མི་འབྲལ་མིག་གིས་སྙིང་ལ་ལེན་པའི་བརྩེ་བའི་ཕ་མ་རྒྱང་ནས་བསྐྱུར་ཞིང་།།
ཆུང་ནས་བྲིས་པའི་མཛའ་གཅུགས་རི་མོ་རི་དང་གཙང་བོའི་རླབས་ཀྱིས་བཅད་དེ།།
ཆ་མེད་རྒྱུས་མེད་མི་ཡི་ལུང་བར་དཀའ་ལ་ཁག་པའི་དམ་ཚིག་གཉོར་བ།།
རང་བབས་འགན་འཁྲིའི་རྡོག་དོན་ལ་ནི་ངེས་ཤེས་ཆ་ཙམ་བརྙེད་པའི་དན་རྟགས།།
ཁྱིམ་ནས་བྲོས་ཀྱང་ཁྱིམ་དུ་ལྷུང་འདྲའི་གཞིས་ཀ་དྲོན་མོ་མེད་པ་མ་ཡིན།།
མ་ཁོག་གཅིག་ནས་འཚར་བ་མིན་ཡང་མ་སྤུན་འདྲ་བའི་གྲོགས་ཀྱང་མི་དཀའ།།
ལས་ཀླུང་སྐམ་པོས་མཐོ་ལ་བཏེགས་པའི་ཁ་དྲག་དབང་ཐང་ཟད་པ་མིན་ཡང་།།
སྡོད་བཟོད་དཀའ་བའི་ཚོར་བ་དེ་ཡིས་ཕྱི་རོལ་ས་མཐའི་ཡུལ་ལ་བདས་བྱུང་།།
གཞུང་བརྒྱའི་དཀའ་བ་རིགས་པས་བསྡུར་བའི་བརྒལ་བརྟག་ཆོས་གྲྭའི་ང་རོ་ཐོས་པས།།
མི་སྡོད་སེམས་པར་བྲེལ་ཤ་ལངས་ཏེ་རྩོད་གྲྭའི་ཕྱོགས་སུ་གོམ་ཁ་མ་ཐུབ།།
སྒྲ་བཤད་ཙམ་མིན་ཟ་ཟུར་རེ་རེའང་གཏན་ཚིགས་རྣོན་པོས་དྲང་ཐིག་འདེབས་པའི།།
དྲི་མེད་དཔྱོད་པའི་སྣང་ཚུལ་མཐོང་བས་ཡིད་ཆེས་སྙིང་ལ་བློ་སྤོབས་འཁྱིལ་བྱུང་།།
མ་མྱངས་དད་དང་སྨོན་པས་མཇལ་བའི་གཞུང་ཆེན་རིགས་པར་དངོས་སུ་བསླབ་སྟེ།།
ཡུན་རིང་རེ་བའི་ཆོས་གྲྭའི་དགའ་སྟོན་ཉིན་ཞག་བརྩེགས་མས་ཀློང་ནས་བསྐྱལ་དུས།།
ཚེ་སྔོན་བསགས་པའི་བག་ཆགས་ཤིག་གམ་ཤེས་བརྩོན་དམན་པའི་མཚན་མ་ཞིག་གིས།།
རྒྱུ་འབྲས་བློ་མིག་ཉིན་བཞིན་རུལ་ཏེ་སེམས་ཀྱི་འཇིག་རྟེན་སྟོང་བར་ལུས་ཡོད།།
སྒྲས་ཟིན་འགལ་བའི་སོ་མཚམས་རེ་ལ་ཞིབ་ཆའི་ལྷན་པོས་ཁ་ཚར་འདེབས་པའི།།
རྣོ་དབལ་རྩོད་པའི་གཡུལ་ལ་ཆས་པའི་བརྒལ་བརྟག་རིགས་པའི་གསང་ཚིག་བར་ན།།
སྒྲོ་སྐུར་ཐེ་ཚོམ་དགྲ་བོའི་དཔུང་བ་སྔར་ལས་སྦོམ་འདི་གང་གིས་ལན་ནམ།།
ཡིད་ཆེས་དད་དང་གུས་པའི་མགོ་བོ་ཉིན་བཞིན་དམའ་བ་ཅི་ཡིས་ནོངས་སམ།།
ཕྲ་ཞིབ་རིགས་པའི་སྲང་ལ་ལྕི་བ་བཀའ་པོད་གཞུང་བརྒྱའི་གསང་བ་ཡང་གསང་།།
ཤེས་ནས་སྨྲ་བའི་ཐུགས་ལ་མཛའ་བ་གཞུང་ཆེན་རྣམ་ལྔའི་སྙིང་བོ་ཡང་སྙིང་།།
ཐོས་རྟགས་ཞི་དུལ་སྤྱོད་ལ་འདྲིས་པ་གསུང་རབ་གདམས་པའི་དགོས་པ་ཉིང་དགོས།།
ཐོག་མཐའ་བར་གསུམ་གང་ནས་བལྟས་ཀྱང་རང་གིས་གང་བསླབ་སོམ་ཉིའི་གཞི་མ།།
མི་རྟག་འཆི་བའི་མན་ངག་བཀླགས་དུས་ཞེ་ནས་འཚོལ་བ་རིགས་པའི་འཁྲི་བ།།
འདོད་ཡོན་རླུང་བསྐུར་ཞལ་ཆེམས་མཇལ་དུས་སྙིང་ལ་བབས་པ་ཚིག་དོན་རབ་རིབ།།
བཀའ་གདམས་བསྟན་པའི་ཁ་རླངས་མྱོང་དུས་སེམས་ཀྱིས་ཚོར་བ་སྒྲ་ཡི་མན་ངག།
ཉིན་བཞིན་གྱོང་བའི་སེམས་རྒྱུད་ཐ་རྒོད་དད་ཤེས་རླན་གྱིས་གཤིན་པ་མ་བྱུང་།།
སྔོན་དུས་གནའ་བོའི་བྱུང་བ་རེས་ཀྱང་སྙིང་འདར་མཆི་མའི་ཆར་རྒྱུན་འབེབ་པའི།།
བག་ཕེབས་ལྷིང་འཇགས་དགོན་སྡེའི་འཚོ་བར་ཐོས་ཉུང་གྱི་ནར་ལུས་པའི་བུ་ཆུང་།།
དེ་རིང་བླ་མའི་བཀའ་ཁྲིད་སློབ་ཀྱིན་ཐོས་བསམ་རིགས་པའི་གནད་ལ་ཕྱོགས་ཀྱང་།།
དངོས་ཡོད་དགའ་སྡུག་འཇིགས་པའི་ཆོས་ཀུན་ཚོར་སྣང་བྲལ་བའི་བེམ་པོ་ཇི་བཞིན།།
སྔ་རབས་དམ་པའི་རྟོགས་བརྗོད་མཇལ་ཚེ་ཆོས་གྲྭའི་ཀློང་ནས་ཟུང་འཇུག་བརྙེས་འདུག།
སྐྱེས་ཆེན་གོང་མའི་གདམས་ངག་བཀླགས་དུས་རྩོད་གྲྭའི་རིགས་པས་བདག་འཛིན་བཅད་འདུག།
ཟློས་བརྗོད་ཕྱག་མཆོད་གསོལ་སྨོན་ཀུན་ལས་ཐོས་བསམ་འཕགས་པར་མཁས་ཀུན་མཐུན་འདུག།
འོན་ཏེ་རང་སེམས་ནང་ལ་བཀུག་དུས་ཐོབ་ཤོར་རྒྱལ་ཕམ་ངང་གིས་གསལ་འདུག།
གསོང་པོར་སྨྲས་ན་དམ་ཚིག་སྡོམ་པར་རང་གིས་རང་ལ་གུ་ཡངས་ཇེ་མང་།།
ཕྱི་མིག་འཕངས་ན་དཀར་ནག་ལས་ལ་ཟ་དང་ཟུར་ན་དམིགས་བསལ་ཇེ་ཆེ།།
ཉེ་སར་བཏུད་ན་སྡོམ་གསུམ་གང་ལའང་འཇིགས་དང་དོགས་པའི་སྨུག་པ་ཇེ་འཐིབས།།
བསམ་ཞིང་བསམ་ན་མིར་སྐྱེས་རིན་ཐང་མཐོ་དམན་གར་གཏོགས་རང་ལ་རབ་རིབ།།
མི་ལོ་སོ་བདུན་བརྒལ་བའི་མི་ཚེ་འགྱེལ་མ་ལང་གི་གོམ་པ་རེ་རེ།།
གྲུབ་འབྲས་འདི་ཞེས་སྟོན་པར་དཀའ་ཡང་བགྲོད་པའི་གོམ་མཚམས་རང་སར་ལུས་མེད།།
ཚེ་མཇུག་མུན་པའི་སྨག་རུམ་སྟུག་པོར་བཟང་ངན་ཟློས་གར་ཅི་འཁྲབ་ཆ་མེད།།
ཡུན་རིང་བསླབ་པའི་གོ་རྟོགས་ཕྲ་མོས་ཆོས་པའི་རང་གཟུགས་ཐུབ་མིན་ཐེ་ཚོམ།།
མི་ཡིས་ང་ཚོའི་ཤུལ་ལ་ཅེར་ཏེ་ཚད་འདས་སྨོན་པའི་ཐལ་མོ་ཟུམ་ཡོད།།
གཞན་དག་ང་ཚོའི་ཉམས་ལ་བསམ་གྱིན་ཡིད་ཆེས་དད་པའི་མགོ་བོ་ལྡེམ་ཡོད།།
ཕལ་ཆེས་ང་ཚོའི་སྦྱང་གཞི་མཐོང་བས་གོ་རིག་མཛོད་དུ་རྟོག་པས་བཞེངས་ཡོད།།
གསང་འཆབ་གབ་པའི་སེང་རས་རལ་ན་གསེར་འོད་འཕྲོ་བའི་སྐྱེས་བུ་དུ་ཡོད།།
ཞེ་ལྷོད་བག་ཕེབས་སེམས་ཀྱི་ཁོང་ནས་རང་གི་དུས་གསུམ་རྩིས་ལ་ཕབ་སྟེ།།
བཤད་སྒྲུབ་འཁོར་གསུམ་ལས་ཀྱི་མཐའ་ལ་རང་གི་ཤེས་འཇོན་ཚུར་ཚུར་བཀུག་དུས།།
བྱམས་ལྡན་བླ་མའི་སྐུ་ཚེགས་ལོ་ཟླ་དོན་མེད་ཚིག་གི་འཁྲི་བར་བསྟིམས་འདུག།
སྦྱིན་པའི་བདག་པོའི་རྣག་ཁྲག་རིན་དོད་ཕངས་མེད་ཆུ་དང་འདམ་ལ་བསྲེས་འདུག།
འཛིན་མེད་སེམས་ཀྱིས་རྒྱལ་ཁམས་བསྐོར་དུས་ཆགས་སྡང་ཚོར་བ་རྦ་རླབས་འཁྲུག་འཁྲུག།
དོན་མེད་གྲགས་པའི་རྐང་རྗེས་བཙལ་ཏེ་འདི་ཕྱིའི་ལག་པ་སྟོང་བར་ལུས་སོང་།།
དགོས་མེད་གནའ་བའི་ཤུལ་ལམ་དེད་དུས་མི་འདོད་བཀའ་ཁྲིམས་རྦབ་རྒོད་འབབ་འབབ།།
ཆོས་རིག་གང་ལའང་མཁོ་མེད་ལས་ཀྱིས་ང་ཚོའི་དབང་ལྔ་ཨར་ལ་གཏད་སོང་།།
མ་བརྟགས་ཐོལ་བའི་དྲན་འཆར་བར་ནས་ད་ལྟའི་ལས་ལ་ཚིམ་སྣང་སྐྱེས་ཀྱང་།།
གཞུང་ཆེན་མཛུབ་མོ་གདོང་ལ་གཏད་དེ་ཉམས་ལེན་གཙང་མའི་དྲི་ཚིག་བཀོད་ཚེ།།
ངེས་དོན་ཆོས་ཀྱི་གཤིས་ལ་ཕྱོགས་པའི་སྒོ་གསུམ་འཇུག་པ་ཅི་འདྲའི་དམན་ཞིང་།།
འདི་ཕྱི་གང་ལ་ཞེ་བློ་བདེ་བའི་དཀར་བོའི་ལམ་ག་ཅི་འདྲའི་ཕྲ་ཨང་།།
ད་ནི་ཡོད་ཚད་ནང་དུ་ཕྱོགས་ཤིག་དཀར་ནག་སྐྱེ་བོའི་མཆུ་སྒྲོས་རིང་མོས།།
རང་ཉིད་ལྷ་འདྲེ་གང་དུ་བཞེངས་ཀྱང་རང་བྲིས་རི་མོར་སྲོང་འཁྱོག་མི་སྲིད།།
གོམ་པ་རེ་རེ་ནང་དུ་སྤོས་ཏེ་ལས་འབྲས་གཙང་མའི་དྲང་ལམ་བསྙེག་ན།།
ཐོས་བསམ་སྒོམ་དང་བཟླས་མཆོད་ཀུན་ཀྱང་ཞེ་བག་དྲོ་བའི་སེམས་གཞིས་སྣུམ་པོ།།
ནང་ན་དད་པའི་མེ་ཤེལ་བྲལ་ན་བཤེས་གཉེན་ཉི་མའི་ཚ་རླབས་མི་རེག།
ཡུན་རིང་གོམས་པའི་ཉམས་ལེན་མེད་ན་མཆོག་གསུམ་ལྷ་ཡི་བྱིན་རླབས་མི་ཁུག།
རྒྱུད་ལ་ལེན་པའི་སྙིང་སྟོབས་ཞན་ན་གོ་རིགས་རྐྱང་བས་རང་སེམས་མི་ཐུལ།།
སྒྲུབ་བྱེད་མི་དགོས་སྡོམ་ཚིག་འདི་དག་ཉམས་མྱོང་འཚོ་བའི་གྲུབ་དོན་དམར་རྗེན།།
ཚ་གྲང་དམྱལ་བའི་ངང་ཚུལ་སྟོན་པའི་ཐུབ་པའི་ཞལ་གདམས་ཅེ་རེར་མྱོང་གིན།།
བཅད་གཏུབ་གསོད་པ་མངོན་སུམ་སྟོན་པའི་དུས་ཀྱི་བརྙན་གཟུགས་མདུན་ལ་བླངས་ཏེ།།
མི་སྡོད་ཆུ་བོའི་རླབས་བཞིན་བརྡོལ་བའི་སྤྱི་ཚོགས་འཚོ་བའི་གཡུལ་ལས་ཞུགས་དུས།།
ངུར་སྨྲིག་གོས་སྲབ་ན་བཟའི་འོག་ན་བཙུན་པའི་ཁྱད་གཤིས་གྲང་ཞིང་འཁྱག་པ།།
རྩེ་གཅིག་སྙིང་གི་མེ་ལོང་དྭངས་མར་ཤུགས་དྲག་གདུང་བའི་པིར་གྱིས་བཞེངས་པའི།།
ཀུན་འདུས་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་དཔལ་ལྡན་བླ་མའི་རྣལ་འབྱོར་བསྐྱངས་ན།།
སྣང་སེམས་དབང་མེད་ཆོས་ལ་ཕྱོགས་པའི་ལེགས་གསུང་གདམས་པ་ལན་མང་ཐོས་ཀྱང་།།
ཐལ་སྦྱར་མིག་ཟུམ་དད་པའི་གཟུགས་བརྙན་ཤུགས་དྲག་ཚོར་བའི་རྣོ་དང་བྲལ་འདུག།
མ་བགོས་ལས་ཀྱིས་སྐལ་བར་ཐོབ་ཅིང་ལུས་སེམས་དགའ་བའི་འཇུག་ངོགས་ཤིག་སྟེ།།
སེམས་ཀྱི་གཏིང་ནས་སྨོན་པ་འཆོར་ཞིང་རིགས་པའི་ཤུགས་ཀྱིས་ངེས་པ་འདྲོངས་པའི།།
ཉིན་མཚན་གསུང་རབ་མཛོད་དུ་བསྐྱལ་བའི་གུ་ཡངས་སོས་བདེ་གྲྭ་རྐྱང་འཚོ་བ།།
ཉི་ཚེ་ཚོར་བའི་འདམ་དུ་ལྷུང་གང་སྐྱོབ་པའི་ས་མཁན་སུ་ཞིག་ཡོད་དམ།།