བུད་མེད་དང་དཔེ་ཆ།
བདེ་སྐྱིད་སྒྲོལ་མ། (མཚོ་ནུབ་ཁུལ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27
བུད་མེད་ནི་དཔེ་ཆ་ཞིག་ཡིན་དགོས།
ད་དུང་བཀླག་རིན་ཡོད་པའི་དཔེ་ཆ་དེ་ཡིན་དགོས།
ཡིག་འབྲུ་རེ་ན་མུ་ཏིག་གི་མར་ལོ་མངོན།
ཚིག་འབྲུ་རེ་ན་བསླབ་བྱའི་འོ་དྲི་འཐུལ།
ཐིག་ཤར་རེ་ན་ཐོས་པའི་འབྲི་ཞོ་བསྙལ།
ཤོག་ངོས་རེ་ན་གསུང་གི་སྤྲི་གསར་འཁྱིལ།
ལེའུ་རེ་ན་གཏམ་གྱི་རྩམ་དྲི་བསྟིམས།
གླེགས་བམ་རེ་ན་མི་ཚེའི་བློ་སྒོ་འབྱེད།
བུད་མེད་ནི་དཔེ་ཆ་ཞིག་ཡིན་དགོས།
ད་དུང་བཀླག་རིན་ཡོད་པའི་དཔེ་ཆ་དེ་ཡིན་དགོས།
སྐྱོ་དུས་ན་ཟུག་ཡི་གེར་ཕབ་ནས།
གདུང་བ་གཏམ་དུ་བཅོས་ཆོག
དགའ་དུས་སྤྲོ་བ་ཤོག་ངོར་སྦྱར་ནས།
དུངས་པ་སྒྲུང་དུ་བླངས་ཆོག
བུད་མེད་ནི་དཔེ་ཆ་ཞིག་ཡིན་དགོས།
ད་དུང་བཀླག་རིན་ཡོད་པའི་དཔེ་ཆ་དེ་ཡིན་དགོས།
དཔེ་ཆའི་སྲབ་མཐུག་ལ་དབྱེ་བ་མེད་ནའང་།
ཅིས་ཀྱང་དཔེ་ཆ་ཞིག་ཡིན་དགོས།