད་དུ་ཡུན་གྱིས་བདེ་བར་གནས། ཞེས་པ་ཙམ་ལས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་། ཕྱིས་ཀྱི་དཔྱད་རྩོམ་གཞན་གང་དུའང་བེེ་རོ་ཡི་འདས་ལོ་ནི་འདི་ཞེས་མཛུབ་མོ་འཛུགས་ཆོག་པའི་ལོ་ཟླ་ཚེས་གྲངས་གསལ་པོ་ཞིག་ད་སྔ་ཡན་ཆད་དུ་མ་མཐོང་། དེས་ན་འདིའི་དགུང་གྲངས་སུམ་བརྒྱ་ཟེར་བ་ནི་རྭ་ལོ་ཙཱ་བ་རྡེ་རྗེ་གྲགས་པ་དགུང་ལོ་བརྒྱ་དང་བརྒྱད་ཅུ་བཞུགས་ཟེར་བ་ལྟར་ཆེ་བ་བརྗོད་པའམ་འུད་བསྟོད་བྱས་པ་བློ་ཡིས་དཔག་ཐུབ། ཡིན་ཡང་བོད་ཀྱི་རྒྱལ་བོ་ཁྲི་ཐོག་ལྔ་རུ་ཡང་། ཞེས་དོན་གྱི་རྩ་བའི་གནད་འདི་ན་ཡོད་དེ། བེེ་རོ་ཙ་ན་ནི་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་བཟུང་རྒྱལ་པོའི་མཆོད་གནས་སུ་བཞུགས་པ་དང་། དེ་ནས་ཁྲི་ཐོག་ལྔ་ནི་ཁྲི་སྲོང་ལྡེ་བཙན་དང་། མུ་ནེ་བཙན་པོ། མུ་རུམ་བཙན་པོ། ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན། ཁྲི་གཙུག་ལྡེ་བཙན་ཁྲི་རལ་བ་ཅན་བཅས་བཙན་པོ་ལྔ་ཡི་རིང་ལ་ཁོས་མཛད་པ་འཕྲིན་ལས་རྒྱ་ཆེར་སྤེལ་ཞེས་པའི་དོན་ཡིན། འདིར་བཀོད་པའི་མུ་རིམ་བཙན་པོ་ལ་མང་པོ་ཞིག་དོགས་པ་ཟ་སྲིད་དེ། རྒྱུ་མཚན་ནི་སྔོན་གྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་བཙན་པོ་འདི་བག་ལ་ཞ་འདུག ཡིན་ནའང་མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》དུ། སྤུ་རྒྱལ་གདུང་རབས་བཞི་བཅུ་པ་ལ་མུ་རུམ་བཙན་པོ་ཞེས་པ་ཞིག་བྱུང་། ཁོང་ནི་ཡབ་ཁྲི་སྲོང་ལྡེའུ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་775པ་ཤིང་ཡོས་ལ་འཁྲུངས། བཙུན་མོ་ལྷ་རྩེ་མ་བྱ་བ་ཁབ་ཏུ་བཞེས། སྤྱི་ལོ་798པ་ས་སྟག་ལ་བཙན་པོའི་ཁྲིར་བཀོད་ནས་རྒྱལ་སྲིད་ལོ་དྲུག་ལ་བསྐྱངས། སྤྱི་ལོ་804པ་ཤིང་སྤྲེལ་ལ་སྐུ་གཤེགས་པར་བཤད།
གཉིས་པ། ལོ་ཆེན་བེེ་རོ་ཙ་ནའི་མཛད་རྗེས།
བོད་ཀྱི་སངས་རྒྱས་ཆོས་ལུགས་ནི་ལོ་རྒྱུས་ཀྱི་དུས་རབས་མི་འདྲ་བའི་ནང་དུ་དར་བའི་གསང་སྔགས་ཀྱི་གཞུང་ངམ་ཕྱག་རྒྱུན་གཉིས་ཀྱི་ལམ་ནས་ཤེས་རྟོགས་བྱེད་པ་ཡིན། གསང་བའི་རང་བཞིན་ཆེས་ཆེར་ལྡན་པའི་སངས་རྒྱས་ཆོས་ལུགས་ཀྱི་སྔགས་ཕྱོགས་ཀྱི་དཔེ་ཆ་ནི་དུས་རབས་བརྒྱད་པའི་སྐབས་ཏེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཐོག་མར་དར་ཡོད། ལོ་ཆེན་བེེ་རོ་ཙ་ན་ནི་དུས་རབས་བརྒྱད་པའི་སྐབས་སུ་གསང་སྔགས་ཀྱི་གཞུང་ལ་ཉམས་ལེན་མཛད་མཁན་གྱི་བཙུན་པ་ཐོག་མ་ཡིན་ཞིང་། ཁོང་གིས་བསྒྱུར་བའི་གསང་སྔགས་ཀྱི་གཞུང་ལུགས་དག་《རྙིང་མ་རྒྱུད་འབུམ།》ནང་དུ་བསྡུས་ཡོད། དེའི་རྗེས་སུ་བོད་ལ་ཀློང་ཆེན་རབ་འབྱམས་པ་དང་ལོ་ཆེན་རིན་ཆེན་བཟང་པོ་སོགས་ལོ་ཙཱ་བ་མང་པོ་ཞིག་བྱོན་ཞིང་། ཁོང་རྣམ་པ་དག་གིས་མུ་མཐུད་ནས་གསང་སྔགས་ཀྱི་གཞུང་ལུགས་ཇི་སྙེད་ཅིག་དུས་རབས་དགུ་བའི་བར་དུ་བསྒྱུར་གནང་མཛད་ཡོད་པ་ད་ལྟ་མིག་གིས་མཐོང་ལ་ལག་པས་ཟིན་ཡོད།
1.བོད་ཡུལ་དབུས་ཕྱོགས་སུ་དམ་ཆོས་རིག་གནས་བསྒྱུར་སྤེལ་མཛད་པ།
བེེ་རོ་ཙ་ན་ནི་བོན་པོའི་ཁྱིམ་ནས་སྐྱེས་པ་དང་སྐུ་ན་ཆུང་ནས་བཟུང་བོན་ཆོས་ལ་སློབ་སྦྱོང་བྱས་ཡོད་པར་སྣང་སྟེ། 《 སྤྲུལ་བའི་ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ།》ལས། དེ་ནས་ལོ་གསུམ་ལོན་པ་ཡོས་ཀྱི་ལོར༔ དྲང་སྲོང་ལེགས་པའི་བློ་གྲོས་མདུན་དུ་གཏུགས༔ རང་རྒྱལ་བདེན་པ་མཐོང་བའི་ཆོས་རྣམས་གསུངས༔ ཕྱོགས་ཙམ་བཤད་པས་དོན་རྣམས་ཁོང་དུ་ཆུད༔ཅེས་དང་། 《 མ་མོ་རྦོད་གཏོང་སྣང་སྲིད་ཟིལ་གནོན་གྱི་རྒྱུད་ལས་བརྒྱུད་རིམ་བླ་མའི་རྣམ་ཐར་གསལ་བྱེད་སྒྲོན་མེ།》ལས། དེ་ནས་ཡར་སྐྱེས་གཙང་གཤེན་མཁས་པའི་དྲུང་། །སྒྲ་དང་སྙན་ངག་གང་ཡང་མཐར་སོན་བསླབ། །མཐུ་དང་གྲུབ་རྟགས་ཡབ་དང་ཡུམ་ལ་གསན། །གཞན་ཡང་ཁོད་སྤུངས་ཆེན་པོ་ལ་སོགས་ཏེ། །རིག་འཛིན་གྲུབ་བརྙེས་མང་པོའི་ཐུགས་བཅུད་མྱོང་། །དགུང་ལོ་བརྒྱད་ནས་མཁས་པའི་སྙན་པ་གྲགས། ཞེས་གསུངས་འདུག
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནི་བོད་ཀྱི་སྲིད་འབྱོར་རིག་གསུམ་ཡང་རྩེར་སོན་པའི་དུས་ཤིག་ཡིན་པས། ཁོ་ལ་འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཞེས་མཚན་སྙན་ཕྱོགས་བཅུར་རྒྱས་ཡོད། འདི་ལ་ཨ་ཁུ་དགེ་ཆོས་ཀྱིས། སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། ། རྟ་མཆོག་ཁྲོས་པའི་བཀའ་ཡིས་རྒྱས་བཏབ་པའི། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། །སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས། ། ཞེས་བསྔགས་བརྗོད་མཛད་པ་ནི་དོན་ལ་གནས། འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་། དེའི་གཞན་དྲིང་མི་འཇོག་པའི་སྟོབས་ཤུགས་དང་འཕེལ་རྒྱས་ཀྱི་རྩ་བ་ནི་རིག་གནས་ནང་འདྲེན་དང་ཤེས་ཡོན་པའི་སྡེ་འཛུགས་བསྐྲུན་བྱས་པ་ལ་ཐུག་ཡོད་པ་སྨོས་མ་དགོས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནི་ཏག་ཏག་བོད་ལ་ཚུར་ལེན་རིང་ལུགས་ཆེས་ཆེར་དར་བའི་ཚབ་མཚོན་རང་བཞིན་གྱི་བཙན་པོའི་དུས་རིམ་ཞིག་ཡིན་ཏེ། རྒྱལ་པོ་འདིས་བོད་ཀྱི་རིག་གནས་འཛུགས་སྐྲུན་དང་ཁྱད་པར་དུ་དམ་ཆོས་སྤེལ་བ་ལ་ཐུགས་ཁུར་ཟབ་བཞེས་གནང་ཡོད་པ་《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།》ལས། དེ་དུས་བོད་ཕྲུག་ཕོ་ལུས་ཐོབ་ཚད་དབང་དུ་བསྡུས། དབང་པོ་དྭངས་པ་འབུམ་ཚོ་ཙམ་ཞིག་བྱུང་། དེའི་ནང་ནས་ཤེས་རབ་ལྡན་པ་སྟོང་ཙམ་ལ། སློབ་དཔོན་གཉིས་ཀྱིས་རྒྱ་གར་ཕལ་སྐད་ཆོས་སྐད་བསླབས། ཞེས་བཙན་པོ་སྐུ་དངོས་སུ་ས་ཆ་སོ་སོར་ཕྱིན་ནས་བསྡུས་འོང་བའི་རྣམ་དཔྱོད་དང་ཤེས་རབ་ཅན་གྱི་བོད་ཕྲུག་བེེ་རོ་ཙ་ན་སོགས་བསམ་ཡས་སུ་གདན་དྲངས། དགུང་ལོ་བརྒྱད་ནས་བཅོ་ལྔའི་བར་དུ་སློབ་དཔོན་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་གཉིས་ལས་ལེགས་སྦྱར་གྱི་སྐད་ལ་མཁས་པར་སྦྱངས་པ་དང་། ཕྱིས་སུ་སློབ་དཔོན་པདྨས་ཆོས་གསུངས་པ་བེེ་རོས་ལེགས་པར་བསྒྱུར་ཏེ་སྐབས་དེའི་བསམ་ཡས་སྒྲ་བསྒྱུར་གླིང་གི་ལོ་ཙཱའི་ལས་དོན་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
2.བོད་ཡུལ་མདོ་ཁམས་ཕྱོགས་སུ་དམ་ཆོས་རིག་གནས་བསྒྱུར་སྤེལ་མཛད་པ།
སྤྱི་ལོ་798ལོར་བེེ་རོ་ཙ་ན་རྒྱལ་རོང་ནས་སླར་ཕེབས་ཏེ་དབུས་ལ་ཐོན་པ་དང་། རྗེས་སུ་ཡང་བསྐྱར་རྒྱལ་མོ་ཚ་བ་རོང་ལ་ཐེངས་གཅིག་ཕེབས་པ་ཀུན་གྱིས་ཁས་ལེན། དེ་བས་《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།》ལས་གསུངས་པའི་བོད་ཀྱི་རྒྱལ་པོ་ཁྲི་ཐོག་ལྔ་རུ་ཡང་། །བེེ་རོ་ང་ཡིས་འགྲོ་དོན་རྒྱ་ཆེར་བྱས། །ད་ནི་ལོ་ཡང་སུམ་བརྒྱ་ཁ་ལ་གཏད། །འདི་ནས་ལི་ཡུལ་ལྕང་ར་སྨུག་པོར་འགྲོ །དེ་རུ་མི་ལོ་ཉི་ཤུ་འགྲོ་དོན་བྱེད། །དེ་ནས་ཆོས་དབྱིངས་བཀོད་དུ་ཡུན་གྱིས་བདེ་བར་གནས། ཞེས་པ་འདིའི་ལི་ཡུལ་ལྕང་ར་སྨུག་པོ་ནི་མ་དག་པའི་ནོར་འཛོལ་ཞིག་སྟེ། དོན་གྱིས་རྒྱལ་མོ་ཚ་བ་རོང་ཡིན་པའམ། ཡང་ན་ལི་ཡུལ་ལྕང་ར་སྨུག་པོ་ནས་དུས་ཡུན་ཐུང་ངུ་ཙམ་ལ་བཞུགས་རྗེས་ཕྱིར་རྒྱལ་རོང་གི་ཕྱོགས་སུ་ཕེབས་པར་སྙམ། གང་ལྟར་ལི་ཡུལ་ལྕང་ར་སྨུག་པོ་ནས་མི་ལོ་ཉི་ཤུ་ལ་བཞུགས་མེད་པ་ཁོ་ཐག་རེད། རྒྱུ་མཚན་ནི་གཅིག་ནས་འདི་ནི་བེེ་རོ་ཙ་ནའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་ཁོང་གི་སྐུ་ཚེའི་མཛད་པ་དང་མཐུན། གཉིས་ནས་རྣམ་ཐར་དེ་ཉིད་ལ་མ་དཔེ་པོད་དྲུག་ཙམ་བྱུང་བས་སྔ་ཕྱི་ནང་འགལ་གྱི་སྐྱོན་མང་པོ་མཆིས་པས་འདི་ཡང་མི་སྲིད་པ་མེད། གསུམ་ནས་བེེ་རོ་ཙ་ན་རྒྱ་གར་ནས་ཕྱིར་ལོག་རྗེས་ཀྱི་མཛད་པ་འཕྲིན་ལས་ནི་གཙོ་བོ་བོད་ཡུལ་མདོ་ཁམས་ཕྱོགས་སུ་བསྐྱངས་ཡོད།《རྣམ་ཐར་པདྨའི་དགའ་ཚལ།》 ལས། རབ་བྱུང་བཞུགས་ཁང་ནོར་བུའི་གླིང་ཞེས་གསོལ༔ སྔགས་པའི་སྒྲུབ་ཁང་གཤེན་རྗེ་སྒྲུབ་པ་ཡི༔ཁྲོ་ཆུ་བདུད་འདུལ་བདེ་ཆེན་གླིང་ཞེས་བཏགས༔ ཞེས་གཅིག་ནི་རྒྱལ་པོ་མདོ་གཞེར་ནག་པོའི་རྒྱལ་ས་རྫི་འགག་གི་ཉེ་འདབས་སུ་ཆུ་ཕུག་ནོར་བུ་གླིང་ཞེས་པའི་མདོ་ལུགས་ཀྱི་དགོན་པ་ཞིག་བཞེངས་པ་གཡུ་སྒྲ་སྙིང་བོ་གཙོས་པའི་རབ་བྱུང་ངུར་སྨུག་ཅན་300ལྷག་གིས་བསྐྱངས་པ་དང་། གཅིག་ནི་ཁྲོ་ཆུ་མཐིལ་དུ་མདོ་མཁར་བདེ་ཆེན་གླིང་ཞེས་པའི་སྔགས་ལུགས་ཀྱི་དགོན་པ་ཞིག་བཏབ་པ་བདུད་འདུལ་རྡོ་རྗེས་གཙོས་པའི་གོས་དཀར་ལྕང་ལོ་ཅན་གྱི་སྔགས་པ་725བྱུང་། དེ་གཉིས་དང་རྒྱལ་ཁ་ཐོག་ཕུན་ཚོགས་བཀྲ་ཤིས་གླིང་བཅས་གསུམ་ནི་རྒྱལ་རོང་ཡུལ་དུ་བསྟན་པ་དར་བར་བྱེད་པའི་གླིང་གསུམ་མམ་དགོན་ཆེན་གསུམ་དུ་གྲགས། དེའི་རྗེས་སུ་ཤེར་དྲུག་དགོན་དང་། སྐུ་འདུག་དགོན། བན་དྷེ་དགོན་སོགས་རྒྱལ་རོང་གི་ཡུལ་འདིར་ཕྱག་བཏབ་སྟེ། སྤམ་སངས་རྒྱས་མགོན་པོ་དང་རྒྱ་བློ་གྲོས་གཞོན་ནུ། སྦས་རྡོ་རྗེ་རྒྱལ་མཚན་སོགས་གྲགས་ཆེ་བའི་བུ་སློབ་མང་དུ་བྱུང་།
བེེ་རོ་ཙ་ནས་རྒྱལ་རོང་ནས་མཛད་པ་འཕྲིན་ལས་བསྐྱངས་སའི་ཡུལ་གཙོ་བོ་ཞིག་ནི། བན་བོན་ཐུན་མོང་གི་གནས་རི་སྟེ། བོན་གྱི་གནས་ཆེན་བཞིའི་ཡ་གྱལ་དམུ་རྡོ་གཡུང་དྲུང་སྤུངས་རྩེའམ་ཡོངས་གྲགས་སུ་རྒྱལ་མོ་དམུ་རྡོ་ཞེས་པ་དེ་ཡིན། ཡུལ་དེ་ནི་བེེ་རོས་ཟབ་ཆོས་སྒྲུབ་པ་ཉམས་སུ་ལེན་པའི་ཡུལ་ཡིན་ལ་གཡུ་སྒྲ་སྙིང་པོ་གྲུབ་པ་ཐོབ་པའི་གནས་ཀྱང་ཡིན་པས། གནའ་ནས་ད་བར་དུ་རྒྱལ་རོང་ཡུལ་གྱི་ཆོས་དང་རིག་གནས་ཀྱི་ལྟེ་བར་གྱུར་ཡོད། དེ་རུ་ད་དུང་བེེ་རོའི་སྒྲུབ་ཕུག་དང་གཡུ་སྒྲ་ཕུག སྟེང་རུ་བྲག་ཕུག སེང་སྡེང་ཕུག ནོར་བུའི་ཕུག བེེ་རོའི་འོད་གསལ་ཕུག་སོགས་སྒྲུབ་ཕུག་བརྒྱ་རྩ་བརྒྱད་དང་ཆུ་མིག་བརྒྱ་རྩ་བརྒྱད། གཉན་ཆེན་སྡེ་བཞི། རི་བོ་དྲུག་བཅུ་རྩ་གཉིས་ཀྱིས་བསྐོར་ཡོད་པ་སོགས་ཕྱི་ཡུལ་གྱི་བཀོད་པ་ཤིན་ཏུ་མཛེས། ལོ་ཆེན་གྱིས་རྒྱལ་མོ་ཚ་བ་རོང་དུ་དམ་ཆོས་དང་རིག་གནས་རྒྱ་ཆེར་སྤེལ་བའི་ཆེད་དུ། མདོ་སྔགས་ཀྱི་བསྟན་པ་འཛིན་པའི་བུ་སློབ་མང་པོ་ཞིག་གསོ་སྐྱོང་མཛད།
ལོ་ཆེན་ཉིད་ད་དུང་མདོ་ཁམས་ཀྱི་ཡུལ་གྲུ་གཞན་དུའང་བྱོན་ཡོད་དེ། 《 རྣམ་ཐར་པདྨའི་དགའ་ཚལ།》ལས། བེེ་རོ་ཙ་ནའི་དགོངས་པ་ལ༔ ད་ནི་འགྲོ་དོན་གོང་ནས་གོང་འཕེལ་འགྲུབ༔ མཆོག་གི་རིག་འཛིན་ཞིག་སྒྲུབ་དགོས་འདུག་སྙམ༔ ཚ་རོང་དུང་རི་ཞེས་བྱའི་གནས་སུ་བྱོན༔ ཟླ་གསུམ་བཞུགས་པས་དངོས་གྲུབ་མངོན་དུ་གྱུར༔ ཞེས་ཤར་དུང་རིའི་རྒྱུད་ཀྱི་ས་ཆ་ཁག་དང་། དཀར་མཛེས། ཉག་རོང་། ཁམས་སྡེ་དགེ་སོགས་ཡུལ་གྲུ་མང་པོར་ཞབས་ཀྱིས་བཅགས་ཏེ་དམ་ཆོས་རིག་གནས་རྒྱ་ཆེན་སྤེལ་བར་མཛད་དོ། །