ཚོར་བའི་ཉིན་སྲིབ།

འཇིགས་མེད་རྡོ་རྗེ། (དཀར་མཛེས་བྲག་མགོ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


བདེ་སྡུག་ཡིད་མ་ངེས་པའི་འཇིག་རྟེན་འདི་རུ། །
ལས་ཀྱི་བགོ་སྐལ་བཙན་པོས་གཅིག་ཏུ་བསྡུས་ཤིང་། །
མི་ཚེའི་རྡོག་སྣེ་རིང་མོར་སེམས་པ་འཁོར་གྱིན། །
ཆ་མ་འཚལ་བའི་རྟོག་འགྱུ་ངག་ནས་ཐལ་ལོ། །
ཉིན་ཞག་ཟླ་བ་ཡུན་ནས་ཡུན་དུ་བཞུར་སོང་། །
ཡིད་ཀྱི་རླབས་རིས་ཡ་གིའི་གཙང་བོར་འདྲེས་ཏེ། །
འཚུབ་མ་ཞིག་གིས་དེད་པའི་སེམས་ཀྱི་བྱེའུ་ཆུང་། །
ས་རྡུལ་ཁྲོད་ནས་འགོག་མེད་ཁྱེད་ལ་ཁེན་ཡོད། །
རི་སུལ་དབེན་པའི་གྲོང་ནས་སོ་སྐད་འབྱིན་གྱིན། །
དྲན་པ་ཁོག་ཏུ་བཅུག་པའི་མི་ཚུལ་བོར་ཞིང་། །
ཡིད་འོང་མཛའ་མོ་ཞིག་ལ་རེ་བཞག་གཏད་ནས། །
འདང་རྒྱག་ཞེ་ལ་བསྣངས་ཏེ་ལན་ལ་རེ་ཡོད། །
སྨྲེང་བ་མོད་པའི་ཁུ་སིམ་མཚན་མོ་ཞིག་ལ། །
རྟོག་འགྱུ་རྣམ་ཤེས་རྒྱུ་བའི་རྩ་ལམ་བཀག་སྟེ། །
འཆར་སྣང་བདེན་པར་སྣང་བའི་རྨི་ལམ་གཞུང་ནས། །
དྲན་པ་སྐྱ་བོའི་ཞེན་རྟེན་ཁྱེད་ལ་བསྒོམས་ཡོད། །
སྲ་བར་འདྲིལ་བའི་སྙིང་གི་བག་ཆགས་དམ་པོ། །
དུས་ཀྱི་འཕེན་པས་བརྟན་ནས་ཐེར་ཟུག་མིན་ཡང་། །
ཐུང་ཐུང་འཇིག་རྟེན་ཡུན་གྱི་སྣང་བ་འདི་དག །
དུང་བའི་ཕྱི་ཐུམ་བར་ནས་ཡུད་ཀྱིས་བརྒལ་འགྲོ། །
མི་བུ་སྒྲེན་པོར་སྐྱོད་པའི་དུས་ཀྱི་སྲང་ནས། །
ཡིད་ལུས་ཕྲ་མོའི་གསང་མཚན་ཕྱིར་ལ་བརྟོལ་ཡོད། །
སྔོན་དཔག་གཏམ་རྒྱུད་སྐྱོ་བོའི་བརྡ་ལ་ཞེན་ཏེ། །
མཛའ་གཞས་དབྱངས་རྟ་སྙན་མོས་རང་སེམས་གསོས་ཡོད། །
སྐྱེ་གཟུགས་ཚུགས་ཀའི་ལྡེམ་མྱུར་སྐྱོད་སྟངས་དེ་དང་། །
ཅུང་ཟད་དམར་སེར་མདངས་ཀྱི་སྐྲ་ལོའི་ལན་བུ། །
སྐེ་དཀྲིས་སེར་པོས་བསྡམས་པའི་ཞལ་གྱི་དཀྱིལ་འཁོར། །
དང་ཐོག་ཚོར་བའི་ངོས་སུ་དྲག་ཏུ་འཚེར་སོང་། །
བཅོས་མིན་ཕྱི་ལ་གསལ་བའི་ནང་གཤིས་དེ་དང་། །
ཁྲོམ་གཞུང་ཞིག་ནས་ངོམ་པའི་ལུས་ཀྱི་སྟངས་སྟབས། །
ཆད་མ་མཐུད་ཀྱིས་འབྱིན་པའི་སྐད་ཆའི་འདེགས་འཇོག །
རྒྱུས་ལོན་སྔོན་འགྲོའི་ཁྲོད་ཀྱི་གོ་རིམ་ཞིག་ཡིན། །
དམར་པོ་མེ་ཡིས་བསྐྱོན་པའི་སེམས་མདོག་དེ་དང་། །
བརྟུལ་ཞུགས་ཆོ་ངེས་བཏབ་པའི་འཆོལ་ཉོག་གསར་སྤྱོད། །
ས་ཐོབ་སེམས་དཔའ་མིན་པའི་སོ་སྐྱེ་ཞིག་གིས། །
སྣང་བ་རང་ཡན་ཤོར་བའི་འགུལ་སྟངས་ཤིག་ཡིན། །
ལྷན་སྐྱེས་བག་ཆགས་དམ་པའི་སེམས་ལྡན་ཞིག་གིས། །
རྟོག་འགྱུ་བློས་བསླངས་རིང་མོའི་རྨི་ལམ་གཞུང་ནས། །
དགའ་སྐྱོའི་བྲེད་ཤ་ལངས་པའི་གཏམ་རྒྱུད་ཀློག་གིན། །
རེ་བའི་གཏད་སོའི་ངར་ཤུགས་དབྱིངས་ལ་བསྐྱོད་སོང་། །
དུང་བ་གསང་བར་སྦྲུམ་པའི་འདོད་ཁམས་ཡུལ་ནས། །
བརྩེ་བ་རྦ་ཀློང་འཁྲུགས་པ་གཤིས་སུ་གྲུབ་ན། །
སྒོམ་སྒྲུབ་བྱ་བཏང་བ་ལ་སེམས་སྟོབས་འགག་སྟེ། །
ཕྱི་རོལ་ཡུལ་ལ་རྫི་བའི་ས་ལ་གཤེགས་འགྲོ། །
དག་སྣང་བདེན་པར་རློམ་ན་མནའ་ཡིས་བཅད་ཆོག །
མི་ལ་ཡིད་བརྟན་འཕེར་ན་ཚིག་གིས་མནན་ཆོག །
འགྱུར་མེད་རྡོ་བ་ལྟ་བུའི་དུང་བ་ཞིག་གིས། །
བརྟན་པ་ཡིད་ལ་བསྣགས་ཏེ་རེ་བས་ཁེངས་ཡོད། །
གནའ་འདྲེས་བུ་མོར་གྱེས་ནས་ལོ་ཤས་འགོར་ཡོད། །
ཉེ་འགྲོགས་མཛའ་མོར་འཐོར་ནས་ཟླ་འགའ་ལོན་ཡོད། །
ཡིད་ཀྱི་གཏད་སོ་བྲལ་བའི་ཁེར་རྐྱང་བུ་ལོས། །
རྟོག་པའི་འཆར་ཡན་བྱེ་མའི་རི་བོར་གྱུར་ཡོད། །
འཁྲེང་ཞེན་ནོམ་དུ་རློམ་པའི་བདག་གི་གཤིས་རྒྱུད། །
ཡ་གིའི་རི་ལ་དྲིས་དང་རྒྱུས་མངའ་ཡོད་རེད། །
མ་གིའི་གཙང་བོར་དྲིས་དང་ལན་ཞིག་སྦྱིན་ངེས། །
བདེན་མིན་ཡུན་ལ་འགྲོགས་དང་གསལ་བོར་རྟོགས་འོང་། །
མ་འོངས་བརྩེ་འདང་རིང་མོའི་འཆར་སྣང་ཁྲོད་ན། །
ལུས་སེམས་ཁད་ཀྱིས་བཟི་སྟེ་སྨྱོ་ལ་ཁད་ཅིག །
འཆར་སྣང་བདེན་མིན་སོམ་ཉིའི་བསམ་གཞིག་ཀློང་ན། །
བྲང་གཞུང་མིག་ཆུས་བརླན་པ་གྲངས་ཀྱིས་མི་ཆོད། །
འོན་ཀྱང་འཇིག་རྟེན་སྒྱུ་མའི་ཆོས་ཉིད་བསམ་སྟེ། །
འདུན་མ་ལྷ་ལ་བཅོལ་ནས་རང་སེམས་གསོས་ཡོད། །
སེམས་པ་མཐུར་མེད་ཅང་ཤེས་རྟ་དང་འདྲ་བས། །
ལན་རེར་ཚོར་བའི་ཉིན་སྲིབ་ངོས་ལ་ཁྲིད་སོང་། །
༢༠༡༧.༥.༢༨


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1