བརྩེ་དུང་གི་འཕྲུལ་སྣང་། (གཞན་གཅིག)

བཀྲ་ཤིས་ཚེ་རིང་། (གཞིས་ཀ་རྩེ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


མ་མཐོང་མིག་གི་ལམ་ནས་མཐོང་འདོད་ཅིག །
མཐོང་ན་ཡིད་ཀྱི་གཏིང་ནས་གཤིབ་འདོད་ཅིག །
གཤིབས་ཡུན་རིང་ན་རིང་བས་ཞེ་བསུན་ཞིག །
ངེས་མེད་སེམས་ལ་ཆ་འཇོག་ཅི་ཞིག་མཆིས། །
གྱེས་ན་གྱེས་ཡུན་རིང་བས་དྲན་གདུང་ཞིག །
དྲན་ན་དྲན་ཡུན་རིང་བས་མཇལ་ན་བསམས། །
མཇལ་ནས་འགྲོགས་ཡུན་རིང་ན་ཞེ་འཁོན་ཞིག །
ལྐོག་གྱུར་སེམས་ལ་ཡིད་རྟོན་ཅི་ཞིག་མཆིས། །
འདྲིས་གཤིབ་ཡུན་རིང་མ་སོང་སྙིང་ཁ་ནས། །
འབྲལ་མེད་བརྩེ་བ་དྲག་པོས་མ་བཞག་པར། །
གློ་སྙིང་དམར་རྗེན་འདོན་འདོད་ཀུན་སློང་གིས། །
བློ་གཏད་བཅོལ་བ་སྔ་དྲགས་གནོང་འགྱོད་ཅིག །
མ་བཅོས་སེམས་ཀྱིས་བློ་དཀར་གང་ཉིད་ལ། །
མ་གསང་སྙིང་གཏམ་སྒྲིབ་མེད་སེམས་ནས་ཐལ། །
མི་སྡོད་དུས་ཀྱི་འཁོར་ལོའི་འགྲོས་དང་ལྷན། །
མི་ཆུན་བློ་ཡིས་གསང་བ་ཀུན་ལ་བསྒྲགས། །
བལྟས་ན་དགུང་སྔོན་བཞིན་དུ་བློ་བག་ཡངས། །
དཔག་ན་རྒྱ་མཚོ་བཞིན་དུ་གཏིང་དཔོག་དཀའ། །
འཛུམ་ན་སྐར་ཆེན་བཞིན་དུ་ལམ་ལམ་འཚེར། །
འགྲོགས་ན་སྐར་མདའ་བཞིན་དུ་ཕྱི་ཐག་ཐུང་། །
འདྲིས་ཁར་ངོ་བསྟོད་གཏམ་གྱི་མཆོད་པ་ཕུལ། །
གྱེས་ཁར་ཟུར་ཟའི་ཚིག་གིས་ངན་མཚང་འབྲུ། །
རྒྱུན་དུ་བློ་སྣ་ཐུང་བའི་ཧུ་ཤུ་སྒྲོག །
སྔ་ཕྱིའི་འགྱུར་བར་བློ་ཁ་ཇི་ལྟར་གཏོད། །
ཡིད་སེམས་དཀར་བོ་ཤོར་ཡུལ་གང་ཉིད་ལ། །
སྐྱོན་དང་དྲི་མས་འགོས་ཀྱང་བཟོད་ནུས་ཏེ། །
མི་ཁ་བཙན་པོའི་དབྱེན་དང་དཀྲུག་ཤིང་ཁྲོད། །
མཛའ་མཐུན་དམ་བཅའ་རྒྱབ་ཏུ་བསྐྱུར་བ་ཞན། །
བྱད་བཞིན་བཟང་ན་བཟང་བའི་མི་ཁ་སྒྲོག །
མི་སྡུག་ངན་ན་ངན་པའི་མི་ཁ་སྒྲོག །
ཕྲག་དོག་སེམས་ཀྱིས་ཡན་པོར་མི་གཏོང་བས། །
ནང་གི་ཀུན་སློང་བཟང་བོ་རྒྱུན་སྲིངས་ཤོག །
དུང་དུང་ཁོང་དུ་འཆང་མཁན་སྨྲ་བ་ཉུང་། །
མཁས་མཁས་སྙན་སྙན་མང་ན་དུང་བ་རྫུན། །
དམར་ཆུང་སེམས་དང་སྨྲ་མང་ལྕེ་ཡི་བར། །
རྒྱང་ཐག་ལེ་དབར་ཆོད་པ་ཨེ་མ་མཚར། །
སེམས་ཀྱི་མེ་ལོང་དྭངས་མའི་ངོ་རིས་ནས། །
མངོན་སུམ་བྱད་བཞིན་འགོག་མེད་འཆར་བ་ལས། །
ཁྲེལ་གཞུང་ཡིད་ཀྱི་བཟང་ངན་མི་མངོན་པས། །
གང་གང་དེ་ལ་བློ་གཏད་བཅོལ་བར་གཟབ། །
སེམས་ཀྱི་བརྩེ་ཞེན་འཆང་ཡུལ་གང་ཉིད་ཀྱིས། །
ཡིད་འདྲིས་བློ་གཏད་དང་ལེན་ལེགས་མོད་ཀྱང་། །
དཀའ་ཁག་གནས་སུ་གྱེས་པའི་ཐབས་སྡུག་འདིས། །
ལོ་གསུམ་མི་གསོའི་རྨ་ཁ་སེམས་སུ་གས། །
ཐོགས་རེག་བཀག་གིས་མི་ཁོག་བརྩེ་དུང་ཞེས། །
ཡང་སྙིང་གང་ཡིན་གནའ་ནས་ད་བར་དུ། །
སུས་ཀྱང་ཆོད་སྡོམ་གཅོད་པར་མི་ནུས་མོད། །
ཡིད་སེམས་མང་བོར་སྡུག་སྣང་དེ་ཡིས་སྦྱིན། །
བརྩེ་དུང་ཀུན་གྱི་བྱེད་པོ་སེམས་ཡིན་ཞིང་། །
སེམས་ཀྱི་བཟང་ངན་ལ་བརྟེན་འབྲས་བུ་འཁོར། །
མགོ་བསྐོར་བསླུ་བྲིད་བསྲེས་པའི་བརྩེ་དུང་ཉིད། །
གདུང་བ་བསུ་བའི་གཤེད་མ་ཉག་ཅིག་ཡིན། །
ཕྱི་ཡི་བྱད་བཞིན་མཛེས་ན་ཀུན་གྱིས་དུང་། །
ནང་གི་སེམས་རྒྱུད་མཛེས་ན་དེ་བས་བརྩི། །
ཕྱི་ནང་གཉིས་འཛོམས་བརྩེ་དུང་མེ་ཏོག་ལ། །
བདེ་སྐྱིད་འབྲས་བུ་སྨིན་རྒྱུ་སྔ་ཕྱི་ཙམ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1