—ཟི་ལིང་གནམ་གྲུ་ཐང་དུ་བྲིས།
འབྲུག་ལྗང་། [མཚོ་ལྷོ]
ཨ་ཅེ། འཕུར་ལམ་བདེ་བར་སྨོན།
འཁྲེང་ཞེན་དང་མིག་ཆུ་མི་འཆོར་བར་བདེ་མོར་བཞུད་དང།
ཨ་སྔོན་དང་ཉི་ཟླ། སྐར་ཚོགས་དང་སྤྲིན་པ་དཀར་པོས།
མི་མངོན་པའི་དབྱིངས་རིམ་ནས།
མཁའ་ལམ་དཀར་པོའི་སྡོངས་གྲོགས་མཛད་འོངས།
ཨ་ཕའི་འདར་སིག་སིག་གི་ལག་འཇུ་དང་།
ཨ་མའི་གཉོམ་དུངས་དུངས་ཀྱི་མིག་ཆུ།
ནང་མི་སྤུན་མཆེད་ཚོའི་ལག་བརྡ་དེ་ཚོ།
ཨ་ཅེ་རྒྱང་བཞུད་ལམ་གྱི་བྲོ་ཁ་དང་།
སྐྱབས་འཇུག་སྨོན་ལམ་ཡིན་སོང་།
ཨ་ཅེ། འཕུར་ལམ་བདེ་བར་སྨོན།
ཨ་ཕས། ཏག་ཏག་ཁྱེད་ཀྱི་ཕེབས་འབྱོར་མིག་གིས་འཚོས་ཡོད།
ཨ་མས། ད་དུང་ཁྱེད་ཀྱི་རྡོག་ཐོན་སེམས་པས་མཉན་ཡོད།
ཕ་ཡུལ་གྱི་བྲང་གཞུང་ནས་རྒྱང་དུ་ཆས་པའི་ཨ་ཅེ།
རི་བོ་ཧི་མ་ལ་ཡ་རྡོག་པས་མནན་མྱོང་བའི་ཨ་ཅེ།
ཆུ་མོ་ཡར་ཀླུང་གཙང་བོར་དྲོད་ཀྱིས་བརླན་མྱོང་བའི་ཨ་ཅེ།
ཡོད་ཚད་སྐད་ཅིག་སྐད་ཅིག་ངང་འཇིག་སོང་སྙམ་པའི་གྱེས་ཁ་མར།
ཟི་ལིང་གནམ་གྲུ་ཐང་ནི། ཆེད་དུ་ང་ལ་བསྐྲུན་པའི་གཤིན་རྗེའི་བཙོན་ར་དེ་ཡིན་སོང་།
མི་ཚོགས་ཀྱི་རླབས་རྒྱུན་ཁྲོད་སྣང་བ་ནི།
ང་ཚོའི་མི་ཚེ་གྱེས་བྲལ་ཁོ་ནའི་ངང་ཟད་འགྲོ་བ་དེ་རེད།
ཁྱོད་སོང་རྗེས། ངས་ནི།
ཁྱེད་ཀྱི་སྒམ་བརླིང་གི་བློ་རྒྱ་ཁོ་ན་སྒོམ་པས་ཆོག
དད་བརྩོན་བློ་སྤོབས་མངའ་བའི་ཨ་ཅེ།
རང་གཅེས་སྒེར་སེམས་བོར་བའི་ཨ་ཅེ།
གཞན་ཕན་གཏོང་ཕོད་ནུས་པའི་ཉིད་ཀྱི་ཕྱག་ཟུང་གིས།
གཅུང་པོ་ངའི་དོན་ལྔ་སྣོད་དྲུག་གཙང་འཁྲུད་ཡང་དག་བགྱིས།
ཨ་ཅེ། འཕུར་ལམ་བདེ་བར་སྨོན།
ཁ་བཏགས་འདི་ཁྱེད་ལ་ཕུལ་དོན།
ང་ཚོ་སླར་ཡང་མཇལ་འཛོམས་ཀྱི་གཡང་རྟེན་ཡིན།
མིག་ཆུ་འདི་ཤམ་ཤམ་བཞུར་དོན།
ད་དུང་བརྗོད་འཕྲོར་ལུས་པའི་སྙིང་གཏམ་ཡོད་པའི་ཕྱིར་རོ།།
ཁུ་བྱུག་དང་ཁྲུང་ཁྲུང་གི་བསྟར་ཕྲེང་།
ལྷོ་ལམ་བསྒྱུར་པའི་སྟོན་ལྗོངས་དེར།
ངའི་ཨ་ཅེས་ཨ་སྔོན་གྱི་དགུ་ཚིགས་རྒོལ་གྱིན་གདའ།
རྒ་བཞིན་པའི་གངས་རི་དང་རྩྭ་ཐང་།
མཚོ་མོ་རེ་རེ་དྲན་པའི་རྟེན་དུ་ཉར་ཏེ།
རྒྱ་མཚོའི་ཕ་རོལ་ཕྱོགས་སུ་ཐོལ་གྱིས་བཞུད།
ཨ་ཅེ། འཕུར་ལམ་བདེ་བར་སྨོན།
རེ་སྨོན་དང་གསོལ་འདེབས་གྲངས་མེད་ཟློ་བཞིན།
ལམ་འཇུག་དང་སྐྱེལ་མ་སྙིང་ནས་ཡང་ཡང་ཞུ།
མཁའ་ལམ་དཀར་པོས།
ཐག་རིང་འཕུར་སྐྱོད་ཀྱི་བཞུད་ལམ་རིང་མོར།
བཀྲ་ཤིས་སྡོངས་གྲོགས་སྩོལ་རོགས།
ཨ་ཅེ། སང་ཞོགས་ཕ་ཡུལ་ལུང་བར།
ལོ་ལེགས་སྐལ་བ་འབྱུང་དུས།
གཞིས་བྱེས་འཛོམས་པ་ཡག་མོའི་གཡང་ཁྱིམ་དུ།
ཆང་གཞས་སྙན་མོའི་བདེ་བ་ཅི་དགར་རོལ་འདོད་ཨང་།
ཨ་ཅེ། འཕུར་ལམ་བདེ་བར་སྨོན།
(སྦྔང་ཆར་སྤྱིའི་དེབ་145ལས་བཤུས། )