ཞོགས་པ་དེར་ཉི་འོད་ཤར་རྒྱུ་མ་བྱུང་།

ཁང་གསར་ཚེ་དབང་རིག་འཛིན། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


གཅིག
        ཞོགས་པ་དེར་བདེ་སྐྱིད་ལྷ་མོ་ནམ་རྒྱུན་བཞིན་བུ་ཕྲུག་གཉིས་ཀྱི་རུམ་ནས་དལ་གྱིས་ལངས། ཕ་རྒན་དང་བུ་ཕྲུག་གཉིས་ཀ་སད་ཀྱིས་དོགས་ནས་རྐུན་མ་བཞིན་གོམ་པ་འཇབ་བུར་སྤོས། བྱིས་པ་ཆེ་བས“ངའི། ངའི། དཔེ་ཆ”ཞེས་གཉིད་ལབ་རྡབ་རྡིབ་ཅིག་གི་ངང་ནས་མལ་ཐུལ་ལས་འཕག་འཚག་ཙམ་བྱས་ཏེ་ཁ་ཕར་ལ་འཁོར་ནས་སླར་ཡང་གཉིད་སོང་། མོའི་སེམས་སུ “བུ་ཕྲུག་འདི་སྙིང་ཉེ་བ་ལ། སློབ་གྲྭར་སོང་ནས་ལོ་གཉིས་ལས་མིན་མོད་ཡི་གེ་ལས་བསམ་རྒྱུ་མེད་པ་ཞིག་འདུག ཁོའི་དགེ་རྒན་དག་གིས་ཀྱང་ང་ལ་ནམ་རྒྱུན‘ཁྱེད་ཚང་གི་བྱིས་པ་འདི་རིག་པ་ཧ་ཅང་རྣོ་ལ། ཡི་གེ་འབྲི་ཀློག་ལ་ཤིན་ཏུ་སྤྲོ་བ་ཡོད་མཁན་ཞིག་རེད་པས། འདིས་མ་འོངས་པ་ན་ཁྱེད་ཚང་ལ་གཟི་བརྗིད་ཀྱི་རྒྱལ་ཁ་ཞིག་ལེན་པར་ཐེ་ཚོམ་མི་འདུག་སྙམ’ཞེས་ཐེངས་མང་པོར་བཤད་མྱོང་པས། མོའི་ཡིད་ལ་སྤྲོ་བ་གནོན་མི་ཐུབ་པ་ཡང་ཡང་སྟེར་མྱོང་། ཁོ་དཀོན་མཆོག་གསུམ་གྱིས་སྐྱོབས་ཤིག”ཅེས་སྙམ་བཞིན་ཡིད་ཀྱིས་གསོལ་བ་བཏབས། ཕ་རྒན་གྱིས་སྔུར་བ་དམའ་མོ་ཞིག་འཐེན་གྱིན་འདུག མོས་རང་གི་གྱོན་པ་དག་སྒྲ་མེད་པར་གྱོན་རྗེས་སྤྱི་བདེ་ཉེན་རྟོག་མི་སྣ་དག་ལ་མི་གཞན་ལ་མེད་པའི་གྱོན་པ་ཞིག་གོན་རྒྱུ་ཡོད་པ་ལྟར། ཁོ་ཚོ་སྲང་ལམ་ཕྱགས་མཁན་དག་ལ་བླ་མ་ཚོའི་གྱོན་པ་ལྟ་བུའི་སྟོད་ལྭ་སེར་པོ་རེ་སྦྱིན་ཡོད། ཅུང་མི་འདྲ་ས་ནི་དེའི་སྟེང་ལ་འོད་འབྱིན་སླ་བའི་དཀར་ཤར་ཅན་གྱིས་འབྲོག་པའི་རུ་འགེལ་སྐབས་ཀྱི་ཆིངས་སྡོམ་པ་བཞིན་ཐད་དང་ཐུར་དུ་རི་མོ་ཐོན་ཡོད། འདི་ནི་མ་གྱོན་ན་མི་ཆོག་པའི་ལྭ་བ་ཡིན། དེའི་འཕྲོར་མ་གྱོན་རང་གྱོན་ནི་ཁ་ཐུམ་དང་ཞྭ་མོ་ཡིན། མོས་གྱོན་པ་དེ་དག་གྱོན་ནས་གློག་གཟིམས་ཤིང་སྒོ་དལ་གྱིས་བརྒྱབ་སྟེ་ཕྱི་ལ་ཐོན།
        སྒོ་རྩར་བཞག་ཡོད་པའི་ཕྱགས་མ་དང་སྙིགས་གཞོང་གཉིས་ཀ་ལག་འཐེན་འཁོར་ལོའི་ནང་དུ་བཞག་ཏེ་སྲང་ལམ་གྱི་ཕྱོགས་སུ་ཆས།
        ད་ནི་ནམ་ཟླ་དབྱར་གྱི་དུས་ཚིགས་ཟིན་ལ་ཉེ་བས་ཙག་ཁ་ཆེར་མེད་མོད། ནམ་ལངས་ཁའི་བསེར་བུ་རྩུབ་ཞད་ཅན་ཞིག་གིས་ཐོད་པར་གྲང་རེག་རེག་བྱེད་འོང་། ཤར་ཕྱོགས་ཀྱི་བུམ་པ་རིའི་རྩེ་དང་གནམ་གྱི་བར་མཚམས་ཤེས་ལ་མི་ཤེས་པ་ཙམ་ལས་འཇིག་རྟེན་འདི་ད་དུང་མུན་པས་སྟོབས་ཤུགས་ཀྱིས་བཟུང་ཡོད། ཡིན་ནའང་བདེ་སྐྱིད་ལྷ་མོའི་ལས་ཀ་ལས་སར་ཆེད་དུ་བཀར་བ་ལྟ་བུའི་ལམ་ཟུར་གྱི་གློག་སྒྲོན་དག་ཕན་ཚུན་ཁ་གཏད་དུ་གྲལ་འགྲིག་པོས་བསྒྲིགས་ཡོད་པས་མུན་པས་མོའི་ལས་ཀར་གནོད་པ་ཅི་ཡང་མེད་ཅེས་བརྗོད་ཆོག
        ཤར་རེར་བརྐྱངས་པའི་ལམ་གློག་གི་འོད་དུ་ལམ་ཕྱགས་མཁན་འགའ་རེ་དང་རླངས་འཁོར་རེ་ཟུང་ལས་ཅི་ཡང་མཐོང་རྒྱུ་མེད་པས། སྐྱེ་རྒུ་གྲོང་རྡལ་གྱི་སྐྱེ་བོ་དག་ད་དུང་གཉིད་ཀྱི་ཞིང་ཁམས་འགྲིམ་བཞིན་ཡོད་ངེས། ཞོགས་པ་རེ་རེ་ནི་ཉིན་མོའི་ཉོག་ཟིང་གི་འདུ་འཛི་མེད་པར་ཁོར་ཡུག་ཡོངས་གཉིད་དུ་ཡུར་བའི་དུས་ཚོད་རེ་རེ་ཡིན། “བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ།།”ཞེས་བདེ་སྐྱིད་ལྷ་མོ་ཆུང་དུས་མ་དྲིན་ཆེན་ཡོད་པའི་སྐབས་ནས་ཕ་མ་གཉིས་ཀྱིས་བསླབས་པའི་ཁ་ཏོན་དེ་འདོན་བཞིན་རང་ཉིད་ཀྱིས་འགན་ཁུར་དགོས་སའི་སྲང་ལམ་ཕྱགས། “ཤག ཤག ཤག”བདེ་སྐྱིད་ལྷ་མོའི་ལག་གི་སྨྱུག་ཕྱགས་རིང་བོ་དང་སྲང་ལམ་གྱི་རྡོ་ཡི་ཞུན་མ་གཉིས་ཕྲད་པའི་སྒྲ་དེ་གཞོག་གཡས་གཡོན་གྱི་ཁང་བ་དག་གི་ནང་བྲག་ཅར་འཁོར་བས་སྒྲ་ལྡབ་འགྱུར་གྱིས་ཆེ།
        ཚོང་ཁང་དང་ཟ་ཁང་སོགས་གཉེར་བའི་མི་དག་གིས་ཉིན་མོར་གཞན་གྱི་མིག་སྔུན་ནས་ངོ་ཚར་འཛེམ་པའམ་ཡང་ན་ཁྲིམས་ཆད་ཕོག་པར་སྐྲག་པ་གང་ཡིན་མི་ཤེས་མོད། རང་རང་གི་སྒོ་མདུན་དུ་གད་སྙིགས་ཆེན་པོ་མི་འདོར། འོན་ཏེ་མཚན་མོར་ཟས་སྙིགས་འཐུང་སྙིགས། ཤོག་སྒམ་དང་འགྱིག་སྣོད་སྣ་ཚོགས། བྱིས་པའི་འཕོངས་སྟན། བུད་མེད་ཀྱི་གཙང་ཤོག ཐ་ན་གཅིན་སྐྱག་ཀྱང་མི་ཉུང་བ་རེ་སྒོར་དོར་ཡོད་པས། མཚམས་རེར་བདེ་སྐྱིད་ལྷ་མོས་ཁ་ཏོན་དང་དམོད་མོ་འདྲེས་མར་གྱུར་འགྲོ། མོ་རང་ཆུང་བྱིས་པའི་དུས་ནས་མོ་ལོ་ཉེར་བདུན་ལ་བུད་རག་བར་དུ། མཛེས་སྡུག་གི་སྤང་ལྗོངས་དང་ནེའུ་གསིང་། དྭངས་གཙང་གི་ཆབ་དང་ཆུ་ཕྲན་འབབ་པའི་འབྲོག་ཡུལ་ནས་འཚོ་བ་རོལ་བ་ཡིན་པས། དང་ཐོག་སྲང་ལམ་གྱི་གད་སྙིགས་འདི་རིགས་ལ་འཕྲད་པའི་སྐབས་སུ་ཞེན་པ་གཏིང་ནས་ལོག་ཏེ་ཁོག་པའི་ནང་གི་ཡོད་ཚད་ཕྱི་ལ་སྐྱུག་པའི་གནས་ཚུལ་ཐེངས་མང་བྱུང་མྱོང་ལ། སླར་ཡང་སྐྱུག་པ་དེའང་རང་གིས་མི་ཕྱགས་ག་མེད་བྱུང་མྱོང་བས། ལས་ཀ་འདི་ལས་རྒྱུ་ལས་ཉིན་མོ་མི་ཚོགས་མང་སའི་སྲང་བར་ནས་མཐེ་བོང་བསྟན་ནས་སློང་མོ་བྱ་རྒྱུའི་དགའ་ཨང་སྙམ་པ་བྱུང་མྱོང་། ཡིན་ནའང་འཇིག་རྟེན་གཏམ་དཔེར“འཆི་རྒྱུ་མིན་པར་ལོབས་རྒྱུ་ཡོད”ཅེས་པ་བཞིན་དལ་གྱིས་དལ་གྱིས་གོམས་པར་གྱུར།
        གཞན་གྱིས“དེང་སང་རྒྱལ་ཁབ་ཀྱི་ལས་བྱེད་པར་རྒྱུགས་འཕྲོད་པར་དཀའ”ཞེས་བཤད་པ་བཞིན་དུ། རང་ཉིད་ཀྱང་སྲང་ལམ་གཙང་ཕྱགས་མཁན་ཞིག་ཏུ་གྱུར་པར་དཀའ་ངལ་གང་མང་ལ་འཕྲད། ན་ནིང་མོའི་ཨ་ཕ་དང་མོ་རང་གཉིས་ཀྱིས“མཐེ་བོང་ཡར་སྟོན་དང་ཨ་བུ་ཡར་ཞུ”ཐེངས་མང་བྱས་ཀྱང་། འགོ་ཁྲིད་དེས་བཤད་ན“གཅིག་ན་ལམ་གཙང་ཕྱགས་མཁན་དུ་ཞུགས་འདོད་མཁན་མི་མང་པོ་བྱུང་བ་དང་། གཉིས་ན་གནས་སྐབས་ལས་བཟོ་བས་འདང་བསྡད་ཡོད་པས་ཐབས་ཤེས་མི་འདུག”ཅེས་སོགས་གནས་ལུགས་རྒྱུ་མཚན་མང་པོ་ཞིག་གླེང་ནས་ངེད་ཕ་བུ་གཉིས་ཐེངས་དུ་མར་སོ་སོར་སྨྲ་བ་མེད་པར་ཕྱིར་ལོག་དགོས་བྱུང་། རྗེས་སོར་ངའི་མ་རྒན་འདས་པོའི་གཉེན་ཉེ་ལས་བྱེད་ཅིག་ཡོད་པ་དེས་བཤད་རོགས་བྱས་ཏེ་ད་གཟོད་ལས་ཀ་འདི་རག་པ་ཡིན། དང་ཐོག་ལས་ཀ་འདི་ལས་པའི་སྐབས་སུ་ངོ་ཚ་བའམ་ཡི་མུག་པ་ཆེན་པོ་བྱུང་སྟེ། རང་ཉིད་སྔོན་ཆད་འབྲོག་ན་ཡོད་དུས་རི་རྩེ་དང་ཆུ་གཞུང་སོགས་ནས་རྫི་གླུ་བླངས་ཏེ་སོང་བ་ནི་ཆེས་སྐྱིད་པའི་སྣང་བ་བྱུང་ལ། ནོར་ནག་གཙོའི་སྒོ་ཕྱུགས་དག་དྲན། སྤང་ཐང་དང་མེ་ཏོག་དྲན། སྨུག་སྤྲིན་དང་ཆར་ཟིམ་དྲན། ལ་གཞས་དང་འདོད་བརྩེ་དྲན། ཡིན་ནའང་དྲན་པའི་གཞུ་མོ་ནང་དུ་བཀུགས་ནས་འདང་རེ་བརྒྱབ་ན། ད་ནི་དེ་དག་ཆུང་དུས་ཀྱི་ནམ་མཁའི་འཇའ་འཛིན་པར་རེ་བ་ལྟར་ལས་ཅི། བཟའ་ཟླས་རྒྱན་ཡང་ཡང་བཞག་སྟེ་གཡང་གི་སྒོ་ཕྱུགས་གཅིག་ཀྱང་མ་ལུས་པར་བརླགས་ཚར་ཞིང་། མཐར་ཁོ་རང་ཉིད་ཀྱང་དགུན་གྱི་ཁུ་བྱུག་བཞིན་གར་སོང་ཆ་མེད་དུ་གྱུར་ནས། ཤུལ་དུ་ནར་མ་སོན་པའི་བྱིས་པ་དང་ལོ་ན་བགྲེས་པའི་ཕ་རྒན་ངེད་ཚོ་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གྱོན་རྒྱུར་རེ་ས་གང་ཡང་མེད་པར་ལུས་སོང་བས། རྒ་སྐྱེ་རྒུ་མདོར་གྲོང་འབབ་མི་བྱེད་ཀ་མེད་བྱུང་བ་མ་ཡིན་ནམ་སྙམ་ན། ལས་ཀ་འདི་རག་པའང་དཀོན་མཆོག་གིས་བཀོད་སྒྲིག་བྱས་པ་ཡིན་ཨང་སྙམ་པའི་འདུ་ཤེས་ཤིག་གློར་བུར་གློ་བུར་ཐོན་རྒྱུ་བྱུང་།
        “ཤག ཤག་ཤག”“ཤག་ཤག ཤག”ཤག་སྒྲ་དང་ཤག་སྒྲ་འཐབ་པའི་ཁྲོད་ནས་མོའི་གྲོགས་མོས་གོང་ནས་མར་ལ་ཕྱགས་ནས་དཀྱིལ་དུ་ཐོན་ཞིང་། མོས་ཞོལ་ནས་ཡར་ཕྱགས་ཏེ་དཀྱིལ་དུ་ཐོན། གོང་གི་བཞི་མདོ་ནས་ཞོལ་གྱི་བཞི་མདོ་ཞིག་གི་བར་ནི་ཁོ་མོ་གཉིས་ལ་ཐོབ་པའི་གཙང་ཕྱགས་བྱེད་ཡུལ་ཡིན། “ཨ་རོགས་མ། དཀའ་ལས་མྱངས་སོང་ངམ།”
        “མ་མྱངས་ཐལ། ཁྱེད་ཀྱིས་དཀའ་ལས་མྱངས་སོང་ངམ།” “མ་མྱངས་ཐལ”ཞེས་གཅིག་གིས་གཅིག་ལ་འཚམ་འདྲི་བྱས། ཁོ་མོ་གཉིས་ཀྱིས་ཁ་ནས་ལབ་པ་དང་དོན་དངོས་གཉིས་མི་འདྲ་སྟེ། ཕྱགས་ཚར་ནས་ལག་འཐེན་འཁོར་ལོ་ཟུང་གི་ནང་དུ་མཇུག་མཐའི་གད་སྙིགས་བླུགས་ཏེ་ལམ་གཞོག་གི་རྡོ་ཞུན་གྱི་ཐེམ་པར་འཕོངས་བཞག་ནས། ཞྭ་མོ་དང་ཁ་ཐུམ་ཕུད་དེ་ངལ་ཙམ་གསོ་སྐབས་སོ་སོའི་ཐོད་པ་ནས་རྔུལ་ཆུ་འཛུམ་ཡོད་པ་མཐོང་། བདེ་སྐྱིད་ལྷ་མོས་གྲོགས་མོ་ལ“ཁྱོད་ཀྱི་གདོང་མདོག་དམར་བ་ལ་ཨང་། མདང་ནུབ་ཁོ་རང་ཡོང་ནས་ཁྱོད་ལ་བྲོ་ག་མང་པོ་སྦྱིན་པ་མིན་ནམ། ཧུ་ཧུ།” མོས་གདོང་གི་རྔུལ་ཆུ་འབྱིད་ཙམ་བྱེད་ཞོར། “འདྲེ་མོ། ངའི་གདོང་དམར་པོར་གྱུར་ཡོད་ན་ད་ཅི་ལས་ཀ་ལས་ཏེ་དཀའ་ལས་མྱངས་པས་ཡིན་ངེས། ཧུ་ཧུ” “དེས་ན་ད་ཅི་ཁྱོད་ཀྱིས་དཀའ་ལས་མ་མྱངས་ཞེས་བཤད་པ་མིན་ནམ” “དེ་ནི་ང་ཚོ་བོད་ཀྱིས་སྐད་ཆ་བཤད་སྟངས་ཤིག་ཡིན་རྒྱུ་རེད། ཁྱོད་ཀྱིས་འདང་རྒྱོབས་དང་། སྔོན་ཆད་ང་ཚོ་འབྲོག་པ་ཡིན་དུས་མི་གཉིས་ཐུག་འཕྲད་ཀྱི་སྐད་ཆ་ཐོག་མ་ནི་གཅིག་གིས་གཅིག་ལ་དཀའ་ལས་མྱངས་མིན་འདྲི་བ་རེད་ལ། ཕྱོགས་གཉིས་ནས་དཀའ་ལས་མ་མྱངས་ཞེས་ལན་འདེབས་པ་ལས་ང་དཀའ་ཐལ་ཡ། དཀའ་ན་ཅི་རེད་ཅེས་སོགས་ཟེར་མཁན་ཞིག་སྲིད་དམ། ཧ་ཧ་ཧ།” “ཧ་ཧ་ཧ།”
གཉིས།
        ནམ་རྒྱུན་ཞོགས་པ་རེ་རེར་ཁོ་མོ་གཉིས་ཀྱིས་སྲང་ལམ་སྟོད་སྨད་གཙང་ཕྱགས་བྱས་ཏེ་ལས་ཁུངས་ག་གེ་མོའི་རྒྱ་སྒོའི་རྡོ་ཐེམ་དེ་ནས་འཕྲད་ཅིང་ངལ་གསོ་བའི་སྐབས་དེར། གནམ་ངོ་ཐང་ཡོད་ན་ཤར་ཕྱོགས་ཀྱི་བུམ་པ་རིའི་རྩེ་ནས་དལ་གྱིས་འཕགས་འོང་བའི་ཉི་འོད་ཀྱི་ཟེགས་མས། སྐྱེ་རྒུ་གྲོང་རྡལ་གྱི་མདོག་འདྲ་མིན་གྱི་ཁང་བ་དག་ལ་སྔར་བས་བཀྲག་མདངས་སྟེར་ཞིང་། འཁྱག་བསིལ་བསིལ་གྱི་མཁའ་དབུགས་དེའང་དེ་མུར་ལྷོད་པོར་གཏོང་འགྲོ་ལ། མོ་གཉིས་ཀྱིས་ཞོགས་པའི་ཉི་འོད་འཇམ་པོར་གདོང་གཏད་ནས། ཁ་མཚར་ཀུ་རེ་འདྲེས་མའི་སེམས་མཐུན་གྱི་ཁ་བརྡ་ལབ་ཀྱིན་ཉི་མ་གཅིག་གི་འགོ་རྩོམ་ཆོག་མོད། ཉིན་དེའི་གནམ་གཤིས་ནི་མཁའ་ལ་སྤྲིན་དཀར་འཁྲིགས་པ་ཞིག་ཀྱང་མིན་ལ། བར་དུ་སྨུག་སྤྲིན་འཐིབས་པ་རེད་ཟེར་ན་དེའང་མིན། ས་ནས་རྡུལ་འཚུབ་ལངས་པ་རེད་ཟེར་ན་དེའང་མིན་པར་བཤད་མི་ཤེས་པའི་སྐྱ་ཐིབ་བེ་ཞིག་རེད་པས། “ཝ་ཡེ་བདེ་སྐྱིད་ལྷ་མོ། དེ་རིང་གི་གནམ་གཤིས་འདི་ཅི་ཞིག་རེད་དམ། ཅི་འདྲའི་བཙོག་པ་ལ”ཞེས་བར་སྣང་དུ་ལྟ་བཞིན་གྲོགས་མོ་ལ་དེ་ལྟར་ལབ། བདེ་སྐྱིད་ལྷ་མོས་ཀྱང་བར་སྣང་ལ་བལྟ་ཙམ་བྱེད་ཞོར“ངས་ཀྱང་དེ་ལྟར་སྙམ་བཞིན་ཡོད་ཨ་རོགས་མ”ཞེས་བཤད་སྒང་དེར་གློ་བུར་དུ་དབྱར་གྱི་འབྲུག་གྲགས་པ་ལྟ་བུའི་ལྡིར་སྒྲ་འཇིགས་སུ་རུང་བ་ཞིག་གྲགས་སོང་ལ། འཕོངས་ཞབས་ཀྱི་རྡོ་ཞུན་ཡང་འཕག་འཚག་ཆེན་པོ་ཞིག་བྱས་སོང་བའི་སྣང་བ་སྟེར། “ཅི་ཞིག་རེད། ཅི་ཞིག་རེད”“ཅི་ཞིག་རེད”ཅེས་ཁོ་མོ་གཉིས་སོ་ས་སོའི་ས་ནས་ཧད་དེ་དལ་ཅིག་ལ་རྐང་ལག་ཐག་པས་བཀྱིགས་པ་ལྟར་ཡར་ལངས་ཡང་མ་ཐུབ། དེར་བསྟུན་ནས་མིག་མདུན་གྱི་ཁང་བ་དག་གཡོ་འགུལ་ཐེབས་ཤིང་། སྐག་སྒྲ་དང་ཆོབ་སྒྲ། རྡིག་སྒྲ་སོགས་སྒྲ་དེ་བས་འཇིགས་སུ་རུང་བ་འཕྲོ་རིམ་འཕྲོར་གྲགས་ལ། སྟོད་སྨད་ཀུན་ནས་རྡུལ་འཚུབ་ལངས། མི་ཚོགས་ཀྱིས་འུར་བརྒྱབ་ནས་སྲང་བར་དུ་བྲོས། ཁོ་མོ་གཉིས་ཀྱིས་ཅི་བྱུང་གང་བྱུང་མ་ཤེས་པར་མི་ཚོགས་ཀྱི་ཁྲོད་དུ་རྒྱུགས། མི་ཚོགས་ཀྱིས་རྒྱ་སྐད་བོད་སྐད་སྣ་ཚོགས་ཀྱིས་བྱེའུ་དམག་ནང་ལ་རྡོས་བརྒྱབ་པ་ལྟར་བྱེད་ཀྱིན་འདུག་ལ། “ས་འགུལ་རྒྱུག་བཏང་ཐལ། དཀོན་མཆོག་གིས་གཟིགས། ས་འགུལ་རྒྱུག་བཏང་ཐལ”ཞེས་སྨྲ་བཞིན་པ་ཐོས། བདེ་སྐྱིད་ལྷ་མོ་རབ་ཏུ་སྐྲག་ནས་མགོ་ན་སྐྲ་ཡོད་པའང་མི་ཤེས་ལ་ཐ་ན་རང་ཉིད་མི་ཡུལ་ན་ཡོད་དམ་འཇིག་རྟེན་གཞན་ཞིག་ཏུ་ཡོད་པའང་མི་ཤེས་པར་འཐམ་མེ་འཐོམ་མེར་གྱུར། མཚམས་ཤིག་ནས་མོར་དབང་བོ་ཅུང་གསལ་ཙམ་བྱུང་བ་ན། “ངའི་བུ་དང་ཨ་ཕ། ངའི་བུ་དང་ཨ་ཕ”ཞེས་འོ་དོད་འབོད་བཞིན་རང་ཁྱིམ་གྱི་ཕྱོགས་སུ་རྒྱུགས། མི་ཚོགས་ནི་རྣམ་ཤེས་བོར་བ་ལྟར་ཁ་ཕྱོགས་འཆོལ་ཏེ་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་པས་ལམ་མི་རྙེད་པར་གཅིག་གིས་གཅིག་ལ་གདོང་ཐུག་བརྒྱབ། མི་མང་པོས་ལྷམ་གྱོན་མེད་པ་དང་ཁོག་སྟོད་སྨད་དུ་ནང་འཇམ་ཞིག་ལས་གང་ཡང་མེད་མཁན་ཡང་འདུག འོ་དོད་དང་ངུ་སྐད་ཀྱིས་གནམ་ས་འགེངས། ཟིང་ཟིང་ལོང་ལོང་གི་ཁྲོད་ནས“གྲོང་རྡལ་གྱི་ཕྱི་རུ་ཕྲོས་ཤིགས། རྟ་རྒྱུག་ཐང་ལ་ཕྲོས་ཤིགས”ཞེས་པའི་སྐད་ཆ་རེ་ཟུང་ཐོས། སྐབས་དེར་ཡང་བསྐྱར་ལྡིར་སྒྲ་གྲགས་ནས་སྲང་ལམ་གྱི་མི་ཚོགས་ཆང་གིས་བཟི་ནས་ར་རོར་གྱུར་པ་ལྟར་གཡས་འགྱེལ་གཡོན་འགྱེལ་དུ་བཏང་།
        མོའི་སྙིང་ཁ་རུ་བུད་ལ་ཉེ་བཞིན་བཟོས་ཚར་གྱི་ཐུ་བ་ལག་ཏུ་བཟུང་ནས་རང་ཁྱིམ་གྱི་ཕྱོགས་སུ་རྒྱུགས། མིག་འཁྲུལ་བ་མིན་ནམ། ཁོ་མོ་ཚང་གི་ཁང་བར་མཐུད་པའི་བསྟར་མ་དེ་ཉིད་ལེབ་ཀྱིས་ཞིག་ནས་བཅོམ་ཆག་སྐྱ་ཉིལ་དུ་བཏང་འདུག བདེ་སྐྱིད་ལྷ་མོས་ཡང་བསྐྱར“ངའི་བུ་དང་ཨ་ཕ། ངའི་བུ་དང་ཨ་ཕ”ཞེས་འོ་དོད་འབོད་ཀྱིན་ཤུགས་ཀྱིས་གོམ་པ་འགའ་བླངས་པ་ན། མོའི་རྐང་བར་ཕ་བོང་ཆེན་པོ་ཞིག་བཏགས་པ་ལྟར་ཐེག་རྒྱུ་མ་བྱུང་། དེར་བསྟུན་ནས་ཀླད་པའི་ནང་དུ་མུན་རུབ་པ་ལྟ་བུར་གྱུར་ནས་ཅི་བྱུང་གང་བྱུང་ཤེས་མ་སོང་།
        “ཨ་རོགས་མ། ཨ་རོགས་མ”ཞེས་པའི་འབོད་སྒྲ་ཞིག་རིའི་ཕར་ནང་ནས་གྲགས་འོང་བ་ལྟ་བུ་ཞིག་ཐོས། འབོད་སྒྲ་དེ་ཐག་ཇེ་ཉེ་དང་ཇེ་ཉེར་གྱུར། མཐར་གཉིད་སྟུག་པོ་དང་འདྲ་བ་དེ་ལས་སད་པ་ན་མི་ཆ་མེད་འགའ་ཞིག་གིས་རང་ཉིད་བསྐྱོར་ཏེ་འབོད་ཀྱིན་འདུག “ཁྱོད་ཀྱི་ཁང་བ་གང་རེད། མྱུར་དུ་ཤོད་དང་། ང་ཚོ་ཁྱོད་ཀྱི་ཁྱིམ་མི་སྐྱོབ་ཏུ་འགྲོ” “ཁང་བ་གང་ཞིག་རེད། ཁྱིམ་མི་སུ་ཞིག་ཡོད”ཆ་མེད་ཀྱི་མི་དེ་དག་གིས་རང་གི་གཉེན་ཉེ་ཞིག་ལྟར་བྲེལ་བའི་ངང་ནས་དེ་ལྟར་སྨྲ་བཞིན་འདུག “ངའི་བུ། བུ་ཕྲུག་གཉིས། གཉིས་དང་ཨ་ཕ། བུ། བུ་ཕྲུག་གཉིས། གཉིས་དང་ཨ་ཕ”ཞེས་སྨྲ་བཞིན་ཡང་བསྐྱར་ཁང་བའི་ཕྱོགས་སུ་གོམ་ཁ་ཤུགས་ཀྱིས་སྤོས། ཡིན་ནའང་ད་ལྟ་རང་གི་ཁང་བ་ཞེས་པ་ཞིག་ཡེ་མི་འདུག་པར་ཁྱོན་ཡོངས་ནས་འཐོར་ཞིག་ཏུ་བཏང་ཡོད་པས་ཁང་བ་འདི་རེད་ཅེས་གསལ་བོ་ངོས་ཟིན་རྒྱུའང་དཀའ་བར་གྱུར། ངེད་ཚང་གི་ཁང་བ་འདིའི་ཐད་ཅིག་རེད་སྙམ་པ་ཞིག་ཡིད་ཚོད་བྱས་ཏེ་ཞིག་རོ་དང་ཆག་རོ་སློག་འགོ་བརྩམས། ཡིན་ནའང་མོ་ནི་རྩྭ་གཟུགས་ཤིག་ལྟར་ནུས་པ་གང་ཡང་མི་འདུག གྱོ་མོག་ལ་རྡོ་ཞུན་གྱིས་ཞལ་ཞལ་བྱས་པ་དག་ནི་ཧ་ཅང་ལྕི་ལ། ད་དུང་གཉིས་གསུམ་རེ་གཉིས་གསུམ་རེ་བྱས་ཏེ་གཅིག་གིས་གཅིག་ལ་འབྱར་ནས་ཡོད། ཁོ་ཚོར་ལག་ཆ་གང་ཡང་མེད་པསསྦར་མོ་རྡོ་ལ་གཏུགས་ན་ནུས་པ་ཤིན་ཏུ་ཆུང་། མོའི་སེམས་སུ“ད་ནི་མི་སྐྱོབ་རྒྱུ་ཟེར་ན་ཕལ་ཆེར་མི་སྲིད་པ་ལྟ་བུ་ཞིག་བྱས་འདུག དེ་བས་བུ་ཕྲུག་ཆེ་བ་སློབ་གྲྭར་བུད་སོང་ཡོད་ངེས་པས། དེ་རུ་ཁོའི་ཚེ་སྲོག་ཤོར་མེད་ན་དཀོན་མཆོག་གི་ཐུགས་རྗེས་གཟིགས་པ་ཡིན”སྙམ་ཞོར་མུ་མཐུད་དུ་ཁང་བ་རྡིབ་པའི་ཆག་རོར་འབྱར། ལག་པ་ཟུང་ལས་ཁྲག་བརྡོལ་དེ་གང་ལ་རེག་ན་ཁྲག་གི་ཚོན་གྱིས་བྱུགས།
        ཁོ་ཚོ་དང་བར་ཐག་ཅུང་རིང་སའི་ཁང་བརྩེགས་ཤིག་ལས་ཚག་སྒྲ་དང་རྡིག་སྒྲ་རྒྱུན་མི་ཆད་པར་གྲགས་ཀྱིན་འདུག་ལ། མཐར་རྣ་བར་གཟན་པའི་རྡིག་སྒྲ་ཆེན་པོ་ཞིག་དང་བཅས་རྡུལ་གྱིས་བཏུམས་བཞིན་ཞིག་སོང་། སྣང་ཚུལ་འདི་ནི་ཁོ་མོ་ཚང་གི་བརྙན་འཕྲིན་ཆུང་ཆུང་གི་ནང་དུ་ཤར་བའི་དམག་འཁྲུག་གི་གཡུལ་ས་ཞིག་ལས་མ་འདས། སྔོན་ཆད་འཕྲུལ་ཆས་ཆུང་ཆུང་དེའི་ནང་དུ་ཤར་བ་དེ་རིང་མངོན་སུམ་དུ་མིག་ལམ་ལ་འཕྲད་སོང་།
        མཚམས་ཤིག་ནས་རོགས་སྐྱོར་བྱེད་པའི་མི་ཇེ་མང་ནས་ཇེ་མང་དུ་གྱུར། སྐད་རིགས་མི་གོ་བའི་རྒྱ་དང་ཁ་ཆེ། སྐད་རིགས་གོ་ནའང་བཤད་སྟངས་མི་འདྲ་བའི་བོད་པ། གྲྭ་བ་དང་མི་སྐྱ། བུད་མེད་དང་ཇོ་མོ་སྟེ་མི་རྣམ་པ་སྣ་ཚོགས་ཤིག་ཐོན་ནས་བྱ་ཚང་དུ་རྡོ་བརྒྱབ་པ་ལྟར་འུར་ཆིལ་ཆིལ་ངང་གྱང་གོག་དང་གྱོ་མོག་སོགས་བརྐོ་བ་དང་བསལ་བ་སོགས་བྱེད་ཀྱིན་འདུག་ལ། ཁོ་བོ་ཅག་ང་ཚོ་དང་མི་འདྲ་བར་ལག་ཏུ་ལྕགས་ཁེམ་དང་། གག་ལེ། ཐོ་བ། སྟ་གྲི། སོག་ལེ ཐག་པ། ལྟག་རིང་། ལྕགས་མདུང་སོགས་སྔོག་བྱེད་དང་རྐོ་བྱེད་སྣ་ཚོགས་འདུག་ལ། མོའི་སྲང་ལམ་ཕྱགས་དུས་སུ་གྱོན་རྒྱུའི་སྟོད་ལྭ་ལྟ་བུའི་གྱོན་པ་སེར་པོ་ཆ་ཚང་གྱོན་མཁན་གྱི་དམག་མི་ལོས་ཡིན་སྙམ་པ་དག་གི་ལག་ཏུ་མཐོང་ཡང་མ་མྱོང་པའི་ཅ་ལག་མང་པོ་བཟུང་ནས། ཁང་བའི་ཞིག་རོ་ལས་མི་རྣམས་སྐྱོབ་པར་མཐའ་གཅིག་ཏུ་འབད་པ་བྱས་བྱུང་།
གསུམ།
        བདེ་སྐྱིད་ལྷ་མོས་རང་ལ་ཕུ་ནུ་གཉེན་ཉེ་ལས་ལྷག་པའི་རོགས་བྱེད་མཁན་གྱི་མི་ཆ་མེད་རྒྱུས་མེད་འདི་དག་ལ་སེམས་ནས་བཀའ་དྲིན་ཡང་ཡང་ཞུ་བཞིན། ཞིག་རོའི་འོག་ནས་ཕ་རྒན་དང་བུ་ཕྲུག་གཉིས་མ་ཤི་གསོན་པོར་ལོན་ན་སྙམ་པའི་རེ་བ་དྲག་པོས་མིག་ཟུང་ཁང་ཆག་གི་ནང་དུ་གཏད་དེ། འཆི་བ་སྲོག་ལ་མི་འཛེམ་པར་ཞིག་རོ་བསལ། ཡིན་ནའང་ད་ནི་ཕལ་ཆེར་རེ་བ་མེད་པ་འདྲ་སྟེ། ཁྱིམ་མཚེས་ཚང་གི་གྱང་གོག་ལས་ཨ་ཡེ་བགྲེས་པོ་དང་བྱིས་པ་གཉིས་ཀྱི་རོ་བུད་བྱུང་ཟེར། མོའི་སེམས་ལ་ན་ཟུག་སྔར་བས་དྲག་པོ་ལངས་ནས་རོགས་བྱེད་མི་དག་ལ་རེ་བའི་འདུན་པ་གཏད།
དུས་ཚོད་ག་ཙམ་འགོར་བ་མ་ཤེས་མོད་རོགས་བྱེད་མི་དག་གི་ཐོད་པ་ནས་རྔུལ་ཆུའི་དོག་པ་མུ་ཏིག་གི་འཕྲེང་བ་བཞིན་འཐོར་གྱིན་འདུག་ལ། ཁོ་ཚང་གི་ཁང་བའི་ཞིག་རལ་ཆེ་ཁག་མང་ཕྱོགས་བསལ་ཚར་བ་དང་མཉམ་དུ། ཕ་རྒན་གྱི་རོ་དང་བུ་ཕྲུག་ཆུང་བའི་རོ་གཉིས་རྙེད་བྱུང་། རོགས་བྱེད་མཁན་དག་གི་གདོང་ལའང་ཡིད་ཆད་པའི་རྣམ་འགྱུར་མངོན་ཞིང་མགོ་བོ་འཕྲེད་དུ་གཡུག མོས་སྣང་ཚུལ་དེ་མཐོང་མ་ཐག་ཏུ་དབྱར་གསུམ་ཐོག་གིས་བརྒྱབ་པ་ལྟར་ཡང་བསྐྱར་ཞིག་རོའི་ཁྲོད་དུ་འགྱེལ་སོང་།
        དྲན་པ་སོས་པ་ན་གྲྭ་བ་དང་བུད་མེད་ཁ་ཤས་ཀྱིས་མོ་སྐྱོར་ནས“ད་མྱ་ངན་དྲག་པོ་མ་བྱེད། ང་ཚོའི་ལས་དབང་རེད།” “ཡུལ་སྐྱེ་རྒུ་མདོ་དང་ང་ཚོ་ཡུལ་ཤུལ་བའི་ཐུན་མོང་གི་གོད་ཆག་ཅིག་ལས་ཁྱོད་གཅིག་པུའི་ཐོག་ཏུ་འོང་བ་ཞིག་མ་རེད།” “ཁྱེད་ཚང་ལ་བཟའ་མི་དུ་ཡོད། པུར་འདི་གཉིས་ཁྱོད་ཀྱི་ཅི་ཞིག་རེད”སོགས་སེམས་གསོ་དང་དྲི་བ་དྲིས། ངའི་ལྕེ་སྣེ་ནི་ཅི་ཞིག་གིས་བསྡམས་པ་བཞིན་སྐད་ཆ་གཅིག་ཀྱང་མི་འཁྲོལ། ངས་ཁོ་ཚོར་ལག་པའི་མཛུབ་མོ་བཞི་བསྲིངས་ནས་ངེད་ཚང་ལ་བཟའ་མི་བཞི་ཡོད་པའི་ཚུགས་ཀ་བསྟན་པ་ན། ཁོ་ཚོ་ཡང་བསྐྱར་འུར་ལངས་ཏེ“ཁྱེད་ཚང་ལ་བཟའ་མི་བཞི་ཡོད་ཟེར་བ་ཡིན་ནམ། དེས་ན་ད་དུང་གཅིག་མེད་པས་གསོན་ངོགས་རེ་ན་མེད་དམ།” “ཨ་རོགས་ཚོ་མགྱོགས་པོ་བྱེད་རོགས”ཞེས་ཡང་བསྐྱར་གྱང་གོག་སློག
        དེ་དུས་བདེ་སྐྱིད་ལྷ་མོའི་ཀླད་པར་སླར་ཡང་གསོན་ཤུགས་རྒྱས་བྱུང་ལ། སྐད་ཆའང་བཤད་ཐུབ་བྱུང་བས། རོགས་བྱེད་མཁན་ཚོར“ངེད་ཚང་ལ་བཟའ་མི་བཞི་ཡོད། ད་ཅིའི་པུར་གཉིས་ནི་ངའི་ཕ་དྲིན་ཆེན་དང་། བུ་ཕྲུག་ཆུང་བ་གཉིས་རེད། བུ་ཕྲུག་ཆེ་བ་ཞོགས་པར་སློབ་གྲྭར་སོང་བ་ཡིན། དྲིན་ཆེན་ཚོ”ཞེས་ངུ་མ་དངངས་ཀྱིས་བཤད་ཀྱིན་མཇུག་མཐའི་རེ་བ་དེ་སློབ་གྲྭར་བཅོལ་ནས། སློབ་གྲྭའི་ཕྱོགས་སུ་བརྒྱུགས།
        མོ་རང་སྲང་ལམ་ནས་སྨྱོན་པ་ཞིག་ལྟར་སློབ་གྲྭའི་ཕྱོགས་སུ་བརྒྱུགས། ད་ལྟ་སྲང་ལམ་ནི་སྔོན་ཆད་མོ་རང་གིས་གཙང་ཕྱགས་བྱེད་སའི་སྲང་ལམ་དེ་རེད་ཟེར་ན་ཡིད་མི་ཆེས་པ་ལྟར་གྱུར་འདུག སྲང་ལམ་ཡོངས་སུ་རླངས་འཁོར་དང་འཕྲུལ་རྟ། མི་ཚོགས་ཀྱིས་བཟུང་ནས་འཚང་རྒྱག་མ་བྱས་ན་ལམ་མི་རྙེད། མི་ཚོགས་ཀྱི་ཁྲོད་དུ་ངུ་འབོད་བྱེད་མཁན་མང་པོ་འདུག་པ་དག་ནི་བདེ་སྐྱིད་ལྷ་མོ་ལྟ་བུའི་མི་རྒྱུ་གཉིས་ཀ་སྐད་ཅིག་གིས་མེད་པར་བཟོས་སའི་བཟའ་མིའམ་གཉེན་ཉེ་ཡིན་ངེས་ལ། གཞན་དག་ནི་ཞལ་ངོ་རྫ་རི་འཁྲིགས་འཁྲིགས་བྱེད་ཀྱིན་པ་ཤ་སྟག་ལས། འཛུམ་སོ་དཀར་ཅན་ཞིག་ནི་ཉིན་མོའི་སྐར་མ་དང་། ནམ་མཁའི་མེ་ཏོག རུས་སྦལ་གྱི་སྤུའི་དཔེ་རུ་སོང་འདུག དེ་དག་ནི་རྒ་སྐྱེ་དགུ་མདོའི་ཐག་ཉེ་རིང་ཀུན་གྱི་སྤུན་ཟླ་ཚོ་ས་འགུལ་གནོད་ཐེབས་ས་ཆར་རོགས་སྐྱོར་དུ་འོང་བའི་སེམས་བཟང་ཅན་ཤ་སྟག་ཡིན་པ་སྨོས་ཅི།
        བདེ་སྐྱིད་ལྷ་མོས“དཔལ་ལྡན། ངའི་སྙིང་གི་བུ་ཆུང་། ད་ལྟ་ཁྱོད་གསོན་འཇིག་རྟེན་འདིར་ཡོད་དམ། ཁྱོད་ཀྱི་ཨ་མྱེ་དང་ནུ་བོ་གཉིས་ཀ་འཇིགས་རུང་ས་འགུལ་གྱི་ཁ་ནས་སྙིང་རྗེ་མེད་པར་ཕྱི་མར་ཁྲིད་ཚར་འདུག”ཅེས་སྙམ་བཞིན་གདོང་ཡོངས་ས་རྡུལ་གྱིས་གཡོག་པའི་ངོས་སུ་མིག་ཆུའི་རི་མོ་ཤར་མ་གཉིས་ཕབ་སྟེ་མ་ནེ་ནས་བྲང་ངོས་སུ་ཡང་ཡང་ཟགས།
        དབུགས་རྒོད་རྟ་རྒོད་རྒྱུག་རྒྱུག་ཏུ་འཚང་བཞིན་སློབ་གྲྭའི་རྒྱ་སྒོ་རུ་ཐོན། མོའི་མིག་ལམ་དུ་དང་ཐོག་མངོན་པ་ནི་སློབ་གྲྭའི་རྒྱ་སྒོ་ཡིན་ལ། སྔོན་ཆད་མོའི་ཕ་ཡུལ་གྱི་བྲག་དམར་བྱ་ཚང་ཅན་ལྟར་བརྗིད་ཆགས་ཤིང་། ཀྲོང་ངེར་འགྱིང་བའི་སྒོ་ཆེན་རྫིག་པོ་དེ་ནི་ཞིག་རལ་དུ་གྱུར་ནས་ཆག་རོ་རྣམས་ཤིན་ཏུ་མི་སྡུག་པའི་གཟུགས་སུ་གྱུར་འདུག་ཅིང་། ར་སྐོར་ནང་གི་ཐོག་ཁང་ཆེན་མོ་ཕལ་མོ་ཆེ་གཡས་གསེག་གཡོན་འགྱེལ་དུ་བཏང་ཡོད་པས་མཇུག་མཐའི་རེ་བ་དེའང་མེ་ཐོག་ལ་ཆུ་བླུག་པ་ལྟར་འགྱུར་ལ་ཉེ། ལྷག་པར་དུ་ཁྱིམ་བདག་མི་ཚོགས་ཀྱི་འཚང་ཁ་ནི་དེ་བས་ཀྱང་ཆེ་ཞིང་། ངུ་འབོད་ཀྱི་ཆོ་ངེ་དང་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་གྱིས་རྣ་ལ་ཟུག་པའི་དུང་བརྡ་རྒྱག་པ་སོགས་འཇིག་རྟེན་ཟིང་ཟིང་ཡོམ་ཡོམ་དུ་སྒུལ་གྱིན་འདུག “བྱིས་པ་མང་པོ་ཞིག་བསད་རྨས་བྱས་འདུག སྙིང་རེ་རྗེ་ཨང”ཟེར་བའི་སྐད་ཆ་དག་བྲག་ཅ་བཞིན་གྲགས་འོང་།
        ད་ནི་མི་ཚོགས་གྲོག་ཚང་བརྡོལ་བ་ལས་ཀྱང་མང་ཞིང་འཚང་ཁ་ཤིན་ཏུ་ཆེ་བས། བདེ་སྐྱིད་ལྷ་མོའི་ལུས་ཤུགས་ཟད་ནས་མདུན་ཕྱོགས་སུ་གོམ་པ་གཅིག་ཙམ་ཡང་ལེན་མི་ཐུབ་པར་ལུས། རྔུལ་ཆུ་དང་མིག་ཆུ་ཡིས་ས་རྡུལ་གྱིས་སྦགས་པའི་གདོང་གི་དྲེག་པ་དེད་ནས་གོང་བར་འཐོར།
        མཚམས་ཤིག་ཏུ་འབྲོག་པ་ཚོས“འདྲེ་ལག་རིང”དུ་འབོད་པའི་ས་རྐོ་འཕྲུལ་འཁོར་ཁ་ཤས་དམག་མང་པོས་སྣ་དྲངས་ཏེ་མི་ཚོགས་གཤགས་ནས་འགྱེལ་མ་ལང་དུ་ཡོད་པའི་སློབ་གྲྭའི་ཐོག་ཁང་དེ་དག་གི་ཕྱོགས་སུ་སོང་། ས་རྐོ་འཕྲུལ་འཁོར་དེ་དག་གིས་ནག་ལྷོག་ལྷོག་གི་དུ་བ་གཏོང་འཕྲོ་གཏོང་འཕྲོ་ཙམ་བྱེད་པ་དང་བསྟུན། ངར་ཤུགས་ཅན་གྱི་སྒྲ་ཆེ་ཙམ་ཆེ་ཙམ་འཕུད་པར་བྱེད། མི་ཚོས་བཤད་ན་ས་རྐོ་འཕྲུལ་འཁོར་གྱིས་སློབ་ཁང་གི་ཞིག་རོ་བསལ་ནས་སློབ་མའི་ཚེ་སྲོག་སྐྱོབ་ཀྱིན་པ་རེད། དཀོན་མཆོག་གིས་གཟིགས། ངེད་ཚང་གི་བུ་ཕྲུག་གི་སྲོག་ཤོར་མེད་པར་ཤོག ཅེས་ཟེར་མཁན་ཡང་འདུག མོའི་སེམས་སུ་“འདྲེ་ལག་རིང”གིས་བྱིས་པ་ཤི་མེད་པ་གསོད་པར་བྱེད་ཅིང་། ཤི་ཟིན་པ་འཐག་པར་བྱེད་ཀྱིན་མེད་དམ་སྙམ་ནས་ལྷག་ཏུ་སྡུག་ལ། སྔོན་ཆད“འདྲེ་ལག་རིང”གིས་སའམ་རྡོའམ་གང་འཕྲད་དག་བལ་ལས་ཡང་པར་གཏོར་ཞིང་དེད་འགྲོ་བའི་སྟོབས་ཤུགས་དྲག་པོ་མིག་ལམ་དུ་ཤར། དམག་མི་མང་པོ་ཞིག་གིས་མིད་པ་འགགས་རག་བར་དུ་ཅི་ཞིག་བཤད་ནས་མི་ཚོགས་འགོག་གིན་འདུག་ལ། མང་པོ་ཞིག་གིས་ལག་ཆ་སྣ་ཚོགས་བཟུང་ནས“འདྲེ་ལག་རིང”གི་གཡས་གཡོན་དུ་རུབ་རུབ་བྱེད་ཀྱིན་པ་ཐག་རིང་ནས་མཐོང་ཐུབ། ཡིན་ནའང་བྱིས་པ་ཚོ་རྐྱེན་ངན་དང་འཕྲད་པའི་ཟུར་ངོ་མར་ཐོན་དགོས་ཟེར་ན་སྟོང་བསམ་ལས་མི་འདུག་ཏེ། ད་ལྟ་མི་ཚོགས་ཀྱི་དཀྱིལ་ནས་གོམ་པ་གང་མདུན་དུ་སྤོ་རྒྱུ་ལྟ་ཞོག་འགུལ་ཙམ་བྱ་རྒྱུའང་ཧ་ཅང་ཁག་པོ་འདུག
        བདེ་སྐྱིད་ལྷ་མོའི་མིག་ལམ་དུ་སྙིང་དུ་སྡུག་པའི་བུ་ཕྲུག་གིས་ཡི་གེ་སློབ་པའི་རྣམ་པ་དང་། དཔེ་ཁུག་ཁུར་ནས་འཛུམ་ཆུང་དང་བཅས་སློབ་གྲྭའི་རྒྱ་སྒོ་ཆེན་པོ་ལས་ནང་དུ་རྒྱུག་འགྲོ་བ་དང་། ཡང་རྒྱ་སྒོ་ཆེན་པོ་ལས་རང་ཉིད་ཀྱི་ཕྱོགས་སུ་རྒྱུག་འོང་པ་སོགས་གློག་བརྙན་བཞིན་ཡིད་ལ་ཤར། “བུ་ཕྲུག་འདིར་མ་འོངས་པར་རེ་བ་ཆེན་པོ་འདུག”ཅེས་པའི་དགེ་རྒན་ཚོའི་གཟེངས་བསྟོད་བྱས་པ་ཡིད་ལ་ཤར། དེ་བཞིན་དུ་སྔ་དྲོའི་མི་ཤི་ཁྱིམ་སྟོང་གི་གནས་ཡུལ་འཇིགས་སུ་རུང་བ། ལུས་ཀྱི་བ་སྤུ་གཟིང་བ། མིག་འཕྲུལ་བའི་རྣམ་པའང་གང་ཞིག་ནས་ཀླད་པར་འཚང་འོང་། ཕ་བུ་དང་མ་བུ་རྣམས་ཀྱི་དགོད་སྒྲ་བསྐྱིལ་སའི་ཁང་བ་དེ་གློ་བུར་དུ་རང་གིས་སྲང་ལམ་ཕྱགས་ཏེ་འཕོ་སའི་གད་སྙིགས་ལྟར་གྱུར་ཡོད་པ་དང་། གད་སྙིགས་ཀྱི་འོག་ནས་རང་ལ་སྙིང་ལྟར་གཅེས་ཤིང་རང་གིས་ཀྱང་ཤིན་ཏུ་གཅེས་པའི་ཕ་དྲིན་ཆེན་དང་། སྙིང་གི་ཕྱེད་ཀར་གྱུར་པའི་བསམ་མེད་བུ་ཕྲུག་གཉིས་ཀྱི་ལུས་པོ་འཁྱག་པ་རྡོ་རུ་གྱུར་པ་མངོན་བྱུང་བའི་ཡིད་ཀྱི་རྒུ་ལའང་འཆར་མ་མྱོང་བའི་གོད་ཆག་ཐོག་ལྟ་བུ་དེ་དྲན་ཞིང་དྲན།
        མི་ཚོགས་ཀྱི་འཚང་ཁ་རྒྱ་མཚོ་ལྟར་སྐྱོམ་མོད། བདེ་སྐྱིད་ལྷ་མོའི་སེམས་སུ་རང་ཉིད་གཅིག་པུ་འཇིག་རྟེན་འདིར་ལྷག་སོང་བ་ལྟ་བུའི་ཚོར་བ་ཞིག་གིས་ཡོངས་སུ་བཟུང་། དེ་རིང་ཞོགས་པར་དྲོད་འཇམ་གྱི་ཉི་འོད་ཤར་མ་བྱུང་ལ། ད་ལྟ་ཉིན་གུང་ཡོལ་ཟིན་ནའང་གནམ་རྒན་མ་སྐྱེ་རྒུའི་གོད་ཆག་འདི་སུ་དང་གང་ཞིག་གིས་བསླང་བར་ཐུགས་ཧ་ཅང་ཁྲོས་པ་དང་འདྲ་བར། སྲོག་ལྡན་ཡོངས་ལ་བདེ་སྐྱིད་ཀྱི་དྲོལ་ཁོལ་སྟེར་བའི་ཉི་འོད་ཡོངས་སུ་བསྒྲིབས་ནས་ས་ཆེན་འདིར་ཟུར་ཙམ་ཡང་འཕྲོ་རུ་མི་འཇུག
        དོན་རྐྱེན་འདི་ལྟ་བུ་ཞིག་ལ་འཕྲད་དུས། འཇིག་རྟེན་སྟེང་གི་ཕ་མ་དང་ཁྱིམ་བདག་སུ་དང་སུ་ཡིན་ནའང་རང་རང་གི་བུ་ཕྲུག་གསོན་ངོགས་སུ་ཡོད་པར་རེ་བ་ཆེན་པོ་མི་བཅངས་མཁན་སུ་ཞིག་ཡོད་དེ་མེད་ཕྱིར། ད་ལྟ་མི་ཚོགས་ཀྱི་རླབས་རྒྱུན་དེ། དགེ་རྒན་ཚོས་སྒྲ་སྒམ་ལས་འབོད་ཀྱིན་པའི་ཉེན་ཁ་ལས་ཐར་ཞིང་རྨས་སྐྱོན་ཡང་ཆེར་མ་ཕོགས་པའི་སློབ་མ་ཚོའི་ཕྱོགས་སུ་འཁོར། བདེ་སྐྱིད་ལྷ་མོ་འཚང་ཁའི་ཁྲོད་ནས་ཆུ་ཚོད་གཅིག་ཙམ་མདུན་ཕྱོགས་སུ་ནུར་བ་ལྟ་བུའི་འགྲོས་ཀྱིས་སོང་རྗེས་ད་གཟོད་བྱིས་པ་ཚོའི་ཟུར་དུ་ཐོན། ས་དེ་ནི་ནམ་རྒྱུན་སློབ་ཕྲུག་ཚོས་རྒྱུག་གཤིབ་སོགས་རྩེད་མོ་སྣ་ཚོགས་རྩེ་སའི་ཐང་ཆེ་ཙམ་ཡོད་ས་དེ་རེད། མདུན་ཅོག་མང་པོ་བསྒྲིགས་ཏེ་ར་བ་བཟོས་པའི་ཕར་ནང་ནི་བྱིས་པ་ཚོ་ཡིན་ལ། ཚུར་ནང་ཁྱིམ་བདག་དག་ཡིན། ཁྱིམ་བདག་ཚོས་མིག་ཟུང་ལྷུང་ལ་ཁད་ཀྱིས་རང་གི་བུ་ཕྲུག་འཚོལ་བ་དང་། སློབ་བུ་ཚོས་རང་རང་གི་ཁྱིམ་བདག་གིས་ནམ་ཞིག་ལ་འབོད་པར་རེ་སྒུག་གི་ཁྲོད་དུ་ཡོད། དགེ་རྒན་ཞིག་གིས་བདེ་སྐྱིད་ལྷ་མོ་ལ“ཁྱོད་ཚང་གི་ཁྱིམ་བདག་གི་མིང་ལ་ཅི་ཟེར། བྱིས་པའི་མིང་ལ་ཅི་ཟེར་ལོ་རིམ་དུ་བ་ཡིན”ཞེས་མགྱོགས་པོས་དྲིས་བྱུང་། བདེ་སྐྱིད་ལྷ་མོས་བྱིས་པའི་ཁྱིམ་བདག་གི་མིང་ནས་འབོད་མ་ཐུབ། མོ་ལ་ཅི་ཁག་སྟེ། ཁྱིམ་བདག་གི་མིང་ནི་རང་གི་ཕ་རྒན་ཡིན་པ་སྨོས་ཅི། ཕ་རྒན་ད་ནངས་འཇིག་རྟེན་ཕྱི་མར་བཞུད་སོང་བ་མ་ཡིན་ནམ། མོས་ངག་ཁྲོལ་ལ་མ་ཁྲོལ་ངང“ཁྱིམ། ཁྱིམ། བདག་ང་ཡིན། བདེ་སྐྱིད་ལྷ་མོ་ཟེར། བྱིས་པའི་མིང་ལ་དཔལ། དཔལ་ལྡན་ཟེར། ལོ་རིམ་གཉིས་པ་ཡིན”ཞེས་བཤད་པ་ན། དགེ་རྒན་དེས་སྐད་སྦུགས་དང་སྒྲ་སྒམ་གཅིག་ལྕོགས་ཀྱི་ཁ་ཆེ་མ་དེ་ཁར་གླན་ནས་སློབ་བུ་ཚོར་ཕྱོགས་ཏེ“བདེ་སྐྱིད་ལྷ་མོ་ཚང་གི་ལོ་རིམ་གཉིས་པའི་སློབ་མ་དཔལ་ལྡན།”“བདེ་སྐྱིད་ལྷ་མོ་ཚང་གི་ལོ་རིམ་གཉིས་པའི་སློབ་མ་དཔལ་ལྡན”ཞེས་ཐེངས་མང་པོར་བོས་ནའང་ཨ་ལན་སྟེར་མཁན་མ་བྱུང་། དགེ་རྒན་འགའ་རེ་ཡིས་དེ་ལྟར་བྱིས་པ་གཞན་དག་ལ་འབོད་ཀྱིན་འདུག་ལ། ལ་ལར་བོས་མ་ཐག་ནས་བྱིས་པས་ཨ་ལན་སྟེར་ཞིང་ལ་ལར་དཔལ་ལྡན་ལྟར་ལན་སྦྱིན་མཁན་མ་བྱུང་། དགེ་རྒན་གྱི་གདོང་ལ་སྐྱོ་        ཉམས་ཆེན་པོ་དོད་ནས། “ཁྱེད་ཚང་གི་བྱིས་པ་རྨས་མའི་གྲས་ཡིན་རྒྱུ་རེད། རྐྱེན་ལམ་དུ་སོང་བའི་གྲས་མིན་པར་སྨོན”ཞེས་ངག་འདར་བའི་ངང་ནས་བཤད་རྗེས། “ཁྱོད་རང་དགེ་རྒན་འདིའི་རྗེས་སུ་སོང”ཞེས་དགེ་རྒན་གཞན་ཞིག་བསྟན། མོའི་མིག་ཟུང་ལས་ཡང་བསྐྱར་མཆི་མ་ཤར་ཤར་དུ་བབས་ནས་འགྲོ་ལམ་མོག་པོར་བཏང་།
བཞི།
        སློབ་ཕྲུག་རྨས་མ་དག་ནི་ཁྱིམ་བདག་སྒུག་ནས་སྡོད་ལོང་མེད་པར་སྡུག་སྐད་བར་མེད་འབྱིན་པའི་མྱུར་སྐྱོབ་རླངས་འཁོར་དག་ཏུ་བཞག་ནས་སྨན་ཁང་སོ་སོར་ཁྱེར་དང་འཁྱེར་བཞིན་འདུག་པས། ད་ནི་བདེ་སྐྱིད་ལྷ་མོས་ཀྱང་ཁྱིམ་བདག་གཞན་ལྟར་བྱིས་པའི་པུར་མང་པོའི་ནང་ནས་རང་གི་བུ་ཕྲུག་མི་འཚོལ་ཀ་མེད་བྱུང་། མོའི་སེམས་སུ་སྔོན་ཆད་ཨ་ཕས་བཤད་པའི“མི་རོས་ས་སྟེང་གང་ལེ། མི་ཁྲག་ཡུར་ཆུ་བཞུར་ལེ”ཞེས་པའི་གླིང་སྒྲུང་ནང་གི་སྐད་ཆ་དེ་དྲན་པར་བྱེད་ཅིང་། དལ་ཅིག་ཏུ་འཇིགས་སྐྲག ཞེད་སྣང་། བཙོག་སྣང་། སྐྱོ་སྡུག་སོགས་སེམས་བྱུང་མང་པོ་ཞིག་གིས་སྐྱ་འཐབ་ནས་ཡུལ་ཡུལ་པོར་གྱུར། གྱོན་པ་གཅིག་མཚུངས་ཡིན་པའི་བྱིས་པའི་པུར་དག་ལས་ཁྱིམ་བདག་ཁ་ཤས་ཀྱིས་བུ་ཕྲུག་གི་པུར་རྙེད་དེ་ངུ་བཞིན་ཁུར་ནས་འགྲོ་གིན་འདུག་ལ། ཕལ་མོ་ཆེ་ཞིག་ལ་བདག་པོ་ཞིག་ཡེ་མི་འདུག དེ་དག་གི་ཁྱིམ་བདག་ཀྱང་ད་ནངས་ནས་ཁང་བ་ཞིག་རོས་མནན་ནས་འོང་རྒྱུ་མེད་སོང་བ་ལོས་ཡིན།
        བདེ་སྐྱིད་ལྷ་མོས་པུར་ཚོགས་ཀྱི་ཁྲོད་ནས་བཙལ་བཙལ་མཐར་རང་གི་སྙིང་གི་དུམ་བུ་སྟེ་བུ་ཆུང་དཔལ་ལྡན་གྱི་རོ་རྙེད་བྱུང་། མོས་བུ་ཆུང་གི་འཁྱག་པོ་རྡོར་གྱུར་པའི་པུར་ལ་འཐམ་ནས་ངུ་འབོད་དྲག་པོ་བྱས་ཤིང་ཡང་བསྐྱར་དྲན་མེད་དུ་བརྒྱལ།
        བརྒྱལ་བ་ལས་སད་པ་ན་དགེ་རྒན་དང་རོགས་སྐྱོར་མི་སྣས་མོ་དང་བུ་ཕྲུག་གི་པུར་གཉིས་ཀ་ཟུར་ཞིག་ཏུ་བཞག་འདུག མོས་སེམས་ཀྱི་གདུང་བ་དྲག་པོ་དེ་མར་མནན་ནས། ད་ནི་ཚར་བ་ཐམས་ཅད་ཚར་སོང་བས“ཤི་བོའི་ར་མདའ་ཆོས་ཟེར་བ་མིན་ནམ”སྙམ་ནས་རང་གིས་རང་ལ་སེམས་གསོ་བྱས། མོས་ལུས་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་བུ་ཆུང་གི་པུར་ཁུར་ཏེ་རང་གི་ཁང་བ་ཞིག་རོའི་ཕྱོགས་སུ་སོང་།
        བདེ་སྐྱིད་ལྷ་མོ་ཁང་ཆག་གི་ཟུར་དུ་ཐོན་པ་ན་ཕ་རྒན་དང་བུ་ཕྲུག་ཆུང་བའི་པུར་གཉིས་མིག་ལམ་དུ་མི་སྣང་། དེ་དུས་གྲྭ་བ་མང་པོ་ཞིག་གིས་ཟོང་སྐྱེལ་རླངས་འཁོར་ཆེན་པོ་ཞིག་གི་ནང་དུ་གཡུལ་ས་ལྟ་བུའི་རོ་དག་འཕེན་གྱིན་འདུག་ལ། གྲྭ་བ་ཁ་ཤས་མོའི་ཟུར་དུ་འོང་ནས་སེམས་གསོ་མང་པོ་བཏང་བ་དང་། “ད་ལྟ་ཁྱེད་ཚང་ལ་མི་ཤི་ཁྱིམ་སྟོང་ཐེབས་ཟིན་པས་ཁྱོད་ལ་པུར་འདི་དག་གི་རྗེས་སྒྲུབ་ལས་ཀ་ལས་ས་དང་ལས་རྒྱུའི་ཆ་རྐྱེན་མེད་པས། དེ་བས་ངེད་དགོན་པས་རྐྱེན་ལམ་དུ་སོང་བའི་མི་འདི་དག་མཉམ་གཅིག་ཏུ་དུར་ཁྲོད་རེག་གྲོལ་གླིང་དུ་བསྐྱལ་ནས་བྱ་སྦྱིན་ནམ་སྦྱིན་སྲེག་གི་ཆོ་ག་སྤེལ་རྒྱུ་མ་ཟད། ངེད་དགོན་པའི་བླ་མ་གྲྭ་ཚང་གིས་ཆོས་ཡག་པོ་འདོན་རྒྱུ་དང་། མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་མང་པོར་བསྔོ་བསྟེན་བཞག་ཏེ་ཁོ་ཚོར་ཐར་བའི་ལམ་སྣ་སྟོན་རྒྱུར་འབད་པ་རྩེ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་གསུངས་སོང་། མོས་བསམ་བློ་ཙམ་བཏང་བ་ན། སྤྱིར་ཕ་ཡུལ་ལུང་བར་མཚོན་ན་ཁྱིམ་ཚང་ཞིག་གི་མི་སུ་ཞིག་ཤི་བར་གྱུར་ན་བླ་མ་དང་གྲྭ་བ་ཁྱིམ་དུ་གདན་དྲངས་ཏེ་ཆོས་འདོན་དུ་འཇུག་པ་དང་། ཤི་བོའི་ཆེད་དུ་འབུལ་བ་ཆེན་པོ་བྱེད་པ། མཆོད་མེ་འབུལ་བ། ལུས་ཕུང་བྱ་སྦྱིན་བྱེད་པ། ཉིན་ཞག་ཞེ་དགུའི་ཡུན་ལ་བླ་གྲྭ་ཆད་མེད་དུ་བསྟེན་ནས་ཆོས་འདོན་པ་སོགས་གཤིན་ཆོས་རྒྱ་ཆེར་སྒྲུབ་པའི་སྲོལ་ཡོད་མོད། ད་ལྟ་མོ་ལ་རྒྱབ་ཀྱི་གྱོན་པ་རྙིང་སོང་དེ་ལས་ཐ་ན་མགོ་བོ་འཛུལ་སའི་ཁྱིམ་ཙམ་ཡང་མེད་པས། གྲྭ་བ་འདི་ཚོར་བཀའ་དྲིན་ཞུ་བ་ལས་འོས་མེད་སྙམ་ཏེ། མིག་ཆུའི་ཐིག་པ་ནི་ཆར་ཆེན་ཁྲོད་ཀྱི་དབྱར་ཁའི་སྦྲ་ནག་གི་ཐིག་ཆུ་བཞིན་ཤ་ར་རར་འཛག་གིན་འཐད་པའི་བརྡ་ལ་མགོ་བོ་ལྡེམ་ཙམ་ལྡེམ་ཙམ་བྱེད།
        བདེ་སྐྱིད་ལྷ་མོ་སྔོན་ཆད་སྲང་བར་དུ་ཁར་ཁེར་མཐོང་རྒྱུ་ཡོད་པའི་ཁྱི་ལྡོམ་ཞིག་དང་ཧ་ཅང་འདྲ་བོ་འདུག ད་ལྟ་མོ་ལ་ཁ་གཏད་ས་དང་བསྟེན་ས་ཆགས་ས་གང་ཡང་མེད་པས་དངོས་གནས་ཁ་ཤར་ལྷོ་ནུབ་བྱང་གང་དུ་འཁོར་དགོས་མི་ཤེས་ལ། གང་ལ་འཁོར་ན་གཅིག་འདྲ་ཡིན་པར་སྣང་། ད་ལྟ་མོས་ཚོད་དཔག་བྱས་ན་ཕལ་ཆེར་ཕྱི་དྲོའི་ཆུ་ཚོད་ལྔ་དྲུག་སྟེ། སྔོན་ཆད་ཡིན་ན་མོས་དགོང་མོའི་སྲང་བར་ཕྱགས་པའི་དུས་ཚོད་དུ་ཐོན་པར་སྣང་མོད། ཉི་མ་ནི་དེ་རིང་གི་ཤི་རྨས་ཁྲག་གི་འཁོར་ལོ་འདི་དག་ལ་གཟིགས་འདོད་ཡེ་མེད་པ་ལྟར་སྤྲིན་པ་དང་ས་སྨུག་སྟུག་པོ་ཞིག་གི་ཕག་ཏུ་ཡིབ་པས་མཐོང་ལམ་དུ་མི་སྣང་། མོ་ལ་ད་དུང་ལྟོགས་སྣང་ཅུང་ཙམ་ཡང་མེད་མོད། དེ་རིང་ལུས་ནས་རྔུལ་ཆུ་དང་མིག་ཆུ་བཞུར་དྲག་པས་ཡིན་ནམ། ཁོག་ནང་གི་བཤེར་ཁུ་ཡོད་ཚད་སྐམ་ལ་ཉེ་བ་ལྟར་སྐོམ་པ་དྲག་པོ་ཞིག་ལངས་བྱུང་བས། མོ་འཁྱར་མ་འཁྱོར་གྱིས་སྲང་ལམ་གྱི་ཕྱོགས་སུ་སོང་། སྲང་ལམ་དུ་མི་ཚོགས་དང་རླངས་འཁོར་གྱི་འདུ་ཚོགས་རབ་ཏུ་འཁྲིགས། དེ་རུ་མི་སེམས་བཟང་མང་པོ་ཞིག་གིས་གོད་ཆག་ཐེབས་པའི་མི་མང་པོ་རྟ་རྒྱུགས་ཐང་དུ་སྐྱེལ་བཞིན་འདུག མོ་ཡང་རླངས་འཁོར་ཞིག་ཏུ་བཞག་སྟེ་རྟ་རྒྱུགས་ཐང་གི་ཕྱོགས་སུ་བཞུད། སྔོན་ཆད་རྟ་རྒྱུགས་ཐང་གི་ཕྱོགས་སུ་འགྲོ་མཁན་ནི་ལུས་སུ་མཆོར་ལྭ་གྱོན་ཞིང་རྒྱན་ཆ་སྣ་ཚོགས་ཀྱིས་སྤྲས་པ། དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་གིས་རྟ་གཤིབ་སོགས་འགྲན་བསྡུར་སྣ་ཚོགས་ལ་ལྟད་མོར་འགྲོ་བ་ཡིན་མོད། དེ་རིང་རྟ་རྒྱུགས་ཐང་དུ་འགྲོ་མཁན་དག་གི་སོ་སོའི་གདོང་ལ་སྐྱོ་ཡུས་ཀྱི་མུན་པ་འཐིབས་ཏེ་ཉེན་བྱོལ་དུ་འགྲོ་བཞིན་པ་རེད། དེ་ནི་ཇི་འདྲའི་ལྡོག་ཟླའི་དཔེ་གཞི་གཉིས་རེད་ཨང་།
        དེ་རིང་རྟ་རྒྱུགས་ཐང་ནི་གུར་དང་རླངས་འཁོར། མི་ཚོགས་སྔོན་ཆད་ལས་ལྡབ་འགྱུར་གྱིས་མང་ཞིང་། ད་ནི་ཕལ་ཆེར་གུར་གཅིག་ཙམ་ཕུབས་སའང་མི་འདུག་སྙམ་པ་ལྟར་ཡོངས་སུ་གང་ནས་ཡོད་ལ། གྲྭ་བ་དང་སྨན་པ། ཇོ་མོ། སློབ་མ། ལས་བྱེད། མང་ཚོགས་སོགས་མི་རྣམ་པ་སྣ་ཚོགས་ཀྱིས“ཁྲག་ཚབ་དགོས་ས་ཨེ་ཡོད། ཁྲག་ཚབ་དགོས་ས་ཨེ་ཡོད།”“སྨན་དགོས་ས་དང་ཁབ་རྒྱག་དགོས་ས་ཡོད་ན་འདིར་ཤོག” “ཟ་མ་ཟ་རུ་ཤོག ཇ་འཐུང་དུ་ཤོག སྐོམ་ཆུ་འཐུང་དུ་ཤོག” “ཉལ་ས་དང་འདུག་ས། ངལ་གསོ་ས་ཡོད་པས་འདིར་ཤོག”སོགས་ཀྱི་འབོད་སྒྲ་མང་པོ་སྒྲོག་གིན་འདུག་ལ། ད་ཅི་གྲོང་རྡལ་སྟེང་བཞིན་འདི་རུ་ཡང་རོ་མང་པོ་ཟོང་འཁོར་ཆེན་པོ་ཞིག་གི་ནང་དུ་གཡུག་གིན་འདུག
        བདེ་སྐྱིད་ལྷ་མོས་སེམས་བཟང་ཞིག་གིས་སྦྱིན་པའི་གཏེར་ཆུ་འགྱིག་དམ་གསུམ་འཕྲོ་རིམ་འཕྲོར་འཇང་བས་རྙིད་ལ་ཉེ་བའི་ལྗང་མྱུག་ཆུང་ཆུང་ཞིག་བརླན་གྱིས་བཟུང་བ་ལྟར་གསོན་ཤུགས་རྒྱས། ལུས་སེམས་གཉིས་ཀ་ཇེ་ཡང་དང་ཇེ་གསལ་དུ་ཕྱིན། དེ་དུས་མི་ཚོགས་ཀྱི་ཁ་བརྡའི་ཁྲོད་ནས“ད་ནངས་སྔ་དྲོར་རྒྱལ་ཁབ་ཀྱི་འགོ་ཁྲིད་ག་གེ་མོ་ཆེད་དུ་གནམ་གྲུར་བསྡད་ནས་འདིར་ཕེབས་ཏེ། སྲིད་གཞུང་གི་ཕྱོགས་ནས་མི་ཤུགས་དང་རྒྱུ་ཤུགས་གཉིས་ཀ་བཏོན་ནས་ཡུལ་ཤུལ་གནོད་ཐེབས་ས་ཆར་ཤུགས་ཆེན་པོ་འདོན་རྒྱུ་ཡིན་ལ། ལྷག་པར་དུ་ཞིག་རོའི་ཁྲོད་ཀྱི་སྲོག་སྐྱོབ་ཀྱི་ལས་ཀར་ཚན་རིག་དང་མཐུན་པའི་སྒོ་ནས་འབད་པ་བྱ་རྒྱུ་གཙོ་བོར་བཟུང་སྟེ། རྨས་མ་སྨན་ཁང་དུ་སྐྱེལ་བ། ཤུལ་ལུས་ཀྱི་མི་ཚོར་བཟའ་བཏུང་གྱོན་པ། སྡོད་གུར་སོགས་ཕྱོགས་ཡོངས་ནས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་དངོས་སུ་གསུངས་སོང་བས། དངོས་གནས་བཀའ་དྲིན་ཆེན་པོ་རེད”ཅེས་དང་། “འདི་གའི་སྤུན་ཟླ་མི་རིགས་ཚོས་གདུང་སེམས་མཉམ་བསྐྱེད་བྱེད་ཚུལ་ལ་བལྟས་ན། མི་སུ་ཡིན་ཡང་གལ་གནད་དུ་ཐོན་ཚེ་སེམས་རྒྱུད་ལ་སྙིང་རྗེ་མེད་ས་ཞིག་མི་འདུག་ཨང་།” “ལྷག་པར་དུ་གྲྭ་བ་ཚོས་བྱམས་དང་སྙིང་རྗེའི་མཛད་པ་དེ་ནི་དངོས་གནས་སེམས་ལ་མི་ཤོང་བ་ཞིག་རེད”ཅེས་སོགས་ཁ་བརྡ་སྣ་ཚོགས་ལབ་ཀྱིན་འདུག བདེ་སྐྱིད་ལྷ་མོའང་གྲྭ་བ་ཞིག་གིས་ཁྲིད་དེ་གུར་ཞིག་གི་ནང་ལ་སྡོད་དུ་བཅུག གུར་གྱི་ནང་དུ་མལ་ཆས་དང་། སྦངས་ཐུག སྐོམ་ཆུ། གོར་སྐམ་སོགས་མང་པོ་ཞིག་བཞག་འདུག མོས་གྲྭ་བར་བཀའ་དྲིན་ཡང་ཡང་ཞུས།
        བདེ་སྐྱིད་ལྷ་མོ་གཅིག་པུར་གུར་ནང་དུ་ཅུང་ཞིག་བསྡད་པ་ན། གུར་ནི་ཤིན་ཏུ་ཆེ་བར་སྣང་། མོ་ཚང་གི་ཁང་མིག་གྱན་གཉིས་པོ་དེ་ལས་ལྡབ་འགྱུར་གྱིས་ཆེ་བར་སྣང་། མོ་ལ་བྱམས་པའི་སེམས་གྱིས་སྐྱོང་བའི་ཕ་དང་བརྩེ་བའི་འཛུམ་ཆུང་གྲོལ་བའི་བུ་ཕྲུག་སོགས་སྐད་ཅིག་ཉིད་དུ་མེད་པར་གྱུར་པའི་རྨི་ལམ་ལྟ་བུའི་གོད་ཆག་དེས་རང་ལུས་རང་གཅུན་མི་ཐུབ་པར་གྱུར་ནས་གུར་སྒོར་བུད། རྒྱང་རིང་གི་རི་བོ་དག་གི་ཚུགས་ཀ་གསལ་བོ་ཞིག་ལས་མི་མཐོང་བས་ད་ནི་ས་རུབ་ལ་ཉེ་འདུག མུན་པས་ཁོར་ཡུག་ཟ་ལ་ཉེ་བ་ལྟ་བུའི་ནུབ་ཁ་དེར་བདེ་སྐྱིད་ལྷ་མོར་སྐྱོ་སྣང་དང་སྐྲག་སྣང་ཟུང་ཞིག་སེམས་པའི་གཏིང་རུམ་ནས་འཕྱུར་ཏེ་འོང་། །
༢༠༡༧ལོའི་སྤྱི་ཟླ་༤བའི་ནང་དུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1