ཞི་ཅིན་ཕིང་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ལ་ཕེབས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 10-30
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་26ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་པའི་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ལ་ཕེབས་ཞུགས་གནང་བ་མ་ཟད་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཟིན་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཡང་དུས་རབས་གསར་པར་སླེབས་ཡོད། མི་དམངས་དམག་དཔུང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། ལས་འགན་སེམས་ལ་བརྟན་པོར་ངེས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེའི་འགྲོ་ལམ་ཐོག་བསྐྱོད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ་བཅས་བྱས་ནས། ཏང་གི་དུས་རབས་གསར་པའི་སྟོབས་ཆེའི་དམག་དཔུང་གི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་མི་དམངས་དམག་དཔུང་འདི་ཕྱོགས་ཡོངས་ནས་འཛམ་གླིང་གི་ལེགས་ཤོས་དམག་དཔུང་ལ་འཛུགས་ཐུབ་པ་བྱེད་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་འབད་འཐབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི། ཏང་དང་རྒྱལ་ཁབ་གོང་འཕེལ་རྒྱུད་རིམ་ནང་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། རང་དམག་གོང་འཕེལ་རྒྱུད་རིམ་ནང་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡང་ཡིན། ཀྲུང་དབྱང་དམག་ཨུད་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་སྤྱི་རྒྱལ་ནང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོར་དམ་པོར་གཞིགས་པ། ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྒྱལ་ཐུབ་པ། ཀུན་སྤྱོད་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་བཅས་ཀྱིས་གལ་ཆེའི་བྱེད་ཕྱོགས་རྩ་དོན་རབ་དང་རིམ་པ་བཏོན་པ། གལ་ཆེའི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས་པ། གལ་ཆེའི་ལས་དོན་རབ་དང་རིམ་པར་སྐུལ་འདེད་བཏང་བ། ལྷག་པར་དུ་དུས་རབས་གསར་པའི་ཏང་གི་སྟོབས་ཆེའི་དམག་དཔུང་གི་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ནས། དམག་ཡོངས་ཀྱི་སྣེ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྟོབས་ཆེའི་དམག་དཔུང་འགྲོ་ལམ་ཐོག་གོམ་སྟབས་བརྟན་པོ་སྤོས་པ་དང་། སྟོབས་ཆེའི་དམག་དཔུང་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཡོད་ཅེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས་སྐབས་གོང་མའི་ཀྲུང་དབྱང་དམག་ཨུད་ཀྱི་ལས་དོན་གཙོ་བོར་ཕྱོགས་བསྡོམས་གནང་ཡོད་པ་དང་། ཁོང་གིས། ལོ་ལྔའི་རིང་ཀྲུང་དབྱང་དམག་ཨུད་ཀྱིས་ གནད་དོན་ལ་ཐད་ཀར་ཁ་གཏད་བཅག་པ་དང་། འཕོ་འགྱུར་གཏོང་ཕོད་པ། འགག་གཏོར་བྱེད་ཐུབ་པ། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས། དམག་དོན་འཐབ་ཇུས་མཛུབ་ཁྲིད་གསར་གཏོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་བ། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཤུགས་ཆེར་བཏང་བ། དམག་སྦྱོང་བྱས་ནས་དམག་འཁྲུག་གྲ་སྒྲིག་དངོས་འཐབ་ཅན་དུ་འགྱུར་རྒྱུ་དམ་འཛིན་ནན་པོ་བྱས་པ། དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དམག་འཐབ་ནུས་པ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་ཆུ་ཚད་མཐོ་རུ་བཏང་བ། དམག་དམངས་མཉམ་འདྲེས་ཐུབ་ཚད་ལ་སྐུལ་འདེད་བཏང་བ། བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་བཟོས་པ་དང་རུལ་སུངས་ལ་ངོ་རྒོལ་བྱས་པ། རྩ་བའི་རང་བཞིན་གྱི་བྱ་བ་འགའ་ཤས་སླར་གསོ་བྱས་པ། གཏིང་ཟབ་པའི་འགལ་ཟླ་ཁ་ཤས་འགག་སྒྲོལ་ཐུབ་པ། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཁ་ཤས་ཐོབ་པ་བཅས་ཀྱི་ཐོག་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐས་རིམ་མཐོ་པོ་ཞིག་ཏུ་འཛེགས་ཡོད་ཅེས་བསྟན་གནང་བ་དང་།
ཞི་ཅིན་ཕིང་གིས། མཇུག་འགྲིལ་མ་ཐག་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཧ་ཅང་ལེགས་གྲུབ་བྱུང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚིགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་བཅས་ལ་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པས་རྒྱལ་ཁབ་བདེ་འཇགས་དང་གོང་འཕེལ་འཐབ་ཇུས་ཀྱི་ཕྱོགས་ཡོངས་ལ་དམིགས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་འཐབ་ཇུབ་བཀོད་སྒྲིག་བྱས་པ་དང་། སྤྱི་ལོ་༢༠༢༠ལོར་སླེབས་དུས་གཞི་རྩའི་ཆ་ནས་འཕྲུལ་ཆས་ཅན་མངོན་འགྱུར་ཐུབ་པ་དང་། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། འཐབ་ཇུས་ནུས་པ་ཆེས་ཆེར་མཐོ་རུ་འགྲོ་བ་བཅས་འགན་སྲུང་ཐུབ་པ་བྱེད་དགོས་པ་དང་། སྤྱི་ལོ་༢༠༣༥ལོར་སླེབས་དུས་གཞི་རྩའི་ཆ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་མི་དམངས་དམག་དཔུང་འདི་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་ལེགས་ཤོས་སུ་འཛུགས་རྒྱུའི་བརྩོན་ལེན་བྱེད་དགོས་པའི་ནན་སྟོན་གནང་ཡོད་པ་དང་། ཁོང་གིས། མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་། ཏང་ཡོངས་དང་རྒྱལ་ཡོངས་དམག་ཡོངས་བཅས་ཀྱི་ལས་འགན་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རེད་ཅེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། དམག་ཡོངས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་མཐོ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱེད་པ་དང་། འབད་བརྩོན་ཆེན་པོས་མདུན་གྲས་སུ་སླེབས་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་འགག་རྩ་ནི་བདེན་པ་ཡིན་དགོས། རིགས་པའི་གཞུང་ལུགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་དང་བེད་སྤྱོད་གཅིག་མཚུངས་ཡོང་བའི་རྒྱུན་འཁྱོངས་བྱེད་པ། འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། བསམ་བློར་དྲག་ཆས་སྤྲད་པ་དང་། ལག་ལེན་དངོས་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འབད་འཐབ་བྱས་ཏེ་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཐོབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་ཐད་ཕན་ནུས་དངོས་ཐོབ་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་སོགས་ཡིག་ཆ་གལ་ཆེ་རིགས་སློབ་སྦྱོང་རབ་དང་རིམ་པ་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཞི་རྩའི་བྱེད་ཕྱོགས་སློབ་སྦྱོང་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་དམག་སྟོབས་ཆེར་གཏོང་བའི་དགོངས་པ་དམིགས་བསལ་དུ་སློབ་སྦྱོང་བྱེད་པ། དཔོན་དམག་གི་འདུ་ཤེས་བཞི་ཆེ་རུ་འགྲོ་རྒྱུ་དང་གདེང་ཚོད་བཞི་ཆེ་རུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་བྱེད་དགོས། ལས་འགན་གསལ་རྟོགས་དང་འགན་འཁྲི་ཆེ་རུ་གཏོང་རྒྱུའི་ཐད་ཕན་ནུས་དངོས་ཐོན་པ་བྱེད་དགོས། ཏང་ཀྲུང་དབྱང་གི་འཐབ་ཇུས་བསམ་གཞིག་ལ་གོ་བ་གཏིང་ཟབ་ལེན་པ་དང་། དམག་སྟོབས་ཆེར་གཏོང་བའི་འོད་སྣང་ལྡན་པའི་མདུན་ལྗོངས་ལ་ངོས་འཛིན་གསལ་པོ་བྱེད་པ། ཕྲག་ཐོག་ཏུ་ཡོད་པའི་འགན་འཁྲི་ལྕི་པོ་དེར་ངོས་འཛིན་གསལ་པོ་བྱེད་པ། ཉིན་མཚན་བལྟོས་མེད་ངང་ལས་དོན་གང་མགྱོགས་སྒྲུབ་རྒྱུར་དམ་འཛིན་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་ལས་འགན་ལེགས་གྲུབ་ཡོང་བའི་འགན་སྲུང་བྱེད་དགོས། ལས་དོན་ལ་སྐུལ་འདེད་དང་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པའི་ཐད་ཕན་ནུས་དངོས་ཐོན་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་དེ་ལས་ཀའི་བསམ་ཕྱོགས་དང་ལས་ཀའི་བྱེད་ཐབས། ཞིབ་ཕྲའི་བྱ་སྤྱོད་བཅས་ལ་འགྱུར་བ་བྱེད་པ་དང་། དོན་འཁྱོལ་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ཞིབ་ཚགས་པོ་དང་ཡག་པོ་སྒྲུབ་སྟེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ལས་འགན་ཁག་ཆད་ལུས་མེད་པར་དངོས་ཐོག་ལ་འཁྱོལ་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་པའི་ཀྲུང་དབྱང་དམག་ཨུད་ཀྱི་གྲུབ་ཆའི་མི་སྣ་གཏན་འཁེལ་བྱས་ཡོད། འདི་ནི་རང་རེའི་ཏང་གིས་གནས་བབ་ཧྲིལ་པོར་གཞིགས་ནས་བྱས་པའི་ཆབ་སྲིད་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཏེ། སྐབས་གསར་པའི་དམག་ཨུད་འགོ་ཁྲིད་མཉམ་སྡེབ་ཀྱིས་ཏང་དང་མི་དམངས་ཀྱི་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་། དམག་ཡོངས་ཀྱི་དཔོན་དམག་གི་རེ་བ་སེམས་སུ་བརྟན་པོར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་དམག་ཨུད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་། རང་དམག་གི་མཐོ་རིམ་ལས་བྱེད་པ་ནི་དམག་སྟོབས་ཆེར་གཏོང་བའི་བྱ་གཞག་གི་སྟོབས་ཤུགས་གཙོ་བོ་ཡིན་པས། ཕྲག་གི་འགན་འཁྲི་ལྕི་བ་དང་ལྟག་རྒྱབ་ཏུ་དམག་མི་ཁྲི་སྟོང་ཡོད་པས། ངེས་པར་དུ་ཏང་ལ་ལྷག་བསམ་ཟོལ་མེད་དང་། ཏང་གི་བཀོད་འདོམས་ལ་ཉན་པ། ངེས་པར་དུ་དམག་ཇུས་འདིང་མཁས་པ་དང་། དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ་དགོས་པ། ངེས་པར་དུ་བློ་སྟོབས་ཆེན་པོས་བསྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ་དགོས་པ། ངེས་པར་དུ་ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དང་ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཐུབ་པ། ངེས་པར་དུ་ཁྲིམས་སྐྱོང་ལག་ལེན་ནན་ཏན་བསྟར་བ་དང་། དམག་ནན་པོས་བཅོས་སྐྱོང་བྱེད་པ། ངེས་པར་དུ་སྤྱོད་ཚུལ་ལ་ཉམས་སད་ཐེག་ཐུབ་པ་དང་། དཔེ་སྟོན་གྱི་ནུས་པ་ཐོན་ཐུབ་པ་བཅས་བློ་སྟོབས་ཆེར་སྐྱེད་ཀྱི་བསམ་བློའི་གནས་སྟངས་དང་འབད་འཐབ་ཀྱི་རྣམ་པའི་ཐོག་ནས་ཏང་གི་ཆེད་དུ་ལས་དོན་སྒྲུབ་པ་དང་། ལྷག་བསམ་རྣམ་དག་ངང་འགན་འཁྲི་ཡག་པོ་ཁུར་དགོས་ཞེས་བསྟན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། དམག་ཨུད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་ནས། མུ་མཐུད་ལོ་མཇུག་གོང་གི་དམག་དཔུང་གི་ལས་དོན་ཁག་ཡག་པོ་སྒྲུབ་སྟེ། ཚད་གཞི་མཐོ་པོའི་ཐོག་ནས་ལོ་འཁོར་མོའི་ལས་འགན་ཁག་ལེགས་གྲུབ་ཐུབ་པའི་འགན་སྲུང་བྱེད་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུར་གཞིགས་ཏེ། ཀུ་ཐན་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དམག་དཔུང་གི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ནན་པོ་རྒྱག་པ། ཆབ་སྲིད་ལ་སྤྱི་ཡོངས་ནས་ལེགས་སྒྲིག་བྱེད་ཤུགས་རྒྱུན་འཁྱོངས་བྱེད་དགོས། ལྷོད་གཡེང་ཅུང་ཙམ་ཡང་མེད་པའི་ངང་དམག་སྦྱོང་དང་དམག་གྲབས་ལས་དོན་ཁག་ཡག་པོ་སྒྲུབ་ནས། ལས་དོན་ཁག་གཏིང་ཟབ་དང་ཞིབ་ཕྲ་ཡོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གནས་བབ་ཧྲིལ་པོ་བརྟན་པོ་ཡོང་རྒྱུར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། རང་དམག་འཛུགས་སྐྱོང་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་བཏང་ནས། འཛུགས་སྐྱོང་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་པའི་འགན་སྲུང་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས། འཆར་གཞི་ལྟར་བསྒྱུར་བཅོས་ལས་འགན་ཁག་དོན་འཁྱོལ་བྱེད་དགོས། ཁྱོན་ཡོངས་ནས་དམག་ནན་པོས་བཅོས་རྒྱུར་དམ་འཛིན་དང་། ནན་པོ་བྱ་རྒྱུ་ཨང་དང་པོར་འཇོག་རྒྱུ་དང་འགོ་ནས་མཇུག་བར་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་དམག་ནན་པོས་སྐྱོང་རྒྱུ་དང་རང་དམག་འཛུགས་སྐྱོང་གི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཡོངས་ལ་དོན་འཁྱོལ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གཞིགས་ནས་དུས་སང་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་དོན་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། རང་དམག་འཛུགས་སྐྱོང་གོང་འཕེལ་གྱི་གལ་ཆེའི་འཐབ་ཇུས་གནད་དོན་ལ་བསམ་གཞིགས་གཏིང་ཟབ་བྱས་ཏེ། དུས་སང་གི་ལས་དོན་སྤེལ་རྒྱུར་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
གྲོས་ཚོགས་མ་འཚོགས་གོང་། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཡོངས་དང་ཆེད་མངག་གདན་ཞུའི་འཐུས་མི། ཟུར་ཞུགས་མི་སྣ་བཅས་དང་བྱམས་བརྩེའི་མཇལ་འཕྲད་གནང་བ་མ་ཟད་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་སྐྱོན་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡའུ་ཞ། བློ་མཐུན་ཧྥན་ཁྲང་ལུང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།
རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཁྲང་ཝན་ཆོན་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥེང་ཧོ། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་དང་། དེ་བཞིན་བློ་མཐུན་ཀྲའོ་ཁེ་ཧྲི་དང་། ཝུ་ཧྲེང་ལི། མ་ཞའོ་ཐན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། བཅིངས་འགྲོལ་དམག་གི་དམག་ཁུལ་ཁག་དང་། དམག་རིགས་ཁག དམག་ཨུད་ལས་ཁུངས་ཀྱི་ཚན་པ་ཁག དམག་དོན་ཚན་རིག་ཁང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོགས་དཔུང་སྡེ་བཅས་ཀྱི་འགོ་ཁྲིད་གཙོ་བོ་ཡང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1