རླུང་བུས་དཀྲུག་པའི་སེམས།

བཀྲ་ཤིས་ཚེ་རིང་། (གཞིས་ཀ་རྩེ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


རླུང་བུས་ས་གཞི་དཀྲིས་ནས་སེམས་པ་ཟིང་ལ་གཏད་སོང་། །
རླུང་བུ་དྲག་རང་དྲགས་ནས་དམིགས་པ་རབ་རིབ་གྱུར་སོང་། །
རླུང་བུ་ནུབ་ནས་ལྡང་ཀྱང་གོམ་ཁ་ནུབ་ལ་གཏད་དགོས། །
རླུང་བུ་འཁྲུག་པ་མ་གནང་དྲན་པ་ཡིད་ནས་བརླགས་སོང་། །
ནུབ་རླུང་དྲག་པོའི་ཤེད་ཀྱིས་ཕྱག་གཤམ་ཤར་ལ་དེད་ཀྱིས། །
བརྩེ་བ་གྲང་མོའི་རླབས་ཀྱིས་ཡིད་ཁ་འཁྱགས་ལ་གཏད་ཀྱིས། །
མེ་རུ་འབར་བའི་མཚམས་སྤྲིན་རླུང་གིས་དེད་པ་བཞིན་དུ། །
བརྩེ་བ་འཁྱགས་ལ་གཏད་པའི་སེམས་པ་གོར་མ་རྡོ་རེད། །
ནམ་མཁའ་རྡུལ་གྱིས་སྒྲིབ་ནས་ཉི་མར་དྲོད་སྣང་མི་འདུག །
བརྩེ་བ་དྲན་པས་བསྐྱངས་རུང་དུང་བའི་ལན་པ་མི་འདུག །
ཐལ་རྡུལ་སྟུག་པོའི་མིག་རྒྱང་མག་མོག་སེམས་པ་འདྲ་བྱུང་། །
མིག་ལམ་རབ་རིབ་ཁྲོད་ན་བསྐྱོད་དང་མ་སྐྱོད་མི་འདུག །
ཐལ་རྡུལ་རླུང་འཚུབ་ཁྲོད་ནས་སེམས་ཀྱི་གྲུ་ཁ་འཚལ་ཡང་། །
ལྷིང་འཇགས་སེམས་ཀྱི་འཁོར་ས་མི་སྣང་རྡུལ་གྱིས་བཀང་བྱུང་། །
རླུང་བུ་འཇགས་པར་བསམ་ཡང་མི་འཇགས་ལྷག་ཏུ་ལྡང་བྱུང་། །
སེམས་པ་འཁྲེང་བའི་མི་དེ་འཁྲེང་བཞིན་འཁྲེང་བཞིན་རྒྱང་བྱུང་། །
སྤང་ལ་མེ་ཏོག་བཀྲ་ཡང་ཕྲག་དོག་རླུང་བུས་དེད་ཀྱིས། །
ཡིད་ན་དུང་བ་རུམ་ཡང་དྲན་པ་སྐྱ་བོས་བརླག་གིས། །
རླུང་བུ་ལྡང་ན་ལྡང་ཞིག་བསིལ་འཇམ་ངང་ནས་ལྡང་ཞིག །
སྐྲ་ལོ་སིལ་སིལ་བསྐྱོད་པར་བསིལ་རླུང་གྲོགས་སུ་དགོས་ཀྱིས། །
འཐོར་རླུང་དྲག་པོའི་འོག་ནས་ཡིད་ཀྱི་བྱ་སྐྱིབས་ཕུག་ཏུ། །
མི་གཙང་རྡུལ་གྱིས་སྦགས་པའི་དྲན་པ་རྙིད་ནས་ཡལ་འགྲོ། །
མིག་རྒྱང་རིང་དུ་འགོས་ནས་མཐོང་ལམ་གསལ་ལ་རེ་ཡང་། །
རླུང་བུ་འཚུབ་རང་དྲགས་ནས་སྣང་རྒྱུ་ཐལ་སྐྱའི་ཁམས་རེད། །
ཡིད་ཁ་སྤྲོ་བས་གཏམས་ནས་གདེང་གིས་བསྐྱོད་ན་བསམ་ཡང་། །
མ་ངེས་སྲིད་པའི་ལམ་ནས་སེམས་ཉིད་འཁྱག་གིས་གདུང་བྱུང། །
གནམ་ས་རླུང་བུས་བཀངས་བས་མཛེས་ལྗོངས་སྣང་རྒྱུ་མི་འདུག །
ཡིད་སེམས་རླུང་གིས་སྒྲིབ་ནས་བདེ་བ་ཚོར་རྒྱུ་མི་འདུག །
རླུང་བུ་རླུང་བུ་མ་གསུངས་ལྡང་ཤུགས་ཆེ་ན་དགྲ་རེད། །
བརྩེ་བ་བརྩེ་བ་མ་སྨྲོས་སེམས་པ་ལོག་ན་སྡུག་རེད། །
ངོ་མཚར་ལྗོངས་ཀྱི་བཀོད་པ་དྲག་པོའི་རླུང་གིས་སྦགས་བཞིན། །
ཡིད་སེམས་དྭངས་མའི་བརྩེ་བ་སྒྱུ་མའི་ལས་ཀྱིས་དཀྲུག་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1