འཁོན་འཛིན། (གཞན་གཅིག)

བུ་ཚེ་རིང་རྒན་པ། (གཞིས་ཀ་རྩེ) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཟླ་ཟེར། སྤེལ་དུས། 10-27


        དེ་ནི་དུས་རབས་སྔ་མ་ལོ་རབས་བཞི་བཅུའི་ནང་བྱུང་བའི་གནས་ཚུལ་ཞིག་རེད། ལོ་དེར་རྩྭ་སྐོར་དང་གཡང་ཕྱུག་འབྲོག་སྡེ་གཉིས་བར་དུས་ཡུན་རིང་བོའི་ནང་བྱུང་མ་མྱོང་བའི་ས་རྩོད་ཆེན་པོ་ཞིག་བྱུང་། ས་རྩོད་དེའི་ནང་རྩྭ་སྐོར་འབྲོག་སྡེའི་མགོན་པོས་གྲིས་བཙུགས་ཏེ་གཡང་ཕྱུག་འབྲོག་སྡེའི་ཕ་དོན་རྒྱལ་གྱི་བུ་རྒན་པ་ཚེ་དབང་གི་སྲོག་བཀུམས་རྗེས། འདས་པོ་ཚང་གིས་སྲོག་ལན་ལེན་རྒྱུའམ་རང་སྲོག་ཤོར་དོགས་ཀྱིས་མགོན་པོ་རྟབ་རྟབ་པོར་གནས་གཞན་དུ་བྲོས་བྱོལ་ལ་སོང་། དགྲ་ཤ་ལེན་པའམ་སྲོག་ལན་སྲོག་གིས་འཇལ་རྒྱུ་ནི་ཡུལ་ལུང་འདིར་སྔ་མོ་ནས་དར་བའི་འགྱུར་དུ་མེད་པའི་གོམས་སྲོལ་ཞིག་ཡིན་ལ། སྲོག་ལན་སྲོག་གིས་འཇལ་མ་ཐུབ་ན་དུད་ཚང་དེའི་ཞབས་འདྲེན་དུ་འགྱུར་ཞིང་ཡུལ་མི་ཀུན་གྱིས་འཕྱ་བར་ངེས།
        སྲོག་ལན་ལེན་ཆེད་རྩྭ་སྐོར་འབྲོག་སྡེའི་ཕོ་གཞོན་རྣམས་སྒྲིག་འཛུགས་བྱས་ཏེ་མགོན་པོ་འཛིན་བཟུང་བྱེད་པར་སོང་ཡང་། ཁོ་བོ་སྔ་ས་ནས་བྲོས་ཟིན་པས་གང་སར་བཙལ་ཀྱང་འཛིན་བཟུང་ཐུབ་རྒྱུ་ལྟ་ཅི། ཁོའི་གྲིབ་གཟུགས་ཙམ་ཡང་རིག་རྒྱུ་མེད་ལ་ཕྱོགས་གང་དུ་སོང་ཚུལ་ཤེས་མཁན་མེད་པས། ཁོ་བོ་ཡང་སྙིང་གནས་གང་དུ་བྲོས་བྱོལ་ལ་སོང་བ་གཏན་ནས་མ་རྟོགས།
        བུ་ཚེ་དབང་འདི་ལྟར་གློ་བུར་རྨི་ལམ་གྱི་ཚུལ་དུ་ཚེ་ལས་འདས་པས། ཁོ་ཚང་གི་ནང་མི་དང་ལྷག་པར་དུ་ཕ་མ་གཉིས་ལ་སེམས་སྡུག་ཚད་མེད་བཟོས། འདས་པོའི་ཕ་མ་གཉིས་ལའང་ཁག་ཅི། ཕ་མ་ཞིག་གི་ངོས་ནས་བཤད་ན་རང་གི་བུ་འབྲོང་རྒོད་འདྲ་བ་དེ་སད་ཀྱིས་བཅོམ་པའི་མེ་ཏོག་གི་ཚུལ་དུ་ཡལ་ཏེ། རྒན་སྐྲ་དཀར་ལ་གྱུར་པའི་ཕ་མ་གཉིས་པོས་གཞོན་སོ་དཀར་གྱི་བུ་ལ་རྗེས་འཇུག་བྱ་རྒྱུ་ལས་སྐྱོ་གདུང་ཆེ་བའི་བྱ་བ་ཞིག་འཇིག་རྟེན་འདི་ཡི་ཐོག་ཏུ་གང་ན་ཡོད།
        ཚེ་དབང་གཞན་གྱི་གོ་མཚོན་འོག་ཏུ་ཚེ་ལས་འདས་རྗེས། མིག་གི་ལམ་དུ་ཉིན་མཚན་མེད་པར་བུའི་ངོ་གདོང་ཆུ་རིས་བཞིན་དུ་གཅིག་རྗེས་གཉིས་མཐུད་དུ་ཡང་ཡང་འཆར་བས། ཕ་མ་གཉིས་པོ་སྐྱོ་སྣང་དང་ཁོང་ཁྲོ་ཆེན་པོས་ཉིན་མོ་ཟས་ཀྱི་ཡི་ག་ཉམས་ཤིང་མཚན་མོ་གཉིད་དང་བྲལ། ཕ་དོན་རྒྱལ་གྱི་སེམས་སུ་བུ་འདས་པོའི་སྲོག་ལན་ལེན་མ་ཐུབ་ཚེ་ཤི་ཡང་མིག་མི་བཙུམ་བསམས་ཏེ་། བུའི་དགྲ་ཤ་ལེན་ཆེད་ཕ་དང་བུ་གཞོན་པས་ཉི་མ་གནམ་ལ་ཤར་ཚད་རྟ་ལ་བཞོན་ཏེ་རི་ཀླུང་རོང་འབྲོག་གང་སར་ཁོ་ཚང་གི་དགྲ་ནག་སྟེ། བུ་རྒན་པའི་སྲོག་གཅོད་མཁན་གྱི་ལག་དམར་མགོན་པོ་འཚོལ་བར་འགྲོ་བ་དང་། མ་མཚོ་མོ་ཡང་བུ་འདས་པའི་སེམས་སྡུག་གིས་རྐྱེན་པས་མངོན་གསལ་གྱིས་རྒས་པ་ཙམ་མ་ཟད། ཡིད་མུག་ཅིང་འབྲོག་ལས་ཐད་ལའང་བསམ་བློ་མི་གནས་པས། དེ་ལྟར་དུས་ཡུན་རིང་ཙམ་སོང་རྗེས་ཁྱིམ་ཚང་གི་འབྲོག་ལས་དང་འཚོ་བ་གང་ཅི་ཉག་ཕྲ་བའི་གནས་སུ་ལྷུང་། སྙིང་ནས་གཅེས་པའི་བུ་ཚེ་དབང་ལྦུ་བ་བཞིན་དུ་མིག་མདུན་ནས་ཡལ་བས། མ་མཚོ་མོ་ནི་མགོ་སྐྲ་ཚང་མ་དཀར་པོ་དང་ཟང་ཟིང་དུ་གྱུར་པ་དང་། ངོ་གདོང་རིད་དེ་གཉེར་མས་གང་བ་སོགས་སུས་བལྟས་ཀྱང་བདག་མེད་ཀྱི་སྤྲང་མོ་ཞིག་དང་འདྲ་བར་ཡ་ང་བའི་ཚུལ་དུ་སྣང་།
        ཡུན་རིང་གིས་ཉན་ཞིབ་དང་བརྩད་གཅོད། དེ་བཞིན་རོང་འབྲོག་ས་ཆ་མང་བོའི་ངོ་ཤེས་དང་མི་ཤེས་པའི་མི་མང་བོར་མངགས་བཅོལ་བྱས་པ་བརྒྱུད། ལོ་གཉིས་དང་ལོ་ཕྱེད་ཙམ་སོང་རྗེས་བུའི་སྲོག་འཕྲོག་མཁན་གྱི་ལག་དམར་མགོན་པོས་ཐག་རིང་གི་འབྲོག་ཁུལ་ཞིག་ཏུ་གཞན་གྱི་ཕྱུགས་རྫི་བྱས་ཡོད་ཚུལ་ཤེས། གནས་ཚུལ་དེ་ཤེས་རྗེས་ཕ་བུ་གཉིས་ཀྱིས་རྟ་ལ་སྒ་བསྟད་ཅིང་ལྕག་གིས་བསྐུལ་ཏེ་ཉིན་མཚན་མེད་པར་མགོན་པོ་ཡོད་སའི་འབྲོག་ཁུལ་དུ་སོང་བ་དང་། དེ་ཁུལ་འབྲོག་པ་མང་བོར་དྲིས་བརྩད་ཉམས་ཞིབ་བྱས་པ་བརྒྱུད། མགོན་པོ་ཕྱུགས་རྫི་བྱེད་སའི་རུ་སྐོར་དང་། ཁོ་རང་ཉལ་སྡོད་བྱེད་ཡུལ་གྱི་སྦྲ་གུར་བཅས་གསལ་པོ་ཤེས་རྗེས། མཚན་གུང་མི་ཉལ་ཁྱི་ཉལ་དུས་སུ་མཚན་འགེབས་བྱས་ཏེ་མགོན་པོ་འཛིན་བཟུང་བསྡམས་བཀྱིགས་ཀྱིས་ཁྲིད་དེ། བུ་རྒན་པའི་རྣམ་ཤེས་ཡོད་སའི་ཕ་ཡུལ་དུ་ཁྲིད་དེ་བུའི་སྲོག་ལན་ལེན་རྒྱུའི་སེམས་ཐག་བཅད།
        ཕ་བུ་གཉིས་ཀྱིས་ཁོ་ཚང་གི་བུ་རྒན་པ་གསོད་མཁན་གྱི་ལག་དམར་མགོན་པོ་འཛིན་བཟུང་ཐུབ་པ་མ་ཟད། ད་ཆ་ཕ་ཡུལ་དུ་ཁྲིད་དེ་ཡོད་པས་བུ་འདས་པོའི་སྲོག་ལན་ཆེད། ཉིན་གཉིས་པར་མགོན་པོའི་སྲོག་ལེན་རྒྱུ་ཡིན་པའི་གནས་ཚུལ་མི་རྣམས་ཀྱིས་རྟོགས་རྗེས། རྩྭ་སྐོར་འབྲོག་སྡེའི་ཡུལ་མི་མང་བོ་ཞིག་བལྟ་རུབ་ལ་ཡོང་བ་དང་། མགོན་པོའི་ཨ་མ་རྒད་མོ་ཡང་བུ་དང་ཆེད་མཐའ་མའི་ངོ་འཕྲད་བྱེད་པར་ཕེབས།
        ད་ཆ་མགོན་པོའི་སེམས་སུ་སྐབས་དེ་དུས་ཀྱི་རང་གི་ཁྱི་སྨྱོན་འདྲ་བའི་བྱ་སྤྱོད་དེར་བློ་འགྱོད་དང་སྦྲགས། ད་ཆ་ལོ་ན་ཆུང་བའི་རང་སྲོག་ཤོར་རྒྱུར་སྐྲག་སྣང་ཆེ་མོད། སྲོག་ལན་སྲོག་གིས་འཇལ་རྒྱུ་ནི་མི་ལོ་བརྒྱ་ཕྲག་མང་བོར་འབྲོག་ཁུལ་འདིར་དར་བའི་གོམས་སྲོལ་ཞིག་ཡིན་སྟབས། ད་ནི་ངུ་བ་དང་བརྒྱལ་བ། ཞུ་འབུལ་སོགས་གང་བྱས་ཀྱང་འཆི་རྒྱུའི་གནས་ལས་གཡོལ་ཐབས་མེད་པས། དེ་ལྟར་བྱས་ན་ཤི་དམྱལ་བར་འགྲོ་རྒྱུ་ལས་གཡོལ་མི་ཐུབ་པའི་ཁར། ཉམ་ཞན་སྡར་མའི་ཚུལ་དུ་སོང་སྟེ་ཡུལ་མི་ཀུན་གྱིས་འཕྱ་དམོད་ཀྱིས་ཤི་དམྱལ་བར་སོང་ཡང་གཏམ་ངན་མི་ཡུལ་དུ་ཁྱབ་ཟེར་བའི་དཔེ་ལས་མ་འདས་པར། རང་ཙམ་མ་ཟད་མི་ཡུལ་དུ་མུ་མཐུད་འཚོ་གནས་བྱེད་མཁན་གྱི་ཕ་མ་སྤུན་མཆེད་ཚོའི་ཞབས་འདྲེན་དུ་འགྲོ་རྒྱུ་ལས་མེད་བསམས་ཏེ། མགོན་པོས་འཁོན་འཛིན་ཆེན་པོས་ཨམ་གཙིགས་བསྡམས་ཤིང་། བཤས་རར་བསླེབས་པའི་གཡག་རྒོད་ཅིག་དང་འདྲ་བར་མིག་འབུར་ཚུགས་སུ་ལྟ་བ་དང་། གཉའ་བསྒྲེངས་ཏེ་བསྡད་པ་ལས་མགོ་བོ་གུག་ཙམ་ཡང་མ་བྱས།
        དེ་དུས་མགོན་པོའི་མ་རྒན་གཡང་སྐྱིད་ཀྱིས་བུ་མཐོང་མ་ཐག་སྔངས་སྐྲག་དང་སེམས་སྡུག་མ་བཟོད་པར་ས་ལ་འགྱེལ། ཚུལ་དེ་མཐོང་བས་མགོན་པོས་བཟོད་བསྲན་ཇི་ལྟར་བྱས་ཀྱང་བཟོད་ཐབས་གཏན་ནས་མེད་པར“ཨ་མ་ལགས”ཟེར་བཞིན་མིག་ལས་མཆི་མ་ལྷུང་།
        མི་རིང་བར་འདས་པོ་ཚེ་དབང་གི་མ་རྒན་མཚོ་མོ་མཆི་མ་ཤམ་ཤམ་དང་བཅས་མགོན་པོའི་འཁྲིས་སུ་སོང་སྟེ་ཁོའི་ལུས་ཀྱི་ཐག་པ་རྣམས་བཀྲོལ་རྗེས་མགོན་པོར་འགྲམ་ལྕག་ཚ་ཐག་ཆོད་གཅིག་བཞུས་ཏེ། “ད་ཁྱོད་རང་སོང་ཞིག ཉིན་མ་དེ་རིང་ནས་བཟུང་ང་མི་ཡུལ་འདི་ལས་གཏན་དུ་མ་བྲལ་གྱི་བར་ཁྱོད་ངའི་མིག་གི་མཐོང་སར་མ་འཁོར་བ་གྱིས་ཤིག”ཟེར།
        གློ་བུར་བའི་ངང་ཚུལ་དང་བསམ་ཡུལ་ལས་འདས་པའི་གཏམ་དེ་ཐོས་པས་མི་ཚང་མ་ཧ་ལས་ཤིང་ཧོན་ཐོར་ཏེ་ཁ་ལས་མིག་ཆེ་ཙམ་གདངས་ནས་ལུས། དོན་རྒྱལ་ཕ་བུ་གཉིས་ཀྱི་སེམས་སུ་ཨ་མ་མཚོ་མོས་བཤད་ནོར་ཐེབས་པའམ་ཡང་ན་རང་ཉིད་ནས་གོ་ནོར་ཐེབས་པ་ཅི་ཡིན་སྙམ་སྟེ་ཕན་ཚུན་གྱི་ངོ་ལ་ལྟ་བཞིན་སྨྲ་མི་ཤེས་པའི་ཕྲུ་གུ་ཞིག་གིས་ཕྱུར་ཁུ་སྐྱུར་མོ་བཏུངས་པ་ལྟ་བུའི་ཚུགས་ཀ་ཞིག་བསྟན་ཏེ་བསྡད།
        ཨ་མ་མཚོ་མོས་མིག་ཆུ་ཤམ་ཤམ་ངང་བཤད་རྒྱུར“ཐོག་མར་རང་གི་བུ་འབྲོང་རྒོད་འདྲ་བ་དེ་མི་ངན་ཁྱོད་ཀྱི་གྲི་འོག་ཏུ་མེད་པར་འགྲོ་དུས། སེམས་ནང་གྲི་རྣོན་པོ་ཞིག་གིས་ལག་དམར་འདིའི་སྙིང་གསོན་པོར་འདོན་རྒྱུ་བྱུང་ན་ཅི་མ་རུང་བསམ་བྱུང་ལ། ཁོའི་སྙིང་གསོན་པོར་ཟོས་ཀྱང་ངའི་སྙིང་ནད་དང་འཁོན་འཛིན་མི་ཞི་བར་འདུག་སྙམ་པའི་ཞེ་འཁོན་དྲག་པོ་ཞིག་ཀྱང་སྐྱེས་བྱུང་། ཡིན་ནའང་ལོ་འདི་དག་རིང་ངས་རང་གི་བུ་མེད་པའི་དྲན་གདུང་ཚད་མེད་མྱངས་པ་ཡིན། གྲི་འོག་ཏུ་ཤི་བའི་བུ་དེ་དྲན་ཐེངས་རེར། ངའི་སྙིང་གསོན་པོ་དུམ་བུ་བརྒྱ་ཁྲག་མང་བོར་གཏུབས་པ་ལྟ་བུའི་སེམས་སྡུག་དེ་ང་ཚོ་ཕ་མ་ཞིག་གི་མ་གཏོགས་སུས་ཀྱང་ཤེས་མི་སྲིད། བུ་མེད་པའི་སེམས་སྡུག་དང་འཁོན་འཛིན་གྱི་དབང་གིས་ལོ་འདི་དག་ནང་ཟས་ཞིམ་པོ་ཁམ་གང་དང་། གཉིད་སྐྱིད་པོ་མཚན་གཅིག་ཀྱང་བྱུང་མ་མྱོང་། དེ་དག་བསམ་དུས་དེ་སྔ་ངའི་སེམས་ནང་གལ་སྲིད་བུའི་སྲོག་འཕྲོག་མཁན་གྱི་ལག་དམར་དེ་ལག་ཏུ་ཚུད་ན་རང་གིས་དངོས་སུ་སྲོག་ལན་སྲོག་གིས་ལེན་རྒྱུའི་བསམ་བློ་ཡང་ཡང་འཁོར་མྱོང་། ཡིན་ནའང་བསམ་བློ་ཞིབ་པར་གཏོང་དུས་དགྲ་འཁྲུག་པའི་ཡུལ་ལ་སྐྱིད་དུས་མེད། འཁོན་སྲོག་ལན་གཉིས་ལ་ཚར་དུས་མེད་ཟེར་བ་བཞིན་འཁོན་འཛིན་འཁོན་གྱིས་སློག་ནས་རྫོགས་དུས་ཤིག་མེད་པ་མ་ཟད། བུ་འདིའི་སྲོག་ཤོར་སོང་ན་ཁོའི་ཕ་རྒན་མ་རྒན་གཉིས་ཀྱིས་ཀྱང་ང་ཚོས་ད་བར་མྱངས་པའི་སེམས་སྡུག་མནར་གཅོད་དེ་འདྲ་ཞིག་མྱོང་དགོས་རྒྱུ་རེད། དེ་མ་ཟད་བླ་མ་རིན་པོ་ཆེས་རྟག་ཏུ་ང་ཚོར་འཁོན་འཛིན་དང་ཞེ་སྡང་ང་རྒྱལ་མ་སྤངས་ན་མི་ཚེར་བདེ་བ་མེད་ཅེས་བཀའ་སློབ་ཡང་ཡང་གནང་གིན་ཡོད། ལྷག་པར་དུ་དེ་རིང་བུའི་མ་རྒད་མོས་རང་གི་བུ་མཐོང་རྗེས་བརྒྱལ་འགྲོ་བའི་ངང་ཚུལ་དེ་མཐོང་དུས། ངས་མ་བུའི་བར་གྱི་བརྩེ་དུངས་དེ་ཤེས་ཀྱི་འདུག་ལ། བུ་མེད་པའི་མ་ཞིག་གི་སེམས་ནང་གི་སྡུག་བསྔལ་དེ་དེ་བས་ཀྱང་ཤེས་ཀྱི་འདུག དེས་རྐྱེན་པས་བུའི་སྲོག་ལན་མི་ལེན་པར་ཁོ་རང་ཚེ་ཐར་ལ་གཏོང་རྒྱུའི་ངའི་ཆོད་སེམས་དེ་བས་བརྟན་དུ་སོང”ཞེས་སྨྲས།
        གཏམ་དེ་ཐོས་པས་དེར་འདུས་མི་རྣམས་སྨྲ་རྒྱུ་མེད་པར་གྱུར། མགོན་པོའི་སེམས་སུ་དེ་ལྟར་དངོས་གནས་ཡིན་ནམ་སྙམ་པའི་དོགས་སྣང་དང་བཅས་ཨ་མ་མཚོ་མོའི་ངོ་ལ་ཅེར་ཏེ་ཅུང་ཙམ་བསྡད་རྗེས་ངོ་བཟོ་དང་ཨུ་ཚུགས་ཀྱིས་བསྒྲེངས་པའི་མགོ་བོ་རིམ་པས་དུད། དེ་དུས་མགོན་པོའི་མ་རྒན་བརྒྱལ་བ་ལས་གསོས་ཤིང་། རྒན་མོས་ཨ་མ་མཚོ་མོའི་མདུན་དུ་པུས་མོ་བཙུགས་ཤིང་རང་གི་ཐོད་པ་ཨ་མ་མཚོ་མོའི་ལྷམ་ལ་གཏུགས་ཏེ་བུའི་སྲོག་ལན་མ་བླངས་པར་མོ་རང་གི་བུ་ཚེ་ཐར་ལ་བཏང་བར་ཐུགས་རྗེ་བཀའ་དྲིན་ཞུས། དེ་དུས་མགོན་པོས་ཀྱང་པུས་མོ་བཙུགས་ཤིང་ཐོད་པ་ཨ་མ་མཚོ་མོའི་པུས་མོར་གཏུགས་ཏེ“ཨ་མ་ལགས། ཁྱེད་རང་ནི་བདག་ལ་ཚེ་སྲོག་གཉིས་པ་སྦྱིན་མཁན་གྱི་མ་ཡིན་པས། དུས་དེ་རིང་ནས་བཟུང་ངས་འདས་པོ་དེའི་ཚབ་བྱས་ཏེ་ཁྱེད་ཕ་མ་གཉིས་ལ་ཞབས་ཕྱི་གང་ལེགས་ཞུ་ཆོག”ཅེས་སྨྲས།
        དེ་ཉིན་ནས་བཟུང་མགོན་པོ་དང་དོན་རྒྱལ་དུད་ཚང་གཉིས་པོའི་མི་རྣམས་སེམས་ལྷོད་ལ་བབས་སོང་ལ། མ་རྒན་མཚོ་མོ་དང་མ་རྒན་གཡང་སྐྱིད་གཉིས་མི་ལོ་གསུམ་ལ་ཉེ་བའི་ནང་བྱུང་མ་མྱོང་བའི་གཉིད་སྐྱིད་པོ་དང་རྨི་ལམ་ཡག་པོ་ཞིག་གི་ཁྲོད་ལ་རོལ་ཐུབ་པ་བྱུང་། དུས་དེ་ནས་བཟུང་། མགོན་པོས་འདས་པོའི་ཕ་དོན་རྒྱལ་དང་མ་མཚོ་མོ་གཉིས་ལ་ཨ་ཕ་དང་ཨ་མ་ཟེར་བཞིན་རང་གི་ཕ་མ་ལྟར་སྲི་ཞུ་གང་ལེགས་ཞུ། །


རྩོམ་ཡིག་སྔོན་མ།
སྤྱིའི་དེབ་133པ།
རྩོམ་ཡིག་རྗེས་མ།
སྒྲོལ་མའི་ཆོ་ག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1