མཚོན་ཆ།
ཚན་རིག་ཇི་ལྟར་དར་ན།
རྡུལ་ཕྲན་མཚོན་ཆ་དེ་ལྟར་འཕེལ་ལ།
ཤེས་རིག་ཇི་ལྟར་དར་ན།
རིག་པའི་མཚོན་ཆ་དེ་ལྟར་འཕེལ།
ཕྱི་དཔལ་འབྱོར་གྱི་དུས་རབས་འདིར།
རྡུལ་ཕྲན་མཚོན་ཆ་ཇི་ལྟར་འཕེལ་ན།
ང་ཚོར་འཚོ་གནས་ཀྱི་འཇིགས་སྣང་དེ་ལྟར་ཆེ།
ནང་ཤེས་རིག་གི་འཇིག་རྟེན་འདིར།
རིག་པའི་མཚོན་ཆ་ཇི་ལྟར་འཕེལ་ན།
ང་ཚོར་འཚོ་གནས་ཀྱི་བདེ་བ་དེ་ལྟར་ཆེ།
ངའི་ཡབ་མེས་ཀྱི་མཚོན་ཆ་ཁོག་ན་ཡོད།
བཟོད་སྒོམ་དང་ཁེངས་སྐྱུང་གིས་བསྙོར་ནས་ཡོད་པས།
གལ་ལ་ཐུག་ན། དཔའ་ངར་གྱིས་འགྱིང་ཡོང་།
ངའི་རྗེས་རབས་པའི་མཚོན་ཆ་ཁ་ན་ཡོད།
ཞེ་སྡང་དང་ཕྲག་དོག་གིས་ཟད་ནས་ཡོད་པས།
གལ་ལ་ཐུག་ན། འགྱོད་བདལ་གྱིས་ཞུམ་འགྲོ།
ལོ་རྒྱུས་ཀྱི་འཕྲང་སྒོར་དེད་པའི་ང་ཚོར།
རྡོ་རྗེའི་ཕ་ལམ་གྱི་བྲག་རི་གཏོར་བའི།
རྣོ་ངར་གྱི་མཚོན་ཆ་རེ་མེད་ན།
ང་ཚོར་གསོན་པའི་རེ་བ་ཅི་འདྲའི་ཉག་ཕྲ་ཨང་།
ཕྲག་དོག
ཁྱོད་ཀྱིས་རྨི་ལམ་གྱི་རྩེད་རར་མེ་བསྒོས་ཏེ།
མཚན་གྱི་ནགས་ཚལ་ཧྲིལ་བོ་བསྲེག་པར་རྩོམ།
རྟ་ཕོས་བྱང་ལམ་བཅད་ནས་ཆས་ཡུན་རིང་དྲགས་པས།
ཁྱོད་ཀྱི་སྣང་ངོར་རྨིག་སྒྲ་རྩ་བ་ནས་ཡལ་ཟིན།
སྤྱང་ཀི་མ་གཞི་ནས་ཤ་ལ་དགའ་བ་བཞིན།
ཁྱོད་ཀྱིས་ལུ་གུ་སྙིང་རྗེ་བོ་ཚོར་ཐར་ལམ་སྟེར་རམ།
ཁྱོད་ཀྱི་དོན་སྣོད་དུ་མེ་ལྕེའི་ཐུ་ལུམ་ཞུགས་པས།
ལུས་ངག་གི་སྦྱོར་བ་ཐམས་ཅད་བྱུར་གྱི་སྣ་འདྲེན་ཉིད།
དེ་བས། ཁྱོས་རེ་ཞིག་ཁྱི་ཁ་ཟུམས་ལ་སྡོད།
ངས་ད་རུང་རྨི་ལམ་གྱི་རྩེད་ར་དེའི་མཇུག་སྐྱོང་དགོས།
ངས་ནམ་ཡང་རྟ་ཕོའི་རྨིག་སྒྲར་སེམས་པ་གླན་དགོས།
ངས་སྔར་བཞིན་གཡང་དཀར་གྱི་ཞི་མཐུན་འཚོལ་དགོས།
ཆོག་ཤེས།
ཕྱིའི་ཕུན་ཚོགས་ཀྱི་ཕྱོགས་སུ།
ཁྱེད་ཀྱིས དབུལ་ཕྱུག་གི་ཁྱད་པར་འབྱེད་ཅིང་།
ནང་ཤེས་རིག་གི་ཁོངས་སུ།
ཁྱེད་ཀྱིས མཁས་བླུན་གྱི་དབྱེ་བ་བཀར།
སྐྱེས་ཆེན་སུ་ཞིག ཁྱེད་དང་འགྲོགས་ན།
རྒྱུ་ནོར་གྱིས་དབུལ་ཡང་ཕྱུག་པོ་ཡིན།
བླུན་པོ་གང་ཞིག ཁྱེད་དང་བྲལ་ན།
རྒྱུ་ནོར་གྱིས་ཕྱུག་ཀྱང་དབུལ་བོ་ཡིན།
ཁྱེད་ལྷ་རུ་བཀུར་ཏེ་ཟས་བཞིན་བསྟེན་ན།
འཕྲལ་དུ་སྡུག་ཀྱང་ཕུགས་སུ་བདེ།
ཁྱེད་འདྲེ་རུ་སྡང་སྟེ་དུག་བཞིན་སྤོང་ན།
འཕྲལ་དུ་བདེ་ཡང་ཕུགས་སུ་སྡུག
འཕྲལ་ཕུགས་ཀྱི་ཕན་གནོད་ཆེ་ས་ན།
དགེ་སྡིག་གི་ལས་འབྲས་ཟབ་ས་ན།
ཁྱེད་རང་། ཉི་འོད་བཞིན་གསལ་ནས་ཡོད་ཀྱང་།
ང་ཚོའི་ནང་སེམས་མུན་ནག་གིས་བསླུས་ཏེ།
འཆི་བདག་གི་ཞགས་པ་རང་མགོར་བསྐོན་གྱིན་ཡོད།
འཆི་ཁ་མའི་དུས་ལ་ཇི་ཙམ་བཅར་ན།
ཁྱེད་ཉིད་དེ་ཙམ་པ་ཞིག་ཞེ་ལ་འཁོར་ཞིང་།
སྡུག་བསྔལ་ཐ་དག་ཀྱང་།
རང་བཞིན་གྱིས་ཞི་བར་འགྱུར་བས།
ད་གཟོད ཁྱེད་ལ་ལེགས་སོའི་ཞུ་ཚིག་འབུལ་ངེས།
སྐྱེལ་ལེན།
ཨ་ཕས།
ཞོགས་པའི་ཉི་ཟེར་གྱི་ཁུད་དུ་རེ་བ་གཅུད་དེ།
ཁྱོད་རང་སློབ་གྲྭར་བསྐྱལ།
ཨ་མས།
དགོང་ཁའི་མཚམས་སྤྲིན་གྱི་གསེབ་ཏུ་བརྩེ་བ་བསྐྱིལ་ཏེ།
ཁྱོད་རང་ཁྱིམ་དུ་བླངས།
ཨ་ཕས་ཁྱོད་རང་ཕར་ལ་སྐྱེལ་དུས།
བུ་སྨྱུག་འཛིན་ཞིག་གི་རྣམ་དཔྱོད་འོད་དུ་བརྫུས་ཏེ།
གངས་ཏི་སེའི་མཐོང་ལམ་མདུན་ནས་བསྟན་ཡོད།
ཨ་མས་ཁྱོད་རང་ཚུར་ལ་ལེན་དུས།
བུ་འཁོར་འཛིན་ཞིག་གི་བརྩོན་པ་ཆར་དུ་བསྙིལ་ཏེ།
མཚོ་མ་ཕམ་གཏམ་རྒྱུད་སེམས་སུ་བཅུས་ཡོད།
མ་འོངས་པར། ཁྱོད་ཀྱིས།
ཕོ་ལོ་བཅོ་ལྔའི་ན་ཚོད་ཁུར་ནས་བཟུང་།
གངས་ཏི་སེའི་མགོ་ནས་རྒྱང་ལ་བལྟ་དགོས།
མཚོ་མ་ཕམ་མཐའ་ནས་ཐབ་རྡོ་སྒྲིག་དགོས།
ཁོང་ཁྲོ།
ཁྱོད་ཁོག་ཏུ་སྦས་ན་ཞི་བ་ཞིག
ཁྱོད་ཁ་རུ་འཕྱུར་ན་འཁྲུག་པ་ཞིག
ཁྱོད་མེ་ལྕེ་བཞིན་འབར་ཏེ།
བདག་གི་དཔྱིད་དཔལ་རྩད་ནས་བསྲེགས་ལ།
ཁྱོད་གློག་ཞགས་བཞིན་འཁྱུག་སྟེ།
བདག་གི་གློ་སྙིང་ཚལ་བར་གཤགས།
མེས་པོ་ཚོས་ཁྱོད་དོར་ཏེ་གཞན་གྱི་དོན་ལ་གཞོལ།
རྗེས་རབས་ཚོས་ཁྱོད་བླང་སྟེ་རང་གི་ཁེ་ཕན་བསྲུངས།
ད་ལྟ། ཕྱིན་ཅི་ལོག་གི་ལས་ཀྱི་འཇུག་ངོགས་སུ།
ཁྱོད་རང་མི་ཡུལ་ན་སེར་དྲག་བཞིན་རྒོད།
ཆོས་ཀྱི་ལོ་ཏོག་ཐམས་ཅད་ཀྱང་།
ཁྱོད་ཀྱིས་དུས་སྐད་ཅིག་ཏུ་འཇོམས་པར་ནུས་ན།
ང་ཚོར། ཁྱོད་ལས་ཕུང་དཀྲུགས་པའི་དགྲ་ཆེན་མེད་ལ།
ང་ཚོར། ཁྱོད་ལས་མཐུ་བཙན་པའི་ལྷ་ཆེན་སུ་ཞིག
ཡིད་དུ་མི་འོང་བའི་ཡུལ་རྣམས་ནི་ཁྱོད་ཀྱི་མངའ་ཐང་རེད།
ཁྱོད་ཀྱི་མངའ་ཐང་ཇི་ལྟར་འཕེལ་ན།
ང་ཚོའི་རྨོངས་པ་དེ་ལྟར་ཟབ་ཅིང་།
རྒུད་པའི་མུན་པ་རང་ཤུགས་སུ་འཁོར་འོང་།
ཁྱོད་ལ་དགྲ་བོ་གཅིག་ཡོད་པ་ནི་བཟོད་པ་ཡིན།
གང་ན་ཁྱོད་ཉིད་ཡོད་ན། དེ་ན་བཟོད་པ་མེད་ལ།
གང་ན་བཟོད་པ་ཡོད་ན། དེ་ན་ཁྱོད་ཉིད་མེད།
ཁྱོད་རང་། མི་སོ་སོའི་སེམས་ནས་འཁྱག་དར་བཞིན་ཞི་སྟེ།
བཟོད་པའི་ཆུ་མོ་ལྷོད་ལྷོད་ཀྱིས་བཞུར་ན།
ང་ཚོའི་སེམས་འདུན་ཡར་ཀླུང་གཙང་བོ་ལས་རིང་ལ།
ང་ཚོའི་འཚོ་བ་མ་ཕམ་གཡུ་མཚོ་ལས་ཟབ་ཅིང་མཛེས།