ཀུན་བདེ་གླིང་དགོན་པའི་ཕུག་རོན།

བློ་བཟང་རྒྱ་མཚོ། (ལྷ་ས ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


གནམ་རལ་ཡང་འཚེམ་བུ་རྒྱག་མཁན་མེད།
ས་རུལ་ཡང་སྨན་བཟང་བདུག་མཁན་མེད།
མིག་ཟུང་གཤོག་པས་བཀབ་པའི་ཀུན་བདེ་གླིང་དགོན་པའི་ཕུག་རོན།
དུས་རབས་འདིའི་སྔོ་ཡུག་ཡུག་གི་རྒྱ་བྱ་དཀར་པོ་ཞིག
ལྕགས་པོ་རིའི་གློག་ཤིང་ལ་མགོ་བོ་ཁེན་ནས།
བར་མ་རིའི་ཡུལ་ལྗོངས་ལ་མིག་མདའ་འཕངས་ཚེ།
རི་སྟེང་གི་འོད་འཕྲོ་ལྷ་ཁང་ནས་འོད་མི་གསལ།
རི་གཤམ་གྱི་ཀུན་བདེ་གླིང་དགོན་པའི་གན་ཇི་ར་འཁྱོག་ཟིན།
ཀུན་བདེ་གླིང་དགོན་པའི་ཕུག་རོན།
ཀུན་བདེ་གླིང་དགོན་པའི་སྤེན་བད་འོག་ནས་འཕུར་ཏེ།
རི་སྐེད་ཀྱི་ཀོན་ཏིས་ལྷ་ཁང་སྟེང་དུ་ཉི་འོད་བསྲོ་གིན་འདུག
མ་གཞི། ཕུག་རོན་ཚང་མ།
ཞི་བདེ་དང་ལྷིང་འཇགས་ཀྱི་མཚོན་རྟགས་རེད།
གོར་ཁའི་བཙན་དམག་གི་ལན་ནམ།
སོག་པོའི་རྟ་དམག་གི་རྐྱེན་ནམ།
དགའ་ལྡན་ཕོ་བྲང་གིས་ལན་ནམ།
མན་ཇུའི་སྲིད་ཇུས་ཀྱིས་རྐྱེན་ནམ།
ད་ཆ། ཀུན་བདེ་གླིང་དགོན་པའི་ཕུག་རོན།
བདེ་སྐྱིད་དཀྱིལ་ལམ་གྱི་རྒྱ་མོའི་བརླ་བར་གྱི་འདུ་འཛི་ལ་གཡེངས་ཟིན།
པེ་ཅིང་དཀྱིལ་ལམ་གྱི་རླངས་འཁོར་གྱི་དུང་སྒྲ་ལ་གོམས་ཟིན།
ཉང་བྲན་ཕུ་ཡི་ས་ཞིང་སྣུམ་པོ།
ཁང་བརྩེགས་མཐོན་པོའི་རྐང་འོག་ཏུ་ནུབ།
ཕོ་བྲང་རྒྱབ་ཀྱི་འདམ་རྩྭ་སྔོན་པོ།
བཟོ་གྲྭའི་མཁའ་ཡི་དུ་ཞགས་ཀྱིས་མིད།
རྫོང་རྒྱབ་ཀླུ་ཁང་དང་ནོར་བུ་གླིང་ཁ།
བྱ་རོག་ཁྱུ་ཡི་སྐད་སྒྲས་བཟུང་།
གཤོག་ཟུང་གི་རང་དབང་དང་ཁ་ཕྱོགས་བོར་བའི།
ཀུན་བདེ་གླིང་དགོན་པའི་ཕུག་རོན།
པོ་ཏ་ལའི་ཐང་ཆེན་ཐོག་རྒྱ་བྱ་དཀར་བོའི་ལྟོ་ལྷག་ལ་རོལ་ནས་འདུག
དཔེར་ན། ཉི་མ་དང་ཟླ་བ་བཞིན།
ཀུན་བདེ་གླིང་དགོན་པ་དང་།
ལྷ་སའི་བར་རྒྱང་ཐག་ལེ་དབར་ཇི་ཙམ་ཡོད།
དཔེར་ན། གངས་རི་དང་གཡུ་མཚོ་བཞིན།
ཀུན་བདེ་གླིང་དགོན་པའི་ཕུག་རོན་དང་།
ང་ཚོའི་བར་འབྲེལ་ཐག་དུམ་བུ་ཇི་ཙམ་ཆོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1