སྤྱི་ཟླ་དྲུག་པ་དང་བདུན་པ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་དམའ་འབྲིང་དང་མཐོ་འབྲིང་། སློབ་གྲྭ་ཆེན་མོ་སོགས་སུ་ཡིག་རྒྱུགས་སྤྲོད་པའི་འགག་རྩའི་དུས་ལ་བབས་པས། རང་རང་གི་གཅེས་ཕྲུག་རྣམས་ཡིག་རྒྱུགས་ཡག་པོ་ཞིག་དང་མདུན་ལམ་བཟང་བོ་ཞིག་ཡོང་ཆེད། སྤྱི་ཟླ་བཞི་བ་དང་ལྔ་བ་ཙམ་ནས་ཁྱིམ་ཚང་སོ་སོས་གྲྭ་བཙུན་མང་བོ་རང་ཁྱིམ་དུ་གདན་འདྲེན་པའམ། དགོན་སྡེ་ཁག་ཏུ་ཁྱིམ་ཚང་སྒེར་དང་ཡང་ན་ཁྱིམ་ཚང་འགས་མཉམ་དུ་སྒྲོལ་མའི་ཆོ་ག་གཏོང་སྲོལ་ཞིག་སྔ་ས་ནས་ས་འདིར་དར་ཏེ་ཡོད།
འདི་ལོ་ཨ་མ་གཡུ་སྒྲོལ་གྱི་བུ་མོ་སྒྲོལ་མ་སློབ་ཆུང་ནས་ཐོན་ཏེ་ནང་སའི་སློབ་འབྲིང་དུ་ཡིག་རྒྱུགས་སྤྲོད་མཁན་ཡིན་པས། ཨ་མ་གཡུ་སྒྲོལ་གྱིས་ནམ་ནམ་ཞར་ཞར་ལ་དགོན་སྡེ་ཁག་ཏུ་སོང་སྟེ་མཆོད་འབུལ་དང་བཅས་གསོལ་བ་སྨོན་ལམ་མང་དུ་བཏབ་པ་མ་ཟད། ངོ་ལ་ངོ་བརྒྱུད་ཀྱིས་དགེ་འདུན་པ་འགའ་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ་སྒྲོལ་མའི་ཆོ་ག་ཡག་པོ་ཞིག་གཏོང་དགོས་བསམ་མོད། ནམ་དུས་འདི་ལ་ཚང་མ་ནམ་ལངས་མཉམ་འཁེལ་དུས་སྦུད་པ་གཡོར་མཁན་དཀོན་པའི་དཔེ་བཞིན། དགོན་སྡེའི་གྲྭ་བཙུན་རྣམས་སློབ་ཐོན་སློབ་མའི་ཁྱིམ་བདག་མང་བོས་སྔ་ས་ནས་གདན་འདྲེན་ཞུས་པའི་ཁ་ཆད་གྲུབ་ཟིན་པས། ཨ་མ་གཡུ་སྒྲོལ་དང་ནམ་རྒྱུན་ཆོས་མཇལ་ལ་མཉམ་དུ་འགྲོ་བའི་ཆོས་གྲོགས་འགས་སྤྱི་ཐོག་ཏུ་དགོན་སྡེར་སྒྲོལ་ཆོག་གཏོང་རྒྱུའི་ཁ་ཆད་གཏན་འཁེལ་བྱས།
སྒྲོལ་ཆོག་མ་བཏང་གོང་ཨ་མ་གཡུ་སྒྲོལ་དང་ཆོས་གྲོགས་ཚོས་སྒྲོལ་ཆོག་ལ་མཁོ་བའི་འབྲུ་དང་འབྲས། རྩམ་པ། མར། བྱེ་མ་ཀ་ར། ཞོ། འོ་མ། སྦྲང་རྩི། ཤིང་འབྲས་ལ་སོགས་པའི་མཁོ་དངོས་རྣམས་གྲ་སྒྲིག་ལེགས་པར་བྱས། གཟའ་སྐར་ལེགས་པའི་ཉིན་དེར། ཨ་མ་གཡུ་སྒྲོལ་དང་བཅས་པའི་ཆོས་གྲོགས་རྣམས་ཀྱིས་ཆོ་གའི་མཁོ་དངོས་དང་། དགེ་འདུན་རྣམས་ལ་འདྲེན་རྒྱུའི་གསོལ་ཇ་དང་ཞལ་ཏོག་ལ་སོགས་བསྣམས་ཏེ་དགོན་པར་སྒྲོལ་ཆོག་ལ་ཕེབས།
དགོན་པར་འབྱོར་རྗེས། དགེ་འདུན་རྣམ་པས་སྒྲོལ་མ་སྒྲོལ་ལྗང་གི་སྐུ་འདྲའི་མདུན་དུ་མཆོད་པ་བཤམས་འགོ་ཚུགས། མཆོད་པ་བཤམས་ཤིང་ཞལ་ཟས་ཕུལ་གྲུབ་རྗེས་སྒྲོལ་ཆོག་དངོས་སུ་འགོ་ཚུགས་སོང་། དེ་དུས་ཨ་ཅེ་ཆོས་སྒྲོལ་དང་ཆོས་གྲོགས་རྣམ་པས་སྒྲོལ་མ་གསུང་བྱོན་དང་བཅས་པའི་སྐུ་འདྲ་རྣམས་ལ་མཇལ་དར་བསྒྲོན་པ་དང་། སྟོན་པའི་སྐུ་བརྙན་མདུན་གྱི་ལྷུང་གཟེད་ནང་གི་ཞལ་ཏོག་ཚང་མ་གསར་དུ་བརྗེས་ཤིང་། མར་ཁུས་གསེར་ཀོང་ཚང་མ་གང་བར་བྱས།
མཆོད་མེ་དང་མཆོད་པ་ཁྲ་ལྷམ་ལྷམ། ཆོས་ཀྱི་རོལ་མོ་ཐ་ར་ར་དང་སི་ལིང་ལིང་། ཞལ་འདོན་འུར་ཐིང་ཐིང་སོགས་ཀྱི་ཁྲོད་དུ་སྒྲོལ་ཆོག་དངོས་སུ་འགོ་ཚུགས་པས། མི་རྣམས་ཀྱི་སེམས་ནང་སྔར་མེད་ཀྱི་དད་པ་དཔག་མེད་ཏུ་སྦྱིན། སྒྲོལ་ཆོག་འགོ་ཚུགས་ཏེ་གང་ཙམ་སོང་མཚམས་སུ། དགེ་འདུན་པས་སྦྱིན་བདག་རྣམས་ལ་སྒྲོལ་མའི་སྐུ་མདུན་དུ་སྐུ་ཕྱག་འབུལ་རྒྱུའི་བཀའ་སློབ་གནང་ཞིང་། དགེ་འདུན་ཚོས་ཀྱང་སྦྱིན་བདག་ཚོ་དང་མཉམ་དུ་སྒྲོལ་མའི་སྐུ་མདུན་དུ་པུས་མོ་བཙུགས་ཏེ“ལྷ་དང་ལྷ་མིན་ཅོད་པན་གྱིས། ། ཞབས་ཀྱི་པདྨ་ལ་བཏུད་ཅིང་། ། ཕོངས་པ་ཀུན་ལས་སྒྲོལ་མཛད་མ། ། སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །”ཞེས་ཞལ་འདོན་དང་སྦྲགས་སྐུ་ཕྱག་མང་དུ་ཕུལ། སྐུ་ཕྱག་གྲུབ་རྗེས། ཨ་མ་གཡུ་སྒྲོལ་གྱིས་ལག་པའི་ཐལ་མོ་སྤྱི་བོའི་གཙུག་ཏུ་འཁུར་བ་དང་། མིག་གཉིས་དམ་པོར་བཙུམས་ཤིང་སྣང་བ་རྩེ་གཅིག་གིས“ལྷ་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། ། ཡིད་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པར་སྐྱབས་སུ་མཆིའོ། ། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཐད་ཀྱི་སློབ་ཕྲུག་ཚང་མ་ཡིག་རྒྱུགས་ལོན་ཏེ་ཚང་མ་ནང་སའི་སློབ་གྲྭར་འགྲོ་ཐུབ་པར་ཤོག”ཅེས་གསོལ་བ་སྨོན་ལམ་བཏབ།
ཨ་མ་གཡུ་སྒྲོལ་གྱི་གསོལ་སྨོན་གྱི་ཚིག་དེ་དག་འཁྲིས་སུ་ཡོད་པའི་བུ་མོ་སྒྲོལ་མས་གསལ་བོར་ཐོས་པས། བུ་མོ་སྒྲོལ་མའི་སེམས་མ་དགའ་བར་ཨ་མ་གཡུ་སྒྲོལ་གྱི་ངོ་ལ་ཧུར་རེར་བལྟས།
“བུ་མོ། ཁྱེད་རང་སྒྲོལ་མའི་སྐུ་བརྙན་ལ་གསོལ་བ་སྨོན་ལམ་མ་བཏབ་པར་ཨ་མའི་ངོ་ལ་བལྟ་རྒྱུ་ག་རེ་འདུག”ཨ་མ་གཡུ་སྒྲོལ་ཅུང་མ་དགའ་བར་བུ་མོར་འདི་ལྟར་སྨྲས།
“ཨ་མ་རང་གིས་དཀོན་མཆོག་གི་སྐུ་མདུན་དུ་ཆོ་མེད་པའི་སྨོན་ལམ་ག་རེ་འདེབས་ཀྱི་ཡོད”བུ་མོ་སྒྲོལ་མ་ཡིད་མ་རངས་པར་འདི་ལྟར་བརྗོད།
“ག་རེའི་ཆོ་མེད་པའི་གསོལ་བ་སྨོན་ལམ། དཀོན་མཆོག་ལ་གསོལ་བ་སྨོན་ལམ་འདི་ལྟར་མི་འདེབས་པར་འོ་ན་ཇི་ལྟར་འདེབས་དགོས་སམ”ཨ་མ་གཡུ་སྒྲོལ་བུ་མོ་སྒྲོལ་མའི་གློ་བུར་བའི་གཏམ་དེར་ཧ་ལས་ཏེ་སྤྱི་བོའི་ཐོག་ཏུ་འཁུར་བའི་ལག་པའི་ཐལ་མོ་བྲང་ཁའི་མདུན་དུ་ཕབ་ཅིང་བུ་མོར་བལྟས་ཏེ་འདི་ལྟར་སྨྲས།
“ཨ་མ་རང་གི་གསོལ་བ་སྨོན་ལམ་དེ་ཚོ་ཆོ་མེད་ཀྱི་སྨོན་ལམ་ལོས་ཀྱང་ཡིན། ང་ཚོའི་རྒན་ལགས་ཀྱིས་གསུངས་པར་བྱས་ན་འགྲོ་བ་རིགས་དྲུག་ནི་ལྷ་དང་། ལྷ་མ་ཡིན། མི། དམྱལ་བ། ཡི་དྭགས། དུད་འགྲོ་བཅས་ཡིན་འདུག ལྷ་དང་ལྷ་མ་ཡིན། ཡི་དྭགས་ལ་སོགས་པའི་ཕྲུ་གུ་རྣམས་ང་ཚོ་མི་ལྟར་སློབ་གྲྭར་འགྲོ་གི་ཨེ་ཡོད། འགྲོ་བའི་དབང་དུ་བྱས་ཀྱང་ཚང་མ་ནང་ལོགས་ལ་སོང་ན་ནང་ལོགས་སུ་ཤོང་ཐུབ་བམ། ད་དུང་དུད་འགྲོ་ནི་སྒོ་ཕྱུགས་སེམས་ཅན་སོགས་ཟེར་བས་ཕྱུགས་རིགས་ཀྱི་ཕྲུ་གུ་རྣམས་སློབ་གྲྭར་འགྲོ་སྲོལ་ཞིག་གང་ན་ཡོད། ཨ་མ་རང་གིས་སྨོན་ལམ་ལྟར་ཚང་མ་ནང་ལོགས་ལ་འགྲོ་ན་ཡིག་ཚད་གཏོང་བའི་དགོས་པ་དང་། དེ་རིང་ང་ཚོ་ཡང་འདི་གར་སྒྲོལ་ཆོག་གཏོང་བར་ཡོང་བའི་དགོས་པ་ཅི་ཡོད”ཅེས་ཁོང་ཁྲོ་དང་བཅས་རྐང་བརྡབ་ལག་གཡུག་དང་བཅས་ཕྱི་མིག་ཙམ་ཡང་མེད་པར་དགོན་པ་ལས་བྲལ་ཏེ་རང་ཁྱིམ་ཕྱོགས་སུ་ལོག་སྟེ་སོང་།
རང་གི་བུ་མོ་རང་གཤིས་གྱོང་བོ་ཡོད་པ་ཨ་མ་གཡུ་སྒྲོལ་གྱིས་སྔ་ས་ནས་ཤེས་མོད། ཡིན་ནའང་དེ་རིང་སྒྲོལ་ཆོག་གི་ཉིན་མོར་བུ་མོས་ཐབས་རྡུགས་སམ་བཀྲ་མི་ཤིས་པའི་ལས་ཀ་འདི་འདྲ་བྱེད་སྲིད་པ་བསམ་པའི་ཡུལ་ལའང་མེད་པས། ཨ་མ་གཡུ་སྒྲོལ་བུ་མོའི་རྒྱབ་གཟུགས་ལ་བལྟས་ཤིང་ཁོང་ཁྲོས་དབུགས་རིང་ནར་ནར་ངང“འོ་ན་དུས་རྒྱུན་བླ་མ་རིན་པོ་ཆེས་གསོལ་བ་སྨོན་ལམ་འདེབས་སྐབས་སུ། རང་གཅིག་པུར་མ་བསམ་པར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་དགོས་ཞེས་གསུངས་པ་དེ་ནོར་བ་ཡིན་ནམ”ཞེས་སྨྲས།
མ་སྨད་གཉིས་ཀྱི་ངང་ཚུལ་དེ་མཐོང་རྗེས་དབུ་སྐྲ་དཀར་བོར་གྱུར་པའི་དགེ་འདུན་བགྲེས་སོང་དེས“བླ་མ་རིན་པོ་ཆེས་གསུངས་པའི་གཏམ་དེ་ལོས་ཀྱང་བདེན། བླ་མ་རིན་པོ་ཆེའི་གསུང་དོན་ནི་ང་ཚོས་ནམ་རྒྱུན་དུ་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་རྒྱུ་རུ་བསྔོ་ཆེད་གསོལ་བ་སྨོན་ལམ་འདེབས་དགོས་གསུངས་པ་ལས། འགྲོ་དྲུག་གི་ཕྲུ་གུ་ཚང་མ་ནང་ལོགས་སུ་ཡིག་རྒྱུགས་ལོན་ཆེད་གསོལ་བ་སྨོན་ལམ་འདེབས་དགོས་ཅེས་གསུངས་པ་མ་རེད། དགེ་སློང་རྣམས་དང་མཁས་རྣམས་ཀྱིས། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། ལེན་པར་བྱ་ལ་གུས་ཆེད་མིན། །ཞེས་བདག་ཅག་གིས་སྟོན་པ་རིན་པོ་ཆེས་གསུངས་པ་བཞིན། ང་ཚོས་རྒྱུན་དུ་བླ་མའི་བཀའ་སློབ་ལ་བསམ་གཞིག་ཉམས་ལེན་བྱ་དགོས་པ་ལས། གཞན་གྱི་ལད་མོ་བྱེད་མི་རུང་། བསམ་གཞིགས་མེད་པའི་བླུན་པོ་ཆུ་སྣ་གར་ཁྲིད་དང་རྨོངས་ཚོད་ཀྱིས་གཞན་རྗེས་ཁོ་ནར་འབྲངས་ཚུལ་ནི་ཆོས་མིན་པར་དེ་ནི་རྨོངས་དད་རེད”ཅེས་གསུངས་སོ། །