བོད་ལྗོངས་ཀྱི་མཐོ་སྒང་ཟས་རིགས་འཁྱག་སྦྲེལ་ལྟེ་གནས་རྣམ་གྲངས་རྨང་འདིང་བར་སྤྱིའི་མ་དངུལ་དམངས་སྒོར་དུང་ཕྱུར་3.92བཏང་།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 11-01
བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཁུལ་གྱི་མཐོ་སྒང་ཟས་རིགས་འཁྱག་སྦྲེལ་ལྟེ་གནས་རྨང་འདིང་བའི་མཛད་སྒོ་ཚེས་༣༠ཉིན་སྟོད་ལུང་བདེ་ཆེན་བཟོ་ལས་ར་བའི་ཁུལ་Bནས་འཚོགས་པ་དང་། འདི་ལས་བོད་ལྗོངས་ཀྱི་གཞི་རྒྱུ་ཆེ་ཤོས་དང་ཆེད་ལས་ལག་རྩལ་མཐོ་ཤོས་ཀྱི་ཟས་རིགས་འཁྱག་སྦྲེལ་ལྟེ་གནས་རྣམ་གྲངས་དངོས་སུ་འཛུགས་སྐྲུན་བྱེད་པའི་དུས་རིམ་དུ་སླེབས་པ་མཚོན།
མཚམས་སྦྱོར་ལྟར་ན། མཐོ་སྒང་གི་ཟས་རིགས་འཁྱག་སྦྲེལ་ལྟེ་གནས་རྣམ་གྲངས་དེའི་རྒྱ་ཁྱོན་ལ་མུའུ་༨༤.༩༤བཟུང་ཡོད་ཅིང་། འཆར་འགོད་བྱས་པའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་༧༠༦༩༦.༥༡ཡོད། སྤྱིའི་མ་དངུལ་ཧ་ལམ་དམངས་སྒོར་དུང་ཕྱུར་༣.༩༢ལ་སླེབས། རྣམ་གྲངས་ཀྱི་འཛུགས་སྐྲུན་གཙོ་བོ་ལ་རྒྱ་ཁྱོན་སྨི་གྲུ་བཞི་༥༡༨༧༢.༩༤ཡོད་པའི་འཁྱག་མཛོད་ཁང་ཆེན་སྤུས་དག་ཆེན་པོ་གཉིས་དང་། སྨི་གྲུ་བཞི་༡༦༤༥༥.༢༢ཡོད་པའི་མཐོ་སྒང་གི་ཟས་རིགས་ལས་སྣོན་ཁུལ། དེ་མིན་ཆེད་ལས་ཅན་གྱི་སྒྲིག་ཆས་བཅས་འདུས། རྣམ་གྲངས་ཀྱི་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱེད་པའི་དུས་ཡུན་ནི་ལོ་གཉིས་ཡིན་ཞིང་། སྔོན་དཔག་ལྟར་ན་༢༠༡༩ལོའི་ཟླ་༡༠པའི་ནང་ཚང་མ་ལེགས་གྲུབ་བྱུང་ངེས་ཡིན།
ཤེས་གསལ་ལྟར་ན། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྒྲིག་བཀོད་ཟོག་འགྲེམ་ལག་རྩལ་སོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལྟོས་བཅས་ཀྱིས་ཅུང་དམའ་ལ་ཞིང་འབྲོག་ཐོན་རྫས་ཀྱི་འཁྱག་སྦྲེལ་འཁོར་རྒྱུག་གི་ཚད་དང་སྐྱེལ་འདྲེན་གྱི་ཚད་གཉིས་ཀའང་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་མེད། སྟོད་ལུང་བདེ་ཆེན་ཁུལ་གྱི་མཐོ་སྒང་གི་ཟས་རིགས་འཁྱག་སྦྲེལ་ལྟེ་གནས་ཀྱིས་གནས་ཚུལ་དེར་ལེགས་བཅོས་ཆེན་པོ་བྱེད་ངེས་སོ། །
སྟོད་ལུང་བདེ་ཆེན་ཁུལ་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་སྐལ་བཟང་བྱམས་པས་བཤད་རྒྱུར། འཁྱག་སྦྲེལ་རྣམ་གྲངས་འཛུགས་སྐྲུན་བྱེད་པར་མཉམ་ལས་དང་། སྐྱེལ་གཉེར། དབུལ་སྐྱོར་བཅས་གསར་གཏོད་ཀྱི་འདུ་ཤེས་ཆེན་པོ་གསུམ་ལྷན་དུ་འཛིན་དགོས་ལ། རྣམ་གྲངས་ཀྱི་འཛུགས་སྐྲུན་ལེགས་གྲུབ་བྱུང་ཚེ་ལྷ་སའི་ད་ཡོད་ཀྱི་འཁྱག་སྦྲེལ་རྣམ་གྲངས་འཕེལ་རྒྱས་མེད་པའི་གནས་ཚུལ་ཐག་གཅོད་བྱེད་ཐུབ། དེ་དང་ཆབས་ཅིག རྣམ་གྲངས་འདིས་ད་དུང་ཉར་ཚགས་དང་། ལས་སྣོན། ཉོ་འཚོང་། སྡེབ་སྐྱེལ་སོགས་ཞབས་ཞུའི་མ་ལག་སྣ་མང་ཡང་མཉམ་དུ་འཛིན་རྒྱུ་རེད།
“འཁྱགས་སྦྲེལ་ལྟེ་གནས་ནི་སྟོད་ལུང་བདེ་ཆེན་ཁུལ་གྱི་༢༠༡༧ལོའི་དབུལ་སྐྱོར་རྣམ་གྲངས་གཙོ་གནད་ཅིག་ཡིན་ལ། རྣམ་གྲངས་འདི་ཉིད་སྐྲུན་ཐུབ་པ་དེས་བྱང་བུ་ཡོད་པའི་དུད་ཁྱིམ་༢༧༥དབུལ་ཐར་བྱུང་ཐུབ་པ་མ་ཟད། ད་དུང་ཁེ་ལས་གསར་སྤེལ་དང་ལས་ཞུགས་ཕྱུག་འགྱུར་གྱི་གོ་སྐབས་མང་པོ་ཡང་བསྐྲུན་ཐུབ།”ཅེས་ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཕི་ཀྲེ་ཧྲོའེ་ཡིས་རྣམ་གྲངས་ཀྱི་རྨང་འདིང་བའི་མཛད་སྒོ་ཐོག་འདི་ལྟར་གསུངས།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1