ཁྱོད་ནི་མ་ཞིག་གི་མིག་དང་ཕ་ཞིག་གི་སྙིང་ཡིན། (གཞན་གཅིག)— སི་རི་ཡ་ནས་བཙན་བྱོལ་གྱི་ལམ་ནས་རྐྱེན་ལམ་དུ་ཤོར་བའི་བྱིས་པ་དེར།

བདེ་སྐྱིད་སྒྲོལ་མ། (མཚོ་ནུབ་ཁུལ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


བྱིས་པ་ལགས། བདེ་བར་གཟིམས་པའི་བཟོ་ལྟ་ལས།
མ་ཞིག་ལ་ལྷག་ཏུ་བཟོད་དཀའ་པའི་ན་ཟུག་སྦྱིན།
ལག་པ་ཆུང་ཆུང་གིས་ད་དུང་ཅི་ཞིག་སློང་བསམ་ཡོད།
ཨ་མའི་ལག་གི་ཞོར་ཟས་སམ།
ཁྱོད་དགའ་བའི་རྩེད་ཆས་དེ།
མགོ་བོ་ཆེ་ཆེ་དེ་གང་ལ་འཇོག་བསམས་ཡོད།
ཨ་མའི་ཕྲག་མགོའམ།
ཁྱོད་ལ་འཚམ་པའི་སྔས་མགོ་ཆུང་ཆུང་དེར།
འོ་ཡི་མཆུ་ཏོ་ནི་གང་ལ་གླན་བསམས་ཡོད།
མ་ལོའི་ཁ་སྒོའམ།
ཕ་ལོའི་མཁུར་མགོ
རྐང་བ་ཆུང་ཆུང་ནི་གང་ལ་སྤོ་བསམས་ཡོད།
ཁྱིམ་གཞིས་དྲོན་མོའམ།
ཁྱོད་ལ་མིང་བཏགས་པའི་ཁང་མིག་དེ།
ལུས་པོ་ཆུང་ཆུང་ནི་གང་ལ་གཏད་བསམས་ཡོད།
ཨ་མའི་པང་ཁུག་གམ།
ཁྱོད་ལ་རན་པའི་མལ་ཁྲི་དེ།
… …
བྱིས་པ་ལགས། མི་ལོ་གསུམ་གྱི་དུས་ཚོད་ནང་།
རང་གཤིས་དྭངས་མས་ཕ་ངོ་མ་ངོ་ཟིན་པ་ཙམ་གྱིས།
འཇིག་རྟེན་ནི་ཟོལ་སྦྱོར་གྱི་ཁོར་ཡུག་ཅིག་ཡིན་པ་རྟོགས་སམ།
ཆབ་སྲིད་ཀྱི་འཁྲུག་རྩོད་ཅིག་ཡིན་པ་ཤེས་སམ།
གཅེས་ལང་གིས་མ་ཡི་མཐའ་སྐོར་ནས་གཡེང་བའི་གཅེས་ཕྲུག
ཟོལ་གྱི་འཛུམ་མདངས་མ་ཡིན་པའི་བྱིས་ཉམས་ལས།
ཁ་སང་གི་བཞུད་ལམ་ལ་ད་དུང་འཆར་ཡན་གྱི་རྟོག་བཟོ་བྱས་ཡོད་དམ།
གྲུ་གཟིངས་ཀྱི་གཡོ་འགུལ་ལ་ཐེ་ཚོམ་བྱས་ཡོད་དམ།
འཛམ་གླིང་ནས་མིག་ཟུང་ཁྲི་ཕྲག་མང་བོ་ཁྱོད་ཀྱི་བཟོ་ལྟར་ཅེར་ཡོད་དུས།
ཁྱོད་ད་དུང་དེ་འདྲའི་ལྷོད་ལྷོད་ཀྱི་སྣང་བརྙན་ལས།
འཇིག་རྟེན་ལ་ཅི་འདྲའི་རི་མོ་ཡག་པོ་ཞིག་བྲི་གྲབས་ཡོད་པ་ཤེས།
མ་ཞིག་གི་ངུ་འབོད་དང་ཕ་ཞིག་གི་ཨག་སྐད་ཅིག་གིས།
ཞི་བདེ་དང་དྲོད་སྐྱིད། བག་ཡངས་ཀྱི་བྱིས་པའི་འཇིག་རྟེན་ཞིག་བསྐྲུན་ཐུབ་ཚེ།
ཨ་མའི་ངུ་འབོད་ཀྱིས་ནམ་མཁའ་བཀང་ཆོག་ལ།
ཕ་ལོའི་ཨག་སྐད་ཀྱིས་རྒྱ་མཚོ་དཀྲུགས་ཆོག
ཨ་མའི་བྱམས་བརྩེའི་འོད་ཞགས་ལ་རེ་ནས།
བརྩེ་འདང་གི་འོ་ཞིག་ལ་བསམས་ནས།
ཨ་མའི་བྲང་ལ་སྦྱར་ནས་གཉིད་དུ་ཡུར་ཞིག
ཕ་ལོའི་གདོང་ལ་འཛུམ་ཆུང་བསྟན་ནས།
ཕུ་ནུ་མིང་སྲིང་འཛོམས་པའི་བྱིས་སྒྲུང་ལ་རྣ་བ་བླགས་ནས།
བྱིས་པའི་ལྷ་སྒྲུང་ཞིག་ཕ་རོལ་གྱི་འཇིག་རྟེན་ནས་སྐྲུན་ཅིག
མ་ཞིག་གི་སྙིང་ནས་ཕྱུང་བའི་ཚིག་འདིས།
ཞི་བདེ་ཡི་དབྱངས་རྟ་གསོན་པོ་ཞིག་བཞེངས་ཐུབ་ཚེ།
མ་ཡི་མིག་ཟུང་བྲུས་པའི་སྡུག་བསྔལ་མྱངས་དགོས་དོན་ཅི།
ཕ་ཡི་སྙིང་ལ་གཙགས་པའི་མནར་གཅོད་མྱངས་དགོས་དོན་ཅི།
ཕ་ཞིག་གི་འུ་ཐུག་ཐབས་ཟད་ཀྱི་མིག་ཆུ་ལ།
སུ་ཞིག་གིས་ལན་ལྡོན་ཐུབ་ཨང་།
བྱིས་པ་ལགས། གཅེས་ཕྲུག་ཁྱོད།
མ་ཞིག་གི་མིག་ཡིན། ཕ་ཞིག་གི་སྙིང་ཡིན།
འོན་ཀྱང་མ་བུའི་བདེ་སྡུག་ཁ་མོ་དང་།
མིའི་རིགས་ཀྱི་བྱིས་སྒྲུང་རེ་རེ།
རྒྱ་མཚོའི་འཁྱག་སར་ལྷུང་འདུག


རྩོམ་ཡིག་རྗེས་མ།
བུད་མེད་དང་དཔེ་ཆ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1