ཉི་འོད་ཀྱིས་བསླེས་པའི་པོ་ཏ་ལ།
སྟག་རིག་འབྲུག་ཐར། (མཚོ་ལྷོ་ཁུལ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27
ས་བླའི་འཇིག་རྟེན་གྱི་དམུ་ཐག་དར་གྱི་ཐེམ་སྐས་ནས།
གནམ་གྱིས་ས་བཀབ་པ་ལྟ་བུའི་བཙན་པོའི་རྒྱལ་རྒྱུད་རིམ་བྱོན་གྱིས།
ཆོས་སྲིད་ལུགས་གཉིས་ཀྱི་ཕན་བདེའི་སྦྲང་ཆར་གསོས་སུ་སྨིན་པ།
ཀྲོང་ངེར་འགྱིང་བའི་ཕོ་བྲང་པོ་ཏ་ལའི་གསང་རྣམ་དུ་གྱུར་ཡོད་ཨང་།
ཉི་འོད་ཀྱི་ཕྱི་མིག་ཀློང་ན། དད་འདུན་དང་སྒྱུ་རྩལ་གྱིས་བཏེགས་པའི་པོ་ཏ་ལ།
སྤྲིན་དཀར་གྱི་བང་རིམ་ཁྲོད་ན། པར་མིག་དང་གློག་འཕྲུལ་གྱིས་བཏེགས་པའི་པོ་ཏ་ལ།
ཡོད་ཚད་སྟོང་སིང་ངེར་གནས་པའི་སྐྱིད་ཆུའི་འགྲམ་ངོགས་སུ།
ངས་ཁྱེད་ལ་དང་བ་དང་ཁོང་ཁྲོ་འདྲེས་མའི་ཕྱག་གསུམ་འཚལ།
ཡོད་ཚད་འུར་ཟིང་ངེའི་བར་སྐོར་གྱི་འདུ་འགོད་གསེང་དུ།
ངས་ཁྱེད་ལ་དྲང་བདེན་དང་སྡུག་བསྔལ་འདྲེས་མའི་ཕྱག་གསུམ་འཚལ།
ཡོད་ཚད་གར་འགྲོ་ལ་གཤོག་པ་བཙུགས་པའི་འཕྲུལ་ཆས་ཀྱི་ཁུད་དུ།
ངས་ཁྱེད་ལ་དད་པ་དང་འཁང་ར་འདྲེས་མའི་ཕྱག་གསུམ་འཚལ།
ཡོད་ཚད་ཉི་མར་རེ་བའི་རྡོག་ཐོན་གྱི་སྟ་གོན་བར་ནས།
ངས་ཁྱེད་ལ་སྐྱབས་འཇུག་དང་མིག་ཆུ་འདྲེས་མའི་ཕྱག་གསུམ་འཚལ།
ཉི་འོད་ཀྱིས་བསླེས་པའི་པོ་ཏ་ལ།
མདངས་མ་ནོག་པའི་ཁ་དོག་ཁོ་ནས་ཀྱང་།
གཟི་དཔལ་བཀྲ་བའི་འདས་སོང་གི་ལོ་རྒྱུས་རྗེན་པར་མཐོང་ཐུབ་ལ།
རྨང་རྡོ་བརྟན་པའི་བརྗིད་ཆགས་ཀྱི་འགྱིང་ཉམས་ཁོ་ནས་ཀྱང་།
དབུ་རྩེ་ཨ་སྔོན་ལ་སྙེག་པའི་དཔའ་གདེངས་ཀྱི་མཐོ་ཚད་གཞལ་ཐུབ།
བརྟན་པོར་བཞུགས་དང་།
སྡེ་བཞིའི་མངའ་ཐང་གསལ་བའི་ཆོས་ཀྱི་ཞིང་ཁམས།
ཀྲོང་ངེར་འགྲེང་དང་།
བསླབ་གསུམ་གཙང་སྤྱོད་སྨིན་པའི་ལྷ་ཡི་གདན་ས།
གཉིད་སླ་ལ་སད་དཀའ་བའི་སྐྱིད་ཆུ་སྔོན་མོས།
ཉམ་ཆུང་དང་ལེ་ལོའི་གོམས་གཤིས་བསྣམས་ཏེ།
རྗེས་ལུས་ཀྱི་འབབ་རྒྱུན་དཀག་ལ་ཉེ།
ཡོད་ཚད་ལོ་རྒྱུས་དང་ལྷ་སྒྲུང་དུ་དེད་ན་ཡང་།
བརྩོན་སེམས་དང་འགྲན་རྩོད་ཀྱི་བསམ་བློའི་མེ་ཏོག
ཉི་འོད་བཀྲ་བའི་འཇིག་རྟེན་འདིའི་ངོགས་ནས།
ལང་ཚོའི་ཟིལ་ཤུགས་ཀྱི་འབྲས་རྟགས་ཞིག་ཅིས་ཀྱང་ངོམ་དགོས་ཨང་།
ཞོ་གསར་སྤྲིན་ལ་ཆིབས་བསྒྱུར་གནང་བའི་ལྷ་ཚོགས་རྣམས།
ཁྱེད་ཀྱི་རྔམ་བརྗིད་ཀྱི་ཐོང་ག་ནས་འཕྲེད་དུ་བསྟར་བཞིན།
ཁེར་རྐྱང་གི་ཉི་ཟླ་ལ་འགྲམ་པ་གླན་ཏེ།
རི་ཚོགས་ཀྱི་ཕ་རོལ་ཏུ་བཞུད་ལ་རྩོམ།
ཕ་བོང་རྡོའི་གཤིས་ལུགས་མངོན་པའི་པོ་ཏ་ལ་ཁོ་ན།
སྐྱོ་ངལ་གྱིས་དུབ་སྟེ་མིག་ཆུ་བཞུར་ནའང་།
འབྲོང་རྒོད་ཀྱི་རྨིག་རྗེས་ཕྱིར་ལོག་མི་སྲིད།
སྟག་སེང་གི་ང་རོ་ཕྱིར་སྒྲོག་མི་དཔེ།
ཁྲ་ཚོན་དར་ལྕོག་དང་རླུང་རྟ་སྡེ་བཞི་ཙམ་གྱིས།
ཁྱེད་ཀྱི་ཚེ་སྲོག་གི་རུས་རྐང་ག་ལ་སོས།
རབ་དཀར་གྱི་ཁ་བཏགས་དང་དམར་ལམ་མེའི་མཆོད་མེ་ཙམ་གྱིས།
ཁྱེད་ཀྱི་ཚེ་སྲོག་གི་རྣམ་ཤེས་འགུག་ག་ལ་ཐུབ།
ཁྱེད་ཀྱི་སྤྱི་གཙུག་ཏུ་ཤུམ་བུར་ངུ་བའི་སྐར་ཚོམ་དེ་དག་ཀྱང་།
ཟླ་བ་མེད་པའི་མཚན་མོ་འདིར་ཇི་འདྲའི་གྲང་བ་ལ་ཨང་།
གླང་ཆེན་བྲེས་ལ་ཉལ་འདྲའི་བརྗིད་ཆགས་ཀྱིས།
ངག་རྒྱུན་གྱི་མར་མེ་མ་གཟིམས་པའི།
ལྷ་ལྡན་ཆོས་ཀྱི་ཞིང་ཁམས་ཡིད་ལ་འཁོར་འོངས།
གནའ་བོའི་ཞབས་རྗེས་གསལ་བའི་ལྐོག་གྱུར་འདིས།
ལོ་རྒྱུས་ཀྱི་གསེར་ཐག་མ་ལྷོད་པའི།
ལུགས་གཉིས་སྐྱོང་པའི་མཁྱེན་རབ་ཀྱི་ཉི་ཟླ་དྲན་འོང་།
ཉི་འོད་ཀྱིས་བསླེས་པའི་པོ་ཏ་ལ།
གདོད་མ་ནས་ང་ཚོའི་སེམས་སུ་འབུས་པས།
མཇལ་སྐོར་བའི་དད་པའི་རྦ་རླབས།
ཕྱག་དང་བསྐོར་བས་རིང་དུ་བརྐྱངས་པ།
ལྷན་པ་ལེབ་མོ་དང་ཨུ་ཁུང་བརྟོལ་བའི་རས་ལྭ་ཐར་རྐྱང་གིས་འགྲེལ།
རྒྱང་ཐག་རི་ཆུས་བཅད་ཀྱང་།
གསོལ་འདེབས་ཀྱི་དབྱངས་རྟའི་ཁྲོད་ནས།
ཕན་ཚུན་རྟེན་ཅིང་འབྲེལ་བ་ལས་སྐལ་དུ་སྨིན་ཡོད།
ང་ཚོའི་དད་འདུན་གྱི་འཇའ་གུར་ཀློང་ན།
ཡིག་དྲུག་གི་དབྱངས་རྟ་ཚེ་སྲོག་གི་ཕྲེང་བར་བགྲང་མཁན།
བྱམས་དང་སྙིང་རྗེ་ཡི་ཚན་ཁ་འབར་ཞིང་།
ཡིད་སེམས་མཚོན་པའི་ཁ་བཏགས་སྒྲུག་པའི།
གནས་མཇལ་བའི་རེ་སྨོན་གྱི་ས་བོན།
བསླབ་གསུམ་ལུང་རྟོགས་ཀྱི་དགའ་ཚལ།
གངས་ཅན་འགྲོ་བའི་ཕན་བདེའི་སྐྱབས་གནས།
ཉི་མའི་གྲོང་ལ་ཁད་ཀྱིས་སྲིང་དུས།
ཆེས་མཐའ་མཇུག་གི་དྭངས་གཙང་མ་བོར་བའི།
ལྷག་བསམ་གྱི་མྱུ་གུ་སྐྱོང་མཁན།
ང་ཚོ་ལས་གཞན་སུ་ཞིག་ཡོད་དམ།
རླུང་བུ་ཡིས་སུན་སྣང་གི་ཤུགས་གླུ་དབྱངས་སུ་གྱེར་དུས།
པོ་ཏ་ལའི་རྡོ་ཐེམ་དུ་འཁྲེང་སེམས་བཀོད་པའི་མཇལ་བའི་ཚོགས།
ད་ནི་སྔ་མོ་ནས་ཡལ་བའི་སྐྱིད་ཆུའི་གསེང་གི་ཀོ་གྲུ་བཞིན།
ཤར་རེར་ལྟུང་བའི་སྐར་མདའི་གཟུགས་རིས་ལྟར།
འཁྱག་སིབ་སིབ་ཀྱི་ལོ་ཟླ་ཞིག་ཕར་ལ་སྐྱེལ་གིན་གདའ།
སེམས་པ་དང་སེམས་པ་ཡིས་བཏེགས་པའི་པོ་ཏ་ལ།
རེ་བ་དང་སྨོན་ལམ་གྱིས་བཏེགས་པའི་པོ་ཏ་ལ།
ངས་ཁྱེད་ལ་ཡང་བསྐྱར་ཡིད་ཆེས་དང་ཞེན་ཆགས་འདྲེས་མའི་ཕྱག་གསུམ་འཚལ།
ངས་ཁྱེད་ལ་ཡང་བསྐྱར་དྲང་བདེན་དང་མིག་ཆུ་འདྲེས་མའི་ཕྱག་གསུམ་འཚལ།
ཁྱེད་ཀྱིས།
དུས་རབས་ཀྱི་སྐྱ་རེངས་བུ་མོས།
འཕེལ་རྒྱས་ཀྱི་ཉི་གཞོན་བསུ་པའི།
འཛམ་གླིང་གི་གནས་ཚུལ་དེ་མཁྱེན་ན།
རྒྱལ་ཁམས་ཟིལ་གནོན་གྱི་རྦ་རླབས་དྲག་པོ་དེ་བསླང་ཤོག
འགྲོ་བ་ཞི་བདེ་ཡི་ཕུག་རོན་དཀར་མོ་དེ་བསུས་ཤོག
ཉི་འོད་ཀྱིས་བསླེས་པའི་པོ་ཏ་ལ།