མཚེར་ཤུལ་གྱི་དྲན་པ་དང་རྨི་ལམ། (གཞན་གཅིག)
འབྲོག་བུ་དཀོམ་བཀྲ། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27
འུ་ཅག་སྐྱེ་སའི་སྤང་གི་སྒལ་གཞུང་དུ། །
ཁྲག་རྣག་བྱེ་མའི་རི་མོ་ཆལ་ཆིལ་བརྡོལ། །
རི་ཡི་རྩེ་མོ་རླབས་ཀྱི་ཕྲེང་བ་དག །
ས་སྨུག་སྐྱ་བོས་བཏུམས་ཏེ་མི་སྣང་ཡང་། །
ཨ་མྱེས་ཕྱག་གི་རྒྱུན་བུའི་རྟ་ལྕག་དེ། །
རྐན་སྒྲ་དང་བཅས་ད་དུང་ཡོད་སྙམ་བྱུང་། །
རི་སུལ་ཡན་པའི་རྟ་ཕོ་མཐུར་མེད་དག །
མཁའ་ལ་འཁྱུག་པའི་གློག་ཞགས་དམར་པོ་ལྟར། །
ཟིན་པ་མེད་པར་རྒྱང་དུ་ཞོགས་ནའང་། །
རྟ་ཕོའི་ཟེ་བའི་སྲུང་མདུད་དམར་པོ་དེ། །
ཞེན་ཆགས་ཆེ་བའི་ལོ་ཟླའི་ཕྱིར་མིག་བཞིན། །
འུ་ཅག་སྲུང་སྟེ་ད་དུང་སྡོད་པ་ཚོར། །
ཨ་མའི་རྐེད་ཀྱི་དངུལ་དཀར་བཞོ་ཟུང་དང་། །
གསོམ་དཀར་ཤིང་གི་བཞོ་ཟེའུ་སྨུག་པོ་གཉིས། །
དུས་ཀྱི་ཤྭ་འོད་དྲག་པོས་བསྣུབས་བྱས་ཏེ། །
འབྲོག་པའི་ལྷས་ནས་སྐད་ཅིག་ཡལ་ནའང་། །
རུས་པའི་རྐང་གི་འོ་དྲི་མངར་མོ་དེ། །
མི་ཚེའི་རྒྱགས་བྲོ་ཡིན་པར་ཐེ་ཚོམ་ཅི། །
འུ་ཅག་རྐང་རྗེན་བགྲོད་སའི་ན་ཁུགས་སུ། །
ཐན་སྐམ་རྡུལ་གྱི་རླུང་བུ་འཚུབ་སྐོར་རྒྱག །
ན་ཆུ་དྭངས་མོ་ཤེལ་གྱི་མེ་ལོང་དག །
རྡུལ་གྱིས་བསུབས་ཏེ་ད་ལྟ་མི་སྣང་ཡང་། །
བེའུ་ཆུང་འཚོ་བའི་བྱིས་པ་གཅེར་བུ་ཞིག །
བྱེ་རིལ་ལྡག་གིན་ད་དུང་ཡོད་པ་མཐོང་། །
འུ་ཅག་འདུ་སའི་དེའུ་འབུར་ཆུང་ཆུང་གི །
ཁ་སྣ་བཅད་ནས་རི་ཚུགས་རྦད་དེ་འགྱུར། །
དེའུ་འབུར་གཙུག་གི་མདའ་སྒྲོ་ཟུར་གསུམ་དག །
རླུང་གིས་སྤུར་ཏེ་རྗེས་ཤུལ་མི་སྣང་ཡང་། །
ང་ཚོས་བསླབ་པའི་དགྲ་ལྷའི་བསང་འབོད་དེ། །
བསེར་བུས་ཟློ་བཞིན་རྒྱང་རིང་བསྐྱོད་པ་ཐོས། །
འུ་ཅག་རྩེད་སའི་ལྷས་ར་སྒོར་སྒོར་དེ། །
ཨར་འདམ་ཅན་གྱི་སྡེ་ལམ་ཕྲ་མོར་གྱུར། །
རྡོ་དང་རྡེའུའི་ནོར་ལུག་སྐར་མའི་ཁྱུ། །
རྨིག་རྗེས་གར་སོང་ད་ལྟ་མི་སྣང་ཡང་། །
འུ་གཉིས་ཆང་ས་རྒྱག་ཁུལ་བྱས་པའི་ཚུལ། །
དབུ་མནའ་དང་བཅས་ད་དུང་ཡོད་ཡོད་འདྲ། །
འུ་ཅག་དགའ་སའི་བེའུ་ཆུང་ཁྲ་རིལ་ནི། །
ན་སོ་རྒས་ནས་རི་ཁྲོད་ཤི་བ་གོ །
བེའུ་ཆུང་སྐེ་ལ་བཏགས་པའི་ཟངས་དྲིལ་དེ། །
སུ་ཡིས་ཁྱེར་བ་ད་ལྟ་མི་ཤེས་ཀྱང་། །
ང་ཚོས་བཀུག་པའི་ཤུག་པའི་སྣ་གཅུ་དེ། །
འཕལ་ཀ་འཆོལ་ནས་བུད་ཤིང་བྱེད་པ་མཐོང་། །
འུ་ཅག་འཚར་སའི་ཕ་ས་ཕ་ཡུལ་དེ། །
འབྲོག་སྡེ་སྨུག་པོ་སྦྲ་ཡི་ཚོམ་བུ་དག །
ཕྲེང་ཐག་ཆད་པའི་ཕྲེང་རྡོག་རེ་རེ་བཞིན། །
སྡེ་རུ་འཐོར་ཏེ་ད་ལྟ་མི་སྣང་ཡང་། །
འདི་ནས་སོ་སོར་གྱེས་པའི་རྒྱབ་གཟུགས་དག།
ཡིད་ཀྱི་བརྐོས་རིས་བཞིན་དུ་ཝ་ལེར་དྲན། །