ཚེ་འབར། [ཟི་ལིང]
ང་ལ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་བརྡ་སྦྱོར་ལག་ཏུ་འབྱོར་རྗེས། སེམས་ལ་དགའ་བ་དང་སྐྱོ་བས་ཁེངས་སོང་། དགའ་བ་ནི་རང་གིས་ལོ་དུ་མར་སློབ་སྦྱོང་ལ་འབད་པ་བྱས་པར་གྲུབ་འབྲས་ཐོབ་པས་ཡིན། སྐྱོ་བ་ནི་རྒྱུགས་འཕྲོད་ཀྱང་སློབ་གྲྭར་འགྲོ་མི་ཐུབ་པ་དེ་ཡིན། ད་ལྟ་ངེད་ཚང་ལ་སློབ་གྲྭ་ཆེན་མོ་པ་གཉིས་ཡོད་དེ། ཨ་ཅེ་ནི་སློབ་ཆེན་གྱི་ལོ་རིམ་གསུམ་པའི་སློབ་མ་དང་། ཕུ་བོ་ནི་སློབ་ཆེན་གྱི་ལོ་རིམ་གཉིས་པའི་སློབ་མ་ཡིན། ལོ་འདི་འགར་སློབ་གྲྭ་ཆེན་མོའི་སློབ་ཡོན་ཇེ་མཐོ་ནས་ཇེ་མཐོ་ཡིན་པར་མ་ཟད། ད་དུང་ཟས་རིན་ཡང་རང་གིས་སྤྲོད་དགོས་པས། ཕུ་བོ་དང་ཨ་ཅེ་གཉིས་ཀྱི་སློབ་ཡོན་སྤྲོད་པའི་ཆེད་དུ་ཕྱུགས་ཟོག་འགའ་ཡོད་པའང་བཙོངས་ནས་ཚར་ལ་ཁད་ཡོད། སློབ་གྲྭ་ཆེན་མོ་པ་གསུམ་སྐྱོང་བ་ནི་ཞིང་པ་དབུལ་པོ་ངེད་ཚང་ལྟ་བུས་འཁོས་ཀྱིས་ལྕོགས་པ་ཞིག་གཏན་ནས་མིན་པས། ངས་རྒྱུགས་འཕྲོད་ཀྱང་སློབ་གྲྭར་འགྲོ་རྩིས་བྱས་མེད།
ཕྱི་དྲོར་ཁྱིམ་དུ་སླེབས་པ་ན། ཨ་མ་ཁྱིམ་དུ་མི་འདུག སྟོན་སྡུད་པའི་སྒང་ཡིན་པས། ང་གཡུལ་ཁར་སོང་ཚེ། ཨ་མས་གཡུལ་ཁ་ན་འབྲུ་རིགས་ཉ་ར་བྱེད་ཀྱིན་ཡོད། ཨ་མས་ང་མཐོང་ནས་རྒྱུགས་འཕྲོད་ཡོད་མེད་དྲིས་བྱུང་། ངས་ཨ་མར་ལྟ་དུས། མོའི་གདོང་གི་རྒས་གཉེར་ཇེ་མང་དང་སྐྲ་དཀར་པོ་ཇེ་མང་དུ་སོང་ཡོད་པའི་སྣང་བ་སྟེར་བས། རང་གིས་རྒྱུགས་འཕྲོད་ཡོད་པ་བཤད་མ་ཕོད། ཨ་མས་ཡང་བསྐྱར་དྲིས་ཀྱང་།ངས་ལན་མ་བཏབ་པར་ཁ་རོག་གེར་བསྡད་པ་ན། མོས་ངས་རྒྱུགས་འཕྲོད་མི་འདུག་སྙམ་སྟེ། ད་ལོར་རྒྱུགས་མ་འཕྲོད་ཀྱང་། སང་ལོར་མུ་མཐུད་དུ་རྒྱུགས་སྤྲད་ཆོག་ཅེས་ང་ལ་སེམས་གསོ་བྱས་བྱུང་། ལོ་གསུམ་གྱི་སྔོན་ལ་ཨ་ཕ་འདས་པས། ཁྱིམ་ཚང་གི་ཁག་ཁུར་ཡོད་ཚད་ཨ་མ་གཅིག་པུའི་ཕྲག་ཏུ་ལྷུང་ཡོད། ཨ་མ་ནངས་སྔ་ལངས་དང་དགོང་འཕྱི་ཉལ། སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་ལས་ཀ་བྱས་ཀྱང་། ཁྱིམ་ཚང་གི་ཁ་རྒྱབ་ཁེབས་དཀའ་བའི་གནས་སུ་གྱུར་འདུག
དགོང་མོར་ནུབ་འཚལ་འཐུང་དུས། ཨ་མས་ཡང་བསྐྱར་ངས་དོན་ངོ་མར་རྒྱུགས་འཕྲོད་ཡོད་མེད་ནན་གྱིས་དྲིས་པས། ངས་དྲང་མོར་བཤད་པ་ཡིན། ཨ་མས་ངས་རྒྱུགས་འཕྲོད་པ་ཤེས་རྗེས། གདོང་ལ་དགའ་བའི་འཛུམ་ཞིག་ཤར་ཏེ། ཁྱོད་ཀྱིས་རྒྱུགས་འཕྲོད་སོང་ན། སློབ་གྲྭར་ངེས་པར་འགྲོ་དགོས། གནས་སྐབས་སུ་ངེད་ཚང་ལ་དཀའ་ཁག་ཆེ་ནའང་། དེར་ཁྱོད་མིང་སྲིང་ཚོས་སེམས་ཁྲལ་བྱེད་མི་དགོས་ཟེར།
ང་ཚོ་མིང་སྲིང་གསུམ་གྱིས་སློབ་གྲྭ་བཏོན་ན་ཁྱིམ་ཚང་གི་ད་ཡོད་གསོག་དངུལ་གྱིས་ཨ་ཅེ་དང་ཕུ་བོ་གཉིས་ཀྱི་ལོ་གཅིག་གི་སློབ་ཡོན་ཡང་མི་འདང་།ད་ལྟ་ངེད་ཚང་ན་མགོའི་ཁང་བ་མ་གཏོགས་རིན་ཐང་ཅན་ཞིག་མེད། ངས་ཁོ་ཚོར་ཁྱིམ་ཚང་གི་དཀའ་ཁག་ཇེ་ཆེར་མི་གཏོང་བའི་ཆེད་དུ། ངས་རྒྱུགས་མ་སྤྲད་པའི་གོང་ནས་སློབ་གྲྭ་ཆེན་མོར་འགྲོ་རྩིས་བྱས་མེད་པ་དང་། ངས་རྒྱུགས་སྤྲོད་དོན་ནི། རང་གིས་སློབ་སྦྱོང་བཟང་བོ་བྱས་ཡོད་པ་ར་སྤྲོད་བྱེད་པའི་ཆེད་དུ་ཡིན་པ་བཤད་ཙ་ན། ཨ་ཅེ་དང་ཕུ་བོ་གཉིས་ལ་སེམས་འགུལ་ཐེབས་པ་དང་། ཕུ་བོས་ཨ་མས་སློབ་གྲྭ་ཆེན་མོ་པ་གསུམ་སྐྱོང་ཐབས་མེད་དེ། ཕ་མེད་ན་བུས་ཁྱིམ་ཚང་གི་ཁག་ཁུར་འཁུར་དགོས་པས།ཁོས་སློབ་བཤོལ་བྱས་ནས་ཡུལ་ལ་ཡོང་། ང་སློབ་གྲྭར་འགྲོ་རུ་ཆུགས་ཟེར། ངས་ཕུ་བོ་ལོ་གཉིས་ཀྱི་རྗེས་སུ་མཐར་ཕྱིན་རྒྱུ་ཡིན་པ་དང་། སློབ་བཤོལ་བྱས་ན་སྔོན་གྱི་འགྲོ་སོང་ཐམས་ཅད་ཆུད་ཟོས་སུ་བཏང་བ་རེད། དེ་ལས་ང་ལ་འགྲོ་སྒོ་ཅི་ཡང་བཏང་མེད་པས། ངས་སློབ་གྲྭ་མ་བཏོན་ན་འགྲིག་ཚུལ་བཤད་པར། ཚང་མས་དེའང་བདེན་སྙམ་ཞིང་། རེ་ཞིག་ལ་བྱ་ཐབས་ཟད་ནས་ཁ་རོག་གེར་བསྡད།
དེ་ནས་ཨ་མས་སློབ་ཡོན་གྱི་ཐད་དུ་མོས་སྔ་མོ་ནས་བསམ་བློ་བཏང་ཡོད། ངེད་ཚང་གི་ཁང་བ་བཙོང་དགོས་ཟེར། དེ་ཐོས་པས་ངེད་མིང་སྲིང་གསུམ་པོ་ཧ་ལས་པར་གྱུར། ཁང་བ་བཙོངས་ན་ང་ཚོ་གང་དུ་སྡོད་དམ། ཡང་གཅིག་བཤད་ན། ངེད་ཚང་གི་ཁང་བ་གསར་དུ་ཕུབ་ནས་ལོ་ལྔ་ལས་འགོར་མེད། ཨ་ཕ་དང་ཨ་མ་གཉིས་ཀྱིས་ཀ་བ་རེ་རེ་དང་ལྕམ་རེ་རེ་བྱས་ནས་ལོ་མང་བོར་ཤིང་ཆ་བསགས་ཏེ་ཕུབ་པ་ཡིན་ལ། ཁང་བ་བཙོང་བ་ནི་དཔེ་མི་སྲིད་པ་ཞིག་རེད། ང་ཚོ་མིང་སྲིང་ཚང་མས་ཁང་བ་བཙོངས་ན་ཨ་ཕའི་བླ་བཙོང་བ་རེད་སྙམ།
ཨ་མས་ཉན་རྗེས་སེམས་དྲག་ཏུ་གཡོས་ནས་ངུས་པས། ང་དང་ཨ་ཅེ་ཡང་ངུས་པ་ཡིན། ཨ་མའི་བསམ་ཚུལ་ཡིན་ན། ངེད་གསུམ་པོས་ངེས་པར་སློབ་གྲྭ་གདོན་དགོས། སློབ་ཡོན་བཙལ་བར་གནས་སྐབས་སུ་ཁང་བ་བཙོང་བ་ལས་ཐབས་མི་འདུག ཟླ་འགའི་སྔོན་ལ་མོས་ཚོང་པ་ཞིག་ལ་ཁང་བ་བཙོང་རྩིས་བྱས་ཡོད་པ་དང་། ཚོང་པ་དེས་སྒོར་མོ་ཁྲི་གསུམ་དང་སྟོང་ལྔ་སྟེར་ཟེར། ངེད་མིང་སྲིང་གསུམ་སློབ་གྲྭར་སོང་ཤུལ་ན་མོ་གཅིག་པུ་ལས་མེད་པས། འདི་འདྲའི་ཁང་བ་ཆེན་པོ་ཞིག་དགོས་མཁོ་མེད་པ་དང་། ད་ལྟ་ངེད་ཚང་གི་བྱ་བ་ཆེས་གལ་ཆེ་བ་ནི་ཁང་བ་བཙོང་དང་མི་བཙོང་དེ་མིན་པར། ངེད་མིང་སྲིང་གསུམ་པོས་སློབ་གྲྭ་འདོན་ཐུབ་མིན་དེ་ཡིན་ཟེར་བས། ང་ཚོར་ཡང་བཤད་རྒྱུ་མེད་པར་གྱུར། བསམ་བློ་ཞིག་བཏང་ན། ང་ཚོ་མིང་སྲིང་གསུམ་སློབ་གྲྭ་ནས་མཐར་ཕྱིན་རྗེས། ཁང་བ་འདི་འདྲ་ཞིག་ཀྱང་ཕུབ་མ་ཐུབ་ན། ང་ཚོས་རིག་གནས་སྦྱངས་པའང་དོན་མེད་མ་ཡིན་ནམ་སྙམ།
ཉིན་འགའི་རྗེས་སུ། ང་ཚོས་ངེད་ཚང་གི་སྒོའི་ཕྱི་ན་ཡོད་པའི་རྩྭ་ཁང་དེའི་ནང་དུ་ཐབ་ཀ་དང་ཚ་ཐབ་བཅོས་ནས་གཙང་སྦྲ་བྱས་རྗེས། དེའི་ནང་ལ་སྤར་བ་དང་། ཁང་བ་ཉོ་མཁན་གྱི་ཚོང་པ་ཡོང་ནས་ཁང་བ་བཤིག་སྟེ་ཤིང་ཆ་དྲུད་ནས་སོང་བས། ངས་ཁང་བ་བཤིག་ཤུལ་གྱི་གྱང་ཆག་མཐོང་ནས་སེམས་པ་སྟོང་ལྷང་ལྷང་དུ་གྱུར་པ་དང་ཨ་ཕ་དྲན་ནས་ངུས། གལ་ཏེ་ཨ་ཕ་འདས་མེད་ན། ངེད་ཚང་ནི་མགོའི་ཁང་བ་བཙོང་དགོས་པའི་གནས་སུ་གྱར་ག་ལ་སྲིད། ཨ་ཕ་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་ཀ་བ་དང་འདྲ་སྟེ། ཀ་བ་འགྱེལ་ན་ཁང་བའང་འགྱེལ་འགྲོ་བ་རེད་སྙམ།
དུས་དེར་ཨ་མ་ཚུར་ཡོང་ནས་ང་ལ་སེམས་སྐྱོ་དགོས་དོན་མེད། ཁང་བ་བཙོངས་རྗེས། ཡང་བསྐྱར་ཁང་བ་གསར་དུ་ཕུབ་ཆོག་པ་དང་། ཡོན་ཏན་སློབ་པའི་སྐལ་བ་བཟང་བོ་ཤོར་སོང་ན་ཕྱིར་ཡོང་རྒྱུ་མེད། སློབ་གྲྭར་མ་སོང་ན། ཨ་མ་ལྟ་བུ་རེད། ཡི་གེ་ཀ་ངོ་ཙམ་ཡང་མི་ཤེས། དུད་འགྲོ་ལྟ་བུ་རེད། ལྕགས་ཁེམ་དང་ཟོར་བའི་ལས་ཀ་ཙམ་ལས་བྱེད་མི་ཤེས་ཟེར་བས། ངས་ཨ་མ་ནི་ཡོན་ཏན་ལ་སྨོན་པའི་ཨ་མ་ཞིག་དང་། མིག་རྒྱང་རིང་བའི་ཨ་མ་ཞིག་ཡིན་པ་ཤེས་སོང་།
(སྦྲང་ཆར་སྤྱིའི་དེབ་145ལས་བཤུས།)