ནོར་འཛིན་མའི་རྨི་ལམ།

རྡོ་རྗེ་དོན་གྲུབ། (ཅོ་ནེ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


ནོར་འཛིན་སྒེག་མོ།  སྐྱེས་དངོས་སྲོག་ཆགས་ཀྱི་ཚེ་སྲོག་གི་ཁྱིམ་གཞིས་དྲོན་མོ།
ནོར་འཛིན་སྒེག་མོ།  གནམ་འོག་གི་ཡོད་ཚད་བསྐྱེད་པའི་བརྩེ་ཆེན་གྱི་མ་ཡུམ།
ཁྱོད་ལ་རི་ཆུ་ནགས་གསུམ་གྱི་རྒྱན་ཆ་ཡོད།
ཁྱོད་ལ་མཚོ་དང་སྤང་ལྗོངས་ཀྱི་གྱོན་པ་མངའ།
ང་ཚོ་ཁྱོད་ཀྱི་མཛེས་སྡུག་ལ་ཀུན་ནས་ཆགས།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་དུང་བརྡ་སྙན་ལྷང་ལྷང་ངང་།
རི་གསུམ་གྱི་རྩེ་ནས་གྲགས་དུས།
གངས་ཅན་སཱ་ལའི་ལྗོངས་སུ།
སྔར་མེད་མཛེས་སྡུག་གི་དཔྱིད་རླུང་ཞིག་མཉེན་པོར་ལྡང་།
 
སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབོད་སྐུལ་བཏང་བྱུང་།
 ལྗང་མདོག་འཕེལ་རྒྱས་ཀྱི་དུང་བརྡ་གྲགས་བྱུང་།
ང་ཚོས་དུས་རབས་གསར་བ་འདིར་རྒྱང་ལྟ་བྱེད་ཚེ།
སྐྱེ་ཁམས་དཔལ་ཡོན་ཀྱི་དུས་རབས་ཤིག་ཡིན་པ་དང་།
དུང་བརྡ་གསར་བ་དེར་ཞིབ་མོར་ཉན་ཚེ།
ང་ཚོའི་ཐུན་མོང་གི་རེ་འདུན་དུ་སྣང་།
 
ང་ཚོས་འདས་ཟིན་པའི་ཁ་སང་ལ་ཕྱི་མིག་ལྟ་དུས།
གནམ་ས་བླ་འོག་བསྒྱུར་འདྲའི་དུས་རབས་ཤིག་ཏུ་སྣང་ཡང་།
འགྲན་སློང་སྣ་ཚོགས་ཀྱི་ཚ་རླབས་ཁྲོད་ནས།
ལྗང་མདོག་གི་ས་གཞི་ལ་གཟོད་དུ་མེད་པའི་རྨ་ཁ་བཟོས་ཤིང་།
མཛེས་སྡུག་གི་ཁྱིམ་གཞིས་འདིར་སྦག་བཙོག་བཏང་སོང།
ང་ཚོའི་མཐའ་འཁོར་དུ་གད་སྙིགས་ཀྱིས་གང་སོང་།
སྒོ་ཕྱུགས་དང་རི་དྭགས་འདྲེས་པའི་གཏམ་རྒྱུད་དེ་རྒྱང་དུ་བཞུད་ལ།
བྱེ་འགྱུར་དང་ཐན་ཤོད་ཀྱིས་ཁེངས་པའི་འཇིག་སྣང་ཤིག་ཉེ་སར་བཅར།
ང་ཚོར་གྲོན་ཆུང་གི་འདུ་ཤེས་དང་།
འཆམ་མཐུན་གྱི་བསམ་བློ་ཞན་པས།
སྤྲིན་པ་དཀར་བོའི་སྒེག་ཉམས་དང།
བྱ་དང་བྱེའུའི་སྐད་སྙན།
གཙང་ཆབ་སྔོན་མོའི་བཞུར་སྒྲ།
གནམ་འོག་གི་མཛེས་སྡུག་ཡོད་ཚད།
ང་ཚོ་དང་ཐག་རིང་ཐག་རིང་དུ་གྱེས་ཨང་།
ད་ནི་ཆག་སྐྱོན་ཤོར་བའི་ཨ་མའི་ལས་དབང་ལ།
ང་ཚོས་བསམ་བློ་གཏོང་རན།
སྦག་བཙོག་བཟོས་པའི་སྐྱེ་ཁམས་མ་ལག་ལ།
ང་ཚོས་བདག་སྐྱོང་བྱ་འོས།
འདི་ནི་དངོས་ཡོད་འཚོ་བས་ང་ཚོར་བཏོན་པའི་དྲི་བ་ཡིན་ལ།
 ནོར་འཛིན་ཨ་མས་ང་ཚོར་ཕུལ་པའི་རྒྱུགས་གཞིའང་ཡིན།
ང་ཚོ་མིག་རྒྱ་ཐུང་བས་རྩ་ཆེན་རི་དྭགས་ཀྱི་སྲོག་འཕྲོག
རི་མཐོ་ས་གཙང་གི་སྙིང་བྲུས།
ཚིང་ཚིང་ནགས་ཚལ་གྱི་རྐང་བཅད།
མུ་མེད་སྤང་ལྗོངས་ཀྱི་སྨན་བཏུས།
གཙང་ཆབ་སྔོན་མོའི་འགྲོ་ལམ་བཀག
མཚོ་དང་མཚེའུར་གད་སྙིགས་འཕངས་པས།
རང་བྱུང་གི་འཇིགས་པས་ང་ཚོར་རྒོལ་ལན་ཡང་ཡང་སྤྲད།
ང་ཚོ།    ངོ་མཚར་གྱི་རང་བྱུང་ཁམས་ནས་ཡོང་།
ལྗང་མདོག་གི་སྤང་ལྗོངས་ནས་ཡོང་།
གཡུ་མདོག་གི་ནགས་ཚལ་ནས་ཡོང་།
ང་ཚོ་གཏོར་བརླག་བྱེད་མཁན་ནས་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་འགྱུར་དགོས།
ང་ཚོས་རང་གི་མིག་ལ་གཅེས་པ་ལྟར་སྐྱེ་ཁམས་ལ་གཅེས་དགོས།
འདི་ནི་དུས་རབས་གསར་བས་ང་ཚོར་བཅོལ་བའི་རེ་བ་ཡིན།
ཡངས་པའི་ས་ཆེན་པོའི་ཁྱོན་ལ།
“ཕྱོགས་ཡོངས་བཞིའི”ཐབས་ཇུས་ཀྱི་དྲི་བཞོན་ལྡང་དུས།
རྒས་གཉེར་གྱིས་ཁེངས་པའི་ཨ་མ་གཉིས་ལས་དཀྲོགས།
ཨ་མར་སྔོ་ལྗང་དྭངས་གཙང་གི་ལང་ཚོ་གསར་བ་བསྩལ།
མཛེས་སྡུག་གི་ནོར་འཛིན་སྒེག་མོ།
ང་ཚོ་འཚོ་གནས་ཀྱི་རྟེན་གཞི་གཅིག་པུ་ཡིན།
ང་ཚོས་ནོར་འཛིན་ཨ་མའི་སྐུ་ཚེ་བརྟན་ཞིང་ལང་ཚོ་རྟག་ཆེད།
ཨ་མའི་ཡོད་ཚད་གཅས་སྤྲས་དང་སྲུང་སྐྱོབ་བྱེད་འོས།
ནོར་འཛིན་ཨ་མའི་རྨི་ལམ་དུ།
ནམ་མཁའ་ཡ་དག་ཅིང་།
ས་གཞིར་རྡུལ་བྲལ་ལ།
ཆུ་བོ་ཤག་ཤག་ཏུ་འབབ་ཅིང་།
འདབས་ཆགས་ཚོགས་ཀྱིས་སྐད་སྙན་ལྷང་ལྷང་སྒྲོག


རྩོམ་ཡིག་སྔོན་མ།
རྨི་ལམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1