རྨི་ལམ་ནང་གི་གསེར་གཞོང་ཐང་།
རྨེ་རུ་མགོན་པོ་སྐྱིད། (ཅོ་ནེ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27
ངས་རྨི་ལམ་ཞིག་རྨིས་བྱུང་བ་འདྲ་ལ།
ཡང་ན་མངོན་སུམ་ཡིན་པའང་འདྲ་སྟེ།
ཕ་ས་མར་ཁུ་འདྲ་བའི་སྤང་ལྗོངས་ཀྱི་ཕང་བ་རུ།
སྦྲ་ནག་གི་ཁ་འཚུབ་ཀྱི་དར་རྡང་དཀར་བོ་དེ།
བསིལ་རླུང་འཇམ་པོས་ལྷབ་ལྷུབ་ཏུ་སྒུལ་ཞིང་བསྐྱོད་ལ།
འབྲོག་པ་དཔལ་ལྡན་དོན་འགྲུབ་ཀྱི་ཡིག་དྲུག་གི་དབྱངས་རྟ་དང་།
ཨ་ཅེ་གསེར་མཚོ་སྒྲོལ་མའི་གསོམ་དཀར་བཞོ་ཟེའུ་ལ།
ཐུལ་དཀར་འབྲི་མོའི་འོ་སྤྲི་ལྟེམས་པའི་ཤག་ཤག་གི་བཞོ་དབྱངས་དང་།
ཕུ་བོ་བསོད་ནམས་རྒྱ་མཚོའི་འུར་ཆ་ཁྲ་མོས།
སྟོང་ལུག་ལྷས་ལ་འཇུག་པའི་དགོད་སྒྲ་སོགས་ཀྱིས།
མུ་མེད་ཀྱི་སྤང་ཐང་ཡངས་པོར་གཡུ་མདོག་གི་ལོ་ཟླ་བསྐྲུན་མྱོང་ལ།
འདི་དག་ནི་ཁྱེད་ཀྱི་འཚར་ལོངས་ཁྲོད་ཀྱི་ལང་ཚོ་དང་།
སྒེག་ཉམས་ཁྲོད་ཀྱི་གསེར་གཞོང་ཐང་ཡང་རེད་འདུག
གང་ལྟར་མངོན་སུམ་ཡིན་ན་ཡང་འདྲ།
རྨི་ལམ་ཡིན་ཀྱང་ཆོག
ང་རང་འདི་ལྟ་བུའི་ཁྱེད་ལ་ཧ་ཅང་དགའ་ཞིང་།
འདི་ལྟ་བུའི་ཁྱེད་ལ་ལྷག་ཏུ་དུངས།
ཡང་བསྐྱར།
ང་ལ་རྨི་ལམ་ཞིག་རྨིས་བྱུང་བ་འདྲ་ལ།
ཕལ་ཆེར་མངོན་སུམ་ཡིན་པ་ཡང་འདྲ་བྱུང་།
སྤང་ལྗོངས་ཀྱི་འབྲོག་སྡེ་གསར་བ་ཞིག་ན།
དུད་ཁྱིམ་མང་བོ་གྲལ་དུ་བསྒྲིགས་ཏེ།
འཕེལ་རྒྱས་ལ་ཕྱོགས་པའི་ལམ་བུར་འཚང་ཁ་རྒྱག་ཅིང་།
སྲང་ལམ་དང་ཁང་མིག་ལ་ཨར་འདམ་གྱིས་མཛེས་སྤྲས་བྱས་པའི་ཀ་ཤུལ་བ་ཚོས།
ད་དུང་ཡང་།
ཨར་འདམ་ཐང་དེ་སྤང་ཐང་ལ་འཁྲུལ་ཞིང་།
སྤང་ཐང་དེ་ཡང་ཨར་འདམ་ཐང་ལ་འཆུགས་ནས།
རྡོ་གཅལ་ན་གན་རྐྱལ་དུ་ལོག་སྟེ་ཉི་མར་ལྡེ་བའི་སྣང་ཚུལ་དྲན་ན།
བདག་ལ་སེམས་འགྱུ་མང་བོས་འདུ་ལོང་འཁྲིགས་ཡོང་།
མ་གཞིར།
ད་ལྟའི་ཀ་ཤུལ་བ་ཚོའི་རྣམ་ཤེས་སྔོན་ཆད་ཀྱི་གསེར་གཞོང་ཐང་ལ་འཁྲེང་བ་ཤས་ཆེའམ།
ཡང་ན།
སྔོན་ཆད་ཀྱི་གསེར་གཞོང་ཐང་བ་ཚོ་ད་ལྟའི་ཀ་ཤུལ་སྨོན་པ་ཤས་ཆེ་བ་སུ་ཡིས་རྟོགས་སམ།
གང་ལྟར་ཀྱང་།
ཀ་ཤུལ་ཡ།
ང་ཡི་མངོན་སུམ་ཁྲོད་ཀྱི་ཀ་ཤུལ།
ཁྱེད་ནི་ང་ཡི་རྨི་ལམ་ནང་གི་གསེར་གཞོང་ཐང་ཡིན་ལ།
ཁྱེད་ནི་ང་ཡི་སྙིང་དུ་སྡུག་པའི་སེམས་འབུ་ཁྲ་རིས་དེའང་ཡིན།