ཕ་ས་ཕ་ཡུལ་དང་། གཙང་གསུམ་འགོ་ཁུངས།
དཔའ་སྐྱབས་རྒྱལ། (རྩེ་ཁོག་རྫོང རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27
ཀ་མད་སུམ་ཅུའི་མུ་ཏིག་ཕྲེང་བར་དད་སེམས་འོད་ཀྱི་མཚོ་མོ་འཁྱིལ། །
ངག་ཚིག་བདུད་རྩིའི་མཆོད་པ་དང་པོ་མཆོག་གསུམ་ནོར་བུའི་ཞིང་ལ་འབུལ། །
ཉི་མ་དང་ནི་ཟླ་བ་ལ་སོགས་མཚོ་སྐྱེས་ལྷ་མོར་ལེགས་མཆོད་ན། །
སྙན་ཚིག་དབྱངས་ལྡན་ཁུ་བྱུག་གསུང་གི་དངོས་གྲུབ་བདག་ལ་ཅི་ཡང་སྩོལ། །
སྨུག་སྤྲིན་གཤོག་པ་དལ་གྱིས་ལྡེམ་ཞོར་ལུག་རྫི་གཞོན་མའི་གླུ་སྐད་བརྐུས། །
མེ་ཏོག་དྲི་བསུང་རླུང་གིས་ཁྱེར་ནས་ལྷ་ཀླུ་གཉན་གསུམ་མཆོད་པས་མྱོས། །
འཛམ་གླིང་ཤར་ནུབ་གང་དུ་བལྟས་ཀྱང་མཛེས་སྡུག་སྒེག་ཉམས་ཟླ་བྲལ་བ། །
འདི་ནི་གངས་ཅན་བསིལ་མོ་ལྗོངས་ཏེ་གཙང་བོ་གསུམ་གྱི་ཕ་ཡུལ་ཡིན། །
རི་སྐྱེས་ཤྭ་དང་ཡུ་མོའི་ཁྱུ་ཚོགས་བག་ཕེབས་རྩེ་གར་རོལ་བཞིན་གདའ། །
རྟ་ནོར་ལུག་གསུམ་ནོར་འཛིན་ལྟོ་བར་སྐར་ཚོགས་ཁྲ་རྒྱན་བཏབ་དང་མཚུངས། །
སྦྲ་གུར་ཚོམ་བུ་སྣ་བརྒྱའི་མེ་ཏོག་ནེའུ་གསེང་སྤང་ལ་བཞད་འདྲ་བའི། །
མཛེས་སྡུག་སྟོང་ལྡན་གནས་མཆོག་འདི་ནི་གཙང་བོ་གསུམ་གྱི་འབྱུང་ཁུངས་ཡིན། །
གངས་དཀར་རི་བོས་མཐའ་ནས་བསྐོར་ཞིང་ཚང་ཚིང་གཡུ་ལོའི་འདབ་མ་སྟུག །
དྭངས་གཙང་ཆུ་བོ་ཡན་ལག་བརྒྱད་ལྡན་མཐའ་བཞིའི་རྒྱལ་ཁམས་འགྲིམས་ནས་བཞུར། །
སྔོན་བྱོན་མེས་པོ་གོང་མའི་དུས་ནས་རི་ཆུ་ནགས་ལ་སྲོག་ལྟར་གཅེས། །
མི་རིགས་འདྲ་མིན་དབྱར་ཁའི་སྤྲིན་ཚོགས་དུང་བའི་གོམ་ཁ་འདི་སར་ཕྱོགས། །
བྱིས་དུས་ཨ་མས་མེ་ཏོག་མ་བཏུ་རང་གི་གཟུགས་པོ་མི་ཡག་ཟེར། །
རི་དྭགས་ཕྲུ་གུར་གནོད་པ་མ་བྱེད་རང་གི་ཨ་མ་འཆི་འགྲོ་གསུངས། །
ཧ་ཅང་འཇིགས་ཤིང་བདེན་པར་རློམ་པའི་ཨ་མའི་བསླབ་བྱ་རེ་རེ་ཡང་། །
ལོ་ཟླའི་བར་ནས་ཕྱིར་མིག་འཕངས་ན་རང་བྱུང་ཁོར་ཡུག་སྲུང་བའི་ཐབས། །
སྒྱུ་རྩལ་མཁན་པོའི་པར་མིག་ནང་དུ་ཕ་ཡུལ་ནམ་མཁའི་ལྷ་མོ་ཡིན། །
སྙན་ངག་སྨྲ་བའི་འབབ་སྟེགས་དབུས་སུ་ཕ་ས་གསེར་གྱི་ཨ་ལུང་བཞིན། །
རླབས་ཆེན་གཙང་བོ་གསུམ་གྱི་མ་ཡུམ་ཤེལ་དཀར་གཡང་ས་གྲུ་བཞི་འདིར། །
ནམ་ཡང་ལྷོད་མེད་གཅེས་སྐྱོང་མཛོད་དང་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཕན། །
དཔྱིད་ཟླ་མགོ་མའི་ཟམ་ཟིམ་ཆར་བས་རྐང་འཐུང་ལང་ཚོར་གསོན་ཤུགས་རྒྱས། །
ཡང་དག་ཆོས་སྲིད་ཉི་འོད་འཇམ་པོས་གཉོམ་ཆུང་འདབ་ལོ་དྲོད་ཀྱིས་བསྐྱངས། །
སྣ་མའི་མེ་ཏོག་རྣམ་པར་བཞད་པས་བུང་བའི་ཚོགས་རྣམས་གར་ལ་རྒྱུ། །
སྲིད་འབྱོར་མཚོ་མོའི་རླབས་ཕྲེང་བར་ན་བློ་གསལ་ཉ་མོས་འཁྱུག་རྩལ་ངོམས། །
ཕ་ས་གསེར་གྱི་གཞོང་བ་ཡིན་པས་མི་གཙང་དྲི་མ་ཡེ་ནས་མེད། །
ཕ་ཡུལ་གཡང་གི་ལྟེ་བ་ཡིན་པས་རྒྱལ་ཁམས་ཡོངས་ཀྱི་གཅེས་ནོར་ཡིན། །
རྫོགས་མཐའ་བྲལ་བའི་ལོ་ཟླའི་གཙང་བོ་རླུང་གིས་སྐྱོམ་པའི་ཧྲག་བར་ནས། །
རྨ་ཆུ་དང་ནི་འབྲུ་ཆུ་ལ་སོགས་འདི་ནས་རྒྱང་རིང་ཡུལ་དུ་ཆས། །
མཐོན་པོའི་རི་ལ་དར་ལྕོག་བཙུགས་པས་ས་བདག་དང་ནི་གཞི་བདག་གནས། །
ལྷ་བསང་དུད་སྤྲིན་མཁའ་ལ་ཁྱབ་པས་སྦྲང་ཆར་བསིལ་མའི་དངོས་གྲུབ་འཇོ། །
དྭངས་ཤིང་གཙང་བའི་རི་ལུང་ཀུན་ཏུ་བཟང་དྲུག་སྨན་གྱི་མྱུ་གུ་འབུས། །
ཁྲ་ཆིལ་སྤང་རྒྱན་ལྷུག་པར་རྒོད་པ་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་ཡིན། །
འཛམ་གླིང་གོ་ལའི་བདེ་སྡུག་རི་མོ་མགྲིན་བརྒྱ་དབྱངས་གཅིག་གྱེར་བ་ནི། །
སྐྱེ་ཁམས་ཁོར་ཡུག་སྲུང་བར་གྱིས་དང་འགྲོ་ཀུན་རྟེན་སའི་ཨ་མ་འདྲ། །
གཙང་ཆབ་སྔོན་མོར་གད་སྙིགས་མ་འདོར་མི་འདོད་ནད་ཡམས་འབྱུང་ཉེན་ཆེ། །
རང་རང་མི་ཚེའི་རིན་ཐང་བསམ་ན་ཕྱི་གཙང་ནང་གཙང་ཡིན་པར་གྱིས། །
ལྗང་མདོག་ཁོར་ཡུག་བདག་དམ་གནང་བར་འུ་ཅག་ཚང་མར་འོས་འགན་ཡོད། །
ཉེས་མེད་སྲོག་ཆགས་སྲུང་སྐྱོབ་བྱེད་པར་རྐང་གཉིས་མི་ལ་འགན་འཁྲི་ཡོད། །
བདག་གཞན་མཉམ་བརྗེའི་དབུ་མའི་ལྟ་བ་སོ་སྐྱེས་རང་འདྲར་མེད་ཀྱང་ཆོག །
རང་ས་གྲུ་བཞིར་བདག་པོ་རྒྱག་པའི་མི་གཞིའི་སྙིང་སྟོབས་ཅིས་ཀྱང་དགོས། །
མདོ་སྨད་རྩེ་ཆུ་གཡུ་འབྲུག་ཚང་ཉལ་ལྷོད་ཀྱིས་རྒྱུ་བའི་འགྲམ་ངོགས་སུ། །
སྦྲ་ཁྱིམ་སྨུག་པོའི་རྒྱུད་ལས་ཆད་ཅིང་ཉམ་ཆུང་འབྲོག་ཕྲུག་ཁོར་སྲུང་བས། །
ལམ་འགྲམ་གད་སྙིགས་ལག་པས་བཏུ་ཞོར་ཚངས་སྲས་དགྱེས་པའི་ཐབས་ཙམ་ལ། །
རྩྭ་ཐང་སྲུང་ཞོར་སྙན་ངག་བྲིས་ཏེ་སེམས་ཀྱི་སྐད་ཆ་ལྷག་མ་བརྗོད། །
ལྷག་བསམ་དྲི་མེད་ཀེ་ལ་ཤ་ཡིས་འགྲོ་ཀུན་སྐྱིད་པའི་ཉི་མ་འདྲེན། །
འཚེ་མེད་ལྟ་བས་དུས་ཀུན་ཁྱབ་ཅིང་ནད་མེད་ཚེ་རིང་ལོ་བརྒྱ་ཤོག །
ས་ཆེན་གོ་ལ་མིག་ལྟར་གཅེས་ཏེ་འཛམ་གླིང་སྐྱིད་པའི་ཟླ་བ་ཚེས། །
གཙང་གསུམ་བཞུར་རྒྱུན་ཡུན་དུ་བརྟན་ཞིང་སྲིད་འབྱོར་རིག་གསུམ་དར་བར་ཤོག །