རྨི་ལམ།
འབྲོག་བུ་དཀོམ་བཀྲ། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27
མདང་རྨི་ལམ་བྱེ་མའི་མཁར་རྫོང་གི །
རླབས་ཆུ་རིས་གཡོ་བའི་གཙང་ཆུ་དག །
ལུས་སྤྲུལ་བ་བསྒྱུར་བཞིན་ང་ལ་འཁྱུད། །
མཆུ་དམར་པོའི་འདབ་མ་མཉེན་མོ་དེ། །
ཉ་གསེར་མིག་བཞིན་དུ་སྐྱེན་པོར་འཁྱུག །
བྲང་འོ་འཛིན་ལྡེམ་པའི་ཡ་ཡོ་ཡིས། །
ང་སྲེད་པའི་ཆུ་ཡི་གཏིང་དུ་བྲིད། །
མདང་རྨི་ལམ་པད་མའི་སྡོང་རྩེ་ཡི། །
གཏམ་ཅ་ཅོ་བརྗོད་པའི་བུང་བའི་ཚོགས། །
སྒྲ་དར་དིར་སྒྲོག་བཞིན་ང་ལ་འབོད། །
མིག་གཡོར་གྲུའི་ཟུར་མདའ་རྣོན་པོ་དེ། །
མདའ་ལྟོང་བྲལ་བཞིན་དུ་སྙིང་ལ་ལྷུང་། །
གཟུགས་རི་མོ་མཛེས་པའི་བསླུ་བྲིད་ཀྱིས། །
ང་རྨོངས་པའི་ནགས་ཀྱི་ཚལ་ལ་ཁྲིད། །
མདང་རྨི་ལམ་གངས་ཀྱི་རི་ཟོམ་ནས། །
ལུས་སྒྲོ་སྤུ་ཟད་པའི་རྒོད་པོ་རྣམས། །
མཁའི་ཆུ་གཏེར་འཐུང་བཞིན་ང་ལ་ཅེར། །
བློ་དཔའ་གདེང་ཚ་བའི་མེ་ལྕེ་དེ། །
དགུང་ཉི་ཟེར་བཞིན་དུ་རྐང་ལ་ཟུག །
བྱ་རྣམ་རིག་སད་པའི་འཕུར་སྟབས་ཀྱིས། །
ང་མི་མངོན་ནམ་མཁའི་དབྱིངས་སུ་དྲངས། །
མདང་རྨི་ལམ་སྒྱུ་མའི་གར་ཁང་གི །
ལུས་འཇའ་ཚོན་བཀླུབས་པའི་གར་མ་དག །
ངག་གླིང་བུ་འབུད་བཞིན་རྣོ་སྦྲེང་དཀྲོལ། །
སེམས་ཞི་བའི་འགྱུར་ཁུགས་གཉོམ་པོ་དེ། །
སྙིང་འཕར་རྩ་འཁྱག་པའི་སྦུབས་སུ་བཞུར། །
རིགས་སྐྱེ་བོའི་སྐད་ཀྱི་སེམས་གསོ་ཡིས། །
ང་བག་ཆགས་དར་གྱི་སྒྲོམ་དུ་བཙུད། །
མདང་རྨི་ལམ་ཐ་མའི་དུར་ཐང་གི །
འགྲོས་རྐང་སྟབས་འཁྱོར་བའི་ནད་པ་དག །
ལག་ཆོ་འཕྲུལ་སྟོན་བཞིན་ང་ལ་བསྙེས། །
གནས་ངེས་མེད་གཡེང་བའི་རྣམ་ཤེས་འདི། །
ཤིང་སྐམ་པོ་བཞིན་དུ་མེ་སྟག་མཆེད། །
དཔུང་ལས་དབང་གཅིག་པའི་མཛའ་བཤེས་ཀྱིས། །
ང་བརྩེ་བ་ཆེན་པོའི་ཁམས་སུ་བཅུག །