སྨན་རྣམས་ཕལ་ཆེར་ཞག་གཅིག་ལས་བྱེད་འགྱུར་བའི་ཚུལ་ལ་དཔྱད་པ།

བསོད་ནམས་ཆོས་མཚོ རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


        སྨན་གྱི་ནུས་པས་ལུས་ཐོག་ཏུ་ལས་བྱེད་པའམ་ནུས་པ་ཐོན་པའི་དུས་ཡུན་ནི་ཞག་གཅིག་གི་རིང་ཡིན་པ་དང་དེ་ནི་དེང་རབས་གསོ་རིག་ལས་བཤད་པའི་ཚན་རིག་གི་ལྟ་བ་དང་མཐུན་པ་ཡིན་ཚུལ་དང་སྨན་གྱི་ནུས་པ་མྱུར་དུ་ལུས་ལ་ཐོན་པའི་ཐབས་ཤེས་བཅས་ལ་ཅུང་ཟད་དཔྱད་པ་བྱས་ཡོད།
        ལུས་ཁམས་ཀྱི་དྭངས་མ་ཁུ་བར་འགྱུར་ཚུལ་ལམ་གནོད་བྱ་ཁམས་ཀྱི་འགྱུར་ཚུལ་ནི་ཐོག་མར་མིའི་ལུས་ཁམས་འདི་ཉིད་ཐ་མལ་ནད་མེད་དུ་གནས་པར་བྱེད་པའི་ཟུངས་ཀྱི་རྒྱུན་ཞིག་ཡིན་ལ། དེ་ཡང་གཙོ་ཆེར་ཟས་སྐོམ་གཉིས་ལ་རག་ལུས་པ་ཡིན་ཏེ། ལུས་ཀྱི་ཟུངས་ནི་ཟས་ཀྱི་རྒྱུན། །འཁོར་ལོ་ལྟ་བུ་ཡོངས་སུ་འཁོར། །ཅེས་གསུངས་ཞིང་ཟས་སྐོམ་སྨན་དང་བཅས་པ་རྣམས་ཁ་ནང་དུ་སླེབས་མ་ཐག་སོ་ཡིས་བལྡད་པ་དང་ལྕེ་ཡིས་མྱོང་བའི་བརྒྱུད་རིམ་ནང་ཁ་ནང་གི་ཟགས་ཐོན་གཤེར་ཁུ་རྣམས་དང་ལྷན་གཅིག་འདྲེས། ཟགས་ཐོན་གཤེར་ཁུ་དང་ལྷན་གཅིག་གནས་པའི་མེ་དྲོད་ཀྱིས་ཟས་སྨན་རྣམས་རློན་ཞིང་མཉེན་པ་དང་འཇུ་བདེ་བར་བྱེད་ཀྱི་ཡོད། ཁ་ནང་གི་ཟགས་ཐོན་གཤེར་ཁུ་དེ་དག་ཟས་སྐོམ་ནང་འདྲེས་པའི་ནད་དུག་དང་འབུ་ཕྲ་སྔོན་འགོག་བྱེད་པའི་ནུས་པ་ལྡན་ཞིང་དེ་ལྟར་ཟས་སྐོམ་སྨན་རྣམས་སྤྱིར་ཁ་ནང་སྡོད་ཡུན་སྐར་ཆ་15-20ཙམ་ཡིན་ཞིང་རིམ་བཞིན་སྲོག་འཛིན་རླུང་གི་བྱེད་ལས་ལ་བརྟེན་ཏེ་མིད་པ་བརྒྱུད་ཕོ་བའི་གནས་སུ་སླེབས། ཕོ་བར་སླེབས་མ་ཐག་ཕོ་བའི་མེ་དྲོད་རྣམ་གསུམ་གྱི་བྱེད་ལས་ལ་བརྟེན་ཏེ་བད་ཀན་མྱག་བྱེད་ཀྱིས་ཐོག་མར་འདྲུས་ཞིང་མྱག་པར་བྱེད་པའི་ལས་བྱེད་པ་དང་མཁྲིས་པ་འཇུ་བྱེད་ཀྱིས་འཇུ་བར་བྱེད། ཐ་མར་རླུང་མེ་མཉམ་གྱིས་དྭངས་སྙིགས་ཕྱེ་ནས་གནོད་བྱ་སྨིན་པར་བྱེད་པའི་ཐོག་མ་ཉིད་ནི་ཟས་སྐོམ་རྣམས་ཀྱི་དྭངས་མ་ཉིད་དུ་འགྱུར། ཅིའི་ཕྱིར་དྭངས་མ་རྣམས་ཁུ་བར་འགྱུར་དུས་ཞག་དྲུག་དགོས་ཅེ་ན། ཟས་གང་ཟོས་པ་དག་ཁ་བུག་ནས་སོ་འདེབས་པ་དང་དེ་ནས་གཤེར་ཁུ་དང་འདྲེས་ནས་མིད་པ་བརྒྱུད་ནས་ཕོ་བའི་གནས་སུ་བསྐོལ་བས་གཤེར་ཁུ་དང་འདྲེས་ནས་རྒྱུ་མར་འགྲོ་བ་དང་། དེའི་དུས་སུ་མཆིན་པའི་ནང་མཁྲིས་ཁུ་དང་གཤེར་མ་རྨེན་བུ་ནས་གཤེར་ཁུ་འགྱུར་ནས་རྒྱུ་མར་འབྱུང་བས་འདྲེས་ནས་དྭངས་མ་དག་དྭངས་མ་ལེན་པའི་རྩ་བརྒྱུད་ནས་མཆིན་པའི་གནས་སུ་ཁྲག་ཏུ་འགྱུར་བ་ཞག་གཅིག ཁྲག་ཤ་རུ་འགྱུར་བ་ཞག་གཅིག ཤ་ཚིལ་དུ་འགྱུར་བ་ཞག་གཅིག ཚིལ་རུས་སུ་འགྱུར་བ་ཞག་གཅིག རུས་རྐང་དུ་འགྱུར་བ་ཞག་གཅིག རྐང་ནས་ཁུ་བར་འགྱུར་བ་ཞག་གཅིག་རྣམས་དྭངས་སྙིགས་གཉིས་སུ་ཕྱེ་ནས་བྱུང་བར་བཤད་དེ། དཔེར་ན་ཁྲག་གི་དྭངས་མ་རྣམས་ཁྲག་ཏུ་འགྱུར་ནས་སྲོག་འཚོ་བའི་རྒྱུན་བྱེད་པ་དང་། ཁྲག་གི་དྭངས་མ་རྣམས་ཤ་རུ་འགྱུར་ནས་ལུས་གཡོགས་པ་དང་འདེད་ཅིང་འགུལ་བའི་ལས་བྱེད་པ་ཡིན་ཞིང་། ཐུན་མོང་ཐོག་གནོད་བྱའི་ཁམས་རྣམས་ལུས་ཀྱི་ཆ་ཤས་སོ་སོར་འཐིམས་པ་དང་གནས་སོ་སོར་རྒྱུ་བ། གནས་སོ་སོར་དྭངས་སྙིགས་ཕྱེ་ནས་གསར་བརྗེ་བྱེད་པ། གནས་སོ་སོར་རིམ་བཞིན་འཕོ་བར་བཅས་མ་མཐར་ཡང་བརྒྱུད་དགོས་པའི་རྐྱེན་གྱིས་སོ། །
        ཟས་སྐོམ་རྣམས་ཕོ་བའི་མེ་དྲོད་རྣམ་གསུམ་གྱི་བྱེད་ལས་དང་འཕྲད་པའི་ཚེ་བད་ཀན་མྱག་བྱེད་ཀྱི་ནུས་པས་ཟས་རྣམས་རོ་མངར་བ་དང་ལྦུ་བ་ཅན་འབའ་ཞིག་ཏུ་འགྱུར་བ་དང་མཁྲིས་པ་འཇུ་བྱེད་ཀྱི་ནུས་པས་རོ་སྐྱུར་བའི་རང་བཞིན་འབའ་ཞིག་ཏུ་འགྱུར། དེའི་སྐབས་སུ་ཆང་བཅུད་དང་ཆུ་ཕྲན་བུ་ཐད་ཀར་འཇུ་བར་བྱེད་པ་དང་རིམ་བཞིན་རླུང་མེ་མཉམ་གྱི་ནུས་པས་རོ་ཁ་བ་འབའ་ཞིག་ཏུ་འགྱུར་ནས་རྒྱུ་མའི་གནས་སུ་འཕོ་བར་བྱེད་པ་ཡིན། དེ་ལྟར་ཟས་སྐོམ་རྣམས་ཕོ་བའི་གནས་སུ་སྨན་ལྟར་བསྐོལ་ནས་དུས་ཡུན་ཧ་ལམ་ཆུ་ཚོད་4-6བར་འགོར་གྱི་ཡོད། མེ་དྲོད་རྣམ་གསུམ་ནི་རོ་དྲུག་ཟས་སྐོམ་གང་ཟོས་པ་ལས་ལུས་ཟུངས་ཀྱི་ཕྱི་མར་འགྱུར་བའི་བར་མེ་དང་མཐུན་པའི་ལས་མྱག་བཞུ་དྭངས་སྙིགས་འབྱེད་པོའི་བད་ཀན་མྱག་བྱེད་དང་མཁྲིས་པ་འཇུ་བྱེད། རླུང་མེ་མཉམ་བཅས་གསུམ་གྱི་བསྡུས་མིང་སྟེ། སྐྱེམས་པ་ཚེ་དབང་རྒྱལ་པོས་མཛད་པའི་འགྲེལ་པ་བདེ་བའི་འདོད་འཇོ་ལས། ལུས་ཀྱི་ཟས་ཁམས་རྣམས་རྫས་འདག་པ་ལྟར་བཤིག་ཅིང་ནལ་ནལ་མོར་བྱེད་པ་དེ་ལ་བད་ཀན་མྱག་བྱེད་དུ་བཏགས། ཞུ་བའི་དྲོད་དེ་ལ་མཁྲིས་པ་འཇུ་བྱེད་དུ་བཏགས། དྭངས་སྙིགས་འབྱེད་པའི་ཤུགས་དེ་ལ་རླུང་མེ་མཉམ་དུ་བཏགས། དེ་མཐུན་གྱི་ཕན་གནོད་ལས་མེ་དྲོད་འཕེལ་འགྲིབ་ཏུ་འགྱུར་བ་སྟེ། དཔེར་ན་སྨན་མར་བསྐོལ་བ་རླན་གྱིས་མྱག དྲོད་ཀྱིས་བཞུ། རླུང་གིས་དྭངས་སྙིགས་ཕྱེ་བ་ལྟར་རོ། ། འདི་གཙོ་བོ་ནི་ཕོ་ལོང་རྒྱུ་མ་རུ་གནས་ལ། ཆ་ཤས་ལུས་ཀུན་ལ་ཁྱབ་པ། ཞེས་གསུངས་པ་བཞིན་ཏེ། ཟས་སྐོམ་གྱི་དྭངས་མ་རྣམས་རྒྱུ་མའི་གནས་སུ་ཟས་སྐོམ་སོ་སོའི་ངོ་བོ་མི་འདྲ་བར་བརྟེན་ཏེ་དུས་ཡུན་ཆུ་ཚོད་3~8ཙམ་འགོར་ནས་དྭངས་མ་ལེན་པའི་རྩ་དགུས་འཐིམས་འགྲོ་ཡི་ཡོད། དེ་ལྟར་དྭངས་སྙིགས་ཕྱེ་ཟིན་ནས་དྭངས་མ་མཆིན་གནས་སུ་སོང་བ་དང་སྙིགས་མ་ལོང་དུ་འཕོ་ཡུན་ཆུ་ཚོད་10ཙམ་འགོར་ཞིང་དེའི་རིང་སྙིགས་མའི་བརླན་གཤེར་ཆ་ཤས་རྣམས་འཐིམས་ནས་རིམ་བཞིན་བཤང་བ་གར་དུ་འགྲོ་ཞིང་རྒྱུ་མཚན་དེ་དག་གི་ཕྱིར། རྒྱུད་ལས། སྨན་རྣམས་ཕལ་ཆེར་ཞག་གཅིག་ལས་བྱེད་འགྱུར། །ཅེས་གསུངས་པ་དེ་ཡང་ཆུ་ཚོད་ཉེར་བཞིའི་ཡུན་དང་མཚུངས་པར་སྣང་ངོ་། །
        འོ་ན། རོ་ཙ་བ་ལ་སོགས་པའི་སྨན་རྣམས་ནི་ངེས་པར་དུ་ཞག་གཅིག་མི་དགོས་པར་འཕྲལ་དུ་ཁུ་བར་འགྱུར་འགྲོ་ཡི་ཡོད། ཅིའི་ཕྱིར་ཞེ་ན། ཤ་ཁུ་དང་འོ་མ། ཞུན་མར། འོ་སྤྲིས། ད་བྱིད་སྦྱོར་བ་སོགས་ཐོག་མ་ཉིད་ནས་དྭངས་མ་ཤས་ཆེ་བས་འཕྲལ་དུ་ཁུ་བར་འགྱུར་འགྲོ་ཡི་ཡོད། འོན་ཀྱང་གོང་གི་ཕལ་ཆེར་ཞེས་པའི་ཚིག་ལས་སྨན་རྣམས་ཕལ་ཆེར་ཞག་གཅིག་རིང་ལུས་ལ་ནུས་པ་ཡོངས་སུ་ཐོན་མོད། དམིགས་བསལ་འགའ་ཞིག་ དཔེར་ན། བྱ་ཁྱུང་ལྔ་པ་ལྟ་བུ་ནུས་པ་རྣོ་མྱུར་བཟི་དང་ལྡན་པ་ལྟ་བུས་བཟི་ཕོག་ཚེ་དུས་ཡུན་ཆུ་ཚོད་ཕྱེད་ཙམ་ནང་དུ་སྨན་ནུས་ཐོན་ཏེ་ཛ་དྲག་རང་བཞིན་ཡོད་པ་སྟེ། བྱང་པ་རྣམ་རྒྱལ་གྲགས་བཟང་གི་བཤད་རྒྱུད་འགྲེལ་ཆེན་བདུད་རྩིའི་ཆུ་རྒྱུན་ལས། སྨན་རྣམས་ཀྱི་ནུས་པ་ཞག་གཅིག་ནས་ཕལ་ཆེར་ལས་བྱེད་པར་འགྱུར་ཞིང་སྨན་ཡང་རྣོ་བ་ཉིས་ཀྱིས་འཕྲལ་དུ་ནུས་པ་འབྱིན་པར་བྱེད་དོ། །འདིའི་སྐབས་སུ་སློབ་དཔོན་སོ་སོའི་འདོད་པ་མི་འདྲ་བ་དང་རང་ལུགས་སྟོན་པ་ནི། ལུས་གནས་ལེའུ་གསུམ་པའི་འགྲེལ་པ་ཟླ་ཟེར་ལས། ཟས་འཇུ་དྭངས་མ་སོགས་རིམ་གྱིས་ཁུ་ཆུར་འགྱུར་བ་ལ་ནི། ཉིན་ཞག་གཅིག་འདོད་གཞན་དག་ནི་ཞག་དྲུག་ཁ་ཅིག་ཟླ་གཅིག་འདོད། ཅེས་བྱ་བ་ལ་ཟས་དང་པོ་ཞུ་ནས་དྭངས་མ་ལ་སོགས་ཀྱི་དངོས་པོར་ཡོངས་སུ་གྱུར་པའི་མཚན་ཉིད་ཀྱི་ཁུ་ཆུ་ཉིད་དུ་གྱུར་པ་ནི། སྨན་པ་ལ་ལ་ཉིན་ཞག་གཅིག་གི་གྱུར་པར་འདོད་ལ། སྨན་པ་གཞན་ནི་ཞག་དྲུག་གིས་ཁུ་ཆུ་ཉིད་དུ་འགྱུར་རོ་ཞེས་ཟེར་རོ། ཡང་སྲོག་འཚོ་བའི་སློབ་དཔོན་ཁ་ཅིག ཟས་ཞུ་ནས་དྭངས་མ་ལ་སོགས་རིམ་གྱི་ཟླ་བ་གཅིག་གིས་ཁུ་ཆུར་འགྱུར་བར་འདོད། ལུས་ཀྱི་ཟུངས་ནི་ཟས་ཀྱི་རྒྱུན། །འཁོར་ལོ་ལྟ་བུར་ཡོངས་སུ་འཁོར། །ཞེས་བྱ་བ་ལ། ལུས་ཟུངས་རྣམས་ཀྱི་ཟས་ཡིན་པས་ན། ལུས་ཟུངས་ཀྱི་ཟས་དེ་ལུས་ཟུངས་རྣམས་ནི་ལུས་ཟུངས་ཀྱི་ཟས་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ན་ལུས་ཟུངས་ཀྱི་རྟེན་དུ་ལུས་ཟུངས་རྣམས་གནས་པ་ཡིན་ལ། དེ་རྣམས་ཀྱི་རྒྱུ་བའི་རྒྱུན་ནི་འཁོར་ལོའི་ཚུལ་ལྟར་རྒྱུན་མི་ཆད་པར་འཁོར་བ་ཡིན་ཞིང་ཟས་ལ་རྟེན་པར་བརྟས་པར་འགྱུར་བའི་ཕྱིར་རོ། རོ་ཙ་ལ་སོགས་མཐུ་ཡིས་ནི། འཕྲལ་དུ་ཁུ་བ་སོགས་བསྐྱེད། ཅེས་བྱ་བ་ལ། འོ་མ་དང་ཤ་ཁུ་ལ་སོགས་རོ་ཙ་བར་བྱེད་པའི་ཟས་དང་།དེ་བཞིན་དུ་སོགས་པ་ཞེས་སྨོས་པས་དུག་དང་སྦྱར་དུག་རབ་ཏུ་ཞི་བ་ལ་སོགས་པས་འཕྲལ་དུ་སྟེ། དེའི་མོད་ལ་དེའི་མཐུས་ཁ་བ་སོགས་སྐྱེད་དོ། ཕལ་ཆེར་སྨན་གཞན་ཉིན་ཞག་ནི། གཅིག་གིས་ལས་རྣམས་བྱེད་པ་ཡིན། ཞེས་བྱ་བ་ལ་ཕལ་ཆེར་ཞེས་བྱ་བ་ནང་དུ་རོ་ཙ་བ་ལ་སོགས་མ་གཏོགས་པའི་སྨན་གཞན་ཕྱེ་མ་དང་བུ་རམ་ལ་སོགས་སྨིན་པ་ལ་སོགས་པའི་བྱ་བ་བྱེད་པ་དག་ནི་ཕལ་ཆེར་ཉིན་ཞག་གཅིག་ན་རང་གི་ལས་རྣམས་བྱེད་པ་ཡིན་ནོ། ཞེས་བཤད་དོ། །ཅེས་གསུང་ལ། འགྲེལ་ཆེན་དྲི་མེད་ཀུན་གསལ་ལས། སྨན་ཞི་བྱེད་ཕལ་ཆེ་བ་ནི། ལུས་ཟུངས་བརྒྱུད་ཀྱི་དྭངས་མ་ཁུ་བའི་གནས་སུ་ཞག་གཅིག་གི་ཕྱིན་པར་ནུས་པས་ཟས་སྐོམ་གྱི་ཚོགས་ཕལ་ཆེ་བ་ལས། སྨན་དྭངས་མ་ཤས་ཆེ་བས་ཕན་གནོད་གྱི་ནུས་པ་དང་། འབྲས་བུ་ཞག་གཅིག་ནས་འབྱིན་པས། ཞག་གཅིག་ལས་བྱེད་འགྱུར་ཞེས་སྨོས་པའོ། །ཕལ་ཆེར་གྱི་སྒྲ་དྭངས་མའི་ཤས་ཆུང་བ་འགའ་ཞིག་ནི་ཞག་གཅིག་ནས་འབྲས་བུ་དང་ཡོན་ཏན་བསྐྱེད་པར་ནུས་པའང་ཡོད་ལ། བྱེད་ལས་མྱུར་བའི་སྨན་ཞི་བྱེད་འགའ་ཞིག་ནི་ཞག་ཏུ་སྒུག་མི་དགོས་པར་འབྲས་བུ་འབྱིན་པའང་ཡོད་དོ། །སྦྱོང་བྱེད་ཀྱི་སྨན་རྣམས་ནི་རོ་ཙ་བ་ལ་སོགས་པའི་སྨན་ལྟར་ཉིན་ཞག་ཕྱེད་ཆ་དང་། དེ་ལས་མྱུར་བར་ལས་བྱེད་པའང་ཡོད་པས། དེས་ན་རིག་པས་དཔྱད་དེ་ཤེས་པར་བྱའོ། །ཞེས་གསུངས། དེང་རབས་གསོ་རིག་པས་བྱས་ན་སྨན་ནུས་ལུས་ཐོག་ཏུ་ནུས་པ་མགྱོགས་ཤོས་སུ་ཐོན་པ་ནི་རིམ་བཞིན། དབུགས་ལམ།-ལྕེ་འོག-ཤ་རྒོད།-པགས་འོག-ཁོང་སྨན།-པགས་པ་བཅས་སུ་བཤད་ཅིང་། དེ་ནི་ལུས་ཀྱི་གནས་ལུགས་ལ་བརྟེན་ཏེ་གསུངས་པ་ལས་གཞན་སྨན་གྱི་ནུས་པར་བརྟེན་ཏེ་གསུངས་པའང་ཡོད། རང་གཞུང་ལྟར་ན། ནད་ཀྱི་ངོ་བོ་མི་འདྲ་བར་གཞིགས་ནས་ཐང་གི་སྦྱོར་བ། ཕྱེ་མའི་སྦྱོར་བ། རིལ་བུའི་སྦྱོར་བ། ལྡེ་གུའི་སྦྱོར་བ། སྨན་མར་གྱི་སྦྱོར། ཐལ་སྨན་ཁཎྜ་སྨན་ཆང་སོགས་ཀྱི་སྦྱོར་བ་རྣམས་གསུངས་པ་ནི་རིག་གཞུང་གཞན་གྱི་ཚབ་བྱེད་མི་ནུས་པའི་ཐུན་མོང་མ་ཡིན་པའི་བོད་ལུགས་གསོ་རིག་ཁོ་ནར་ལྡན་པའི་ཚན་རིག་གི་ལྟ་བ་ཞིག་ཀྱང་ཡིན་ཞིང་། གཞན་ཡང་སྨན་ནུས་ལུས་ཐོག་ཏུ་མྱུར་དུ་ཐོན་པར་བྱེད་པ་ལ་ཁ་བསྒྱུར་ཞེས་གཉེན་པོ་ནད་ཐོག་ཏུ་འཁྲིད་པར་བྱེད་པའི་མན་ངག་གི་སྨན་དང་ཁ་འཛིན་ཞེས་སྦྱོར་སྡེའི་སྨན་གྱི་སྟེང་དུ་དོན་སྣོད་སོགས་ཀྱི་ཉེན་སྲུང་བའི་སྨན་བཅས་གསུངས་པ་ནི་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་སྨན་བཅོས་ཀྱི་སྒྱུ་སྩལ་ཞིག་ཡིན་པ་དང་། སྨན་རྟ་ཞེས་སྨན་གྱིས་ནུས་པ་མྱུར་དུ་ལུས་ལ་འཁྲིད་པར་བྱེད་པ་སྟེ་སྨན་ནུས་རྩ་ལ་མྱུར་དུ་འཁྲིད་པར་བྱེད་པའི་རླུང་ལ་བུ་རམ་དང་མཁྲིས་པ་ལ་ཀ་ར། བད་ཀན་ཆུ་སེར་ལ་སྦྲང་རྩི་དང་། སྨན་ཁོང་དུ་འཕུལ་བར་བྱེད་ཅིང་ནད་ཀྱི་མཚན་ཉིད་འཇོམས་པར་བྱེད་པའི་རླུང་ལ་གར་ཆང་དང་མཁྲིས་པ་ལ་གངས་ཆུའམ་ཆུ་བསྐོལ་གྲང་། བད་ཀན་ལ་ཆུ་བསྐོལ་ཚན་མོ་བཅས་ཡིན་ཞིང་། དེས་ལུས་ཁམས་ལ་ཐོན་པའི་ནུས་པ་ཡང་མྱུར་དལ་དང་ཆེ་ཆུང་སོགས་མི་འདྲ་བར་འོང་ངོ་། །
        དེ་ལྟར་སྨན་རྣམས་ཕལ་ཆེར་ཞག་གཅིག་ནང་ནུས་པ་ཐོན་ཞིང་ལས་བྱེད་པའི་སྐོར་ལ་ཅུང་ཟད་དཔྱད་ཁུལ་བགྱིས་ཀྱང་། ནོངས་སྐྱོན་མང་པོ་ཡོད་པ་མཁྱེན་པའི་སྤྱན་ལྡན་རྣམས་ཀྱི་སྤྱན་སྔར་བཤག་པར་འཚལ་ལོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1