ཀ་ཤུལ་ལ་སྐྱོད་པའི་མགྱོགས་བྲིས།
ཆས་པ་རྟ་མགྲིན་ཚེ་རིང་། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06
༡
དེ་སྔ་ཀུན་གྱིས་སྣང་འཇོག་མེད་པའི་འབྲོག་སྡེ་དེ།
གློ་བུར་ཀུན་གྱིས་མིག་ཟུང་གཏད་སའི་ཡུལ་དུ་གྱུར།
ཀ་ཤུལ། གང་ནས་མཆེད་ཅིང་ཇི་ལྟར་བྱོན་པའི་ཁ་སང་གི་གཏམ་རྒྱུད་དེ།
ད་ནི་རྒྱང་དུ་བཞུད།
ཀ་ཤུལ། གང་དུ་སྐྱོད་ཅིང་ཅི་ཞིག་བགྱིད་པའི་དེ་རིང་གི་ལོ་རྒྱུས་དེ།
ད་ལྟ་འབྲི་འགོ་བརྩམས།
༢
ལྕི་འདམ་གྱིས་ཁེངས་པའི་ལྷས་རའམ་མཚེར་ཤུལ་དུ།
ཨར་འདམ་གྱི་བཟོ་བཀོད་མང་བོ་ཕྲེང་བར་བསྟར།
དུ་དྲེག་གིས་ཟིན་པའི་སྦྲ་རྒན་གྱི་ཚབ་བྱེད་དུ།
བཀོད་ལེགས་ཀྱི་ཁང་བཟང་གང་མང་ཚར་དུ་དངར།
ད་དུང་། སྟོང་ལུག་འཚོ་སའི་སྤང་ཁུགས་དེའང་།
མི་ཚོགས་འདུ་སའི་དེང་རབས་ཐང་ཆེན་དུ་བཅོས།
༣
ཁོམ་ལོང་བྱུང་བའི་ལོ་ལོན་རྒན་རྒོན་དེ་ཚོས།
ཉི་མར་ལྡེ་བཞིན་གནའ་དེང་གི་བྱུང་བ་ཡང་ཡང་གླེང་།
གནའ་སྔ་མོར། ཀ་ཤུལ་དུ།
སྒོ་ཕྱུགས་དང་རི་དྭགས་འདྲེས་ནས་ཡོད་ལ།
འབྲོང་རྒོད་དང་གནག་ཕྱུགས་མཐུན་བསྡེབས་བྱུང་སྐད།
དུས་ད་ལྟ། ཀ་ཤུལ་དུ།
འཕྲུལ་རྟ་དང་རླངས་འཁོར།
བཞོན་རྟ་དང་ཁལ་མ་ལས་མང་ལ།
ཤ་མདོག་དང་སྐད་རིགས་མི་འདྲ་བའི་མི་ཚོགས་ཀྱིས།
འཚང་ཁ་ཤིག་ཤིག་རྒྱག
༤
ཀ་ཤུལ་འགྱུར་སོང་། ཡོད་ཚད་འགྱུར་སོང་།
ཨོང་མེའི་མཐའ་རུ་འཚང་སྟེ་ཨ་མྱེས་གཏམ་རྒྱུད་ཉན་པའི་བྱིས་པ་དེ་ཚོ།
གར་སོང་ཆ་མེད་དུ་གྱུར་ལ།
ཁ་པར་བསློགས་ནས་ཉིན་མཚན་མགོ་རྟིང་བརྗེས་པའི་བུ་དང་བུ་མོ་ཚོས།
རང་རང་ས་རུ། རང་རང་སྤྲོ་བའི“འཇིག་རྟེན”ཉུལ།
༥
གདོད་མ་ནས་ཆས་ཤིང་།
དེང་རབས་ལ་སྙེགས་པའི་ཀ་ཤུལ་བ།
ད་ནི་འཛམ་གླིང་དང་ཉེ་རུ་ཕྱིན་ཡོད་ཚོད་འདུག
སྐྱེ་ཁམས་དང་དཔལ་ཡོན། འབྱོར་འབྲིང་།
སྙན་འཇེབས་ཀྱི་ཐ་སྙད་དེ་དག་གི་ཡང་སྙིང་དེ།
ང་ཚོས་གནའ་དེང་གི་གཞི་གང་ཞིག་ནས་འཚོལ་རྒྱུ།
༦
རུ་བ་ནས་སྡེ་བར་གྱུར་ཅིང་།
སྦྲ་ཁྱིམ་ནས་ཁང་བར་སྤོས་ལ།
དབྱར་ས་ནས་དགུན་སར་བབས་པའི་གསར་བརྗེ་ཆེན་པོ་འདི་ལས།
དོན་ངོ་མ་ང་ཚོས་ཀ་ཤུལ་ལ།
ཕན་པ་དང་ཉེས་པ།
ཡང་ན་ཐོབ་ཤོར་ག་འདྲ་ཞིག་བཟོས་ཨང་།
༧
འཁོད་ཡངས་པའི་གཞུང་ལམ་གྱིས།
སྡེ་གཞུང་གཤགས་ནས་གནམ་སའི་མཚམས་སུ་བསྲིངས།
ཨར་འདམ་གྱིས་བསླངས་པའི“སེང་ལྕམ་འབྲུག་མོས།”
རྒྱང་བཞུད་ཀྱི“གེ་སར”ལ་སྐྱེལ་མ་བྱེད་པའམ།
ཡང་ན། ཚུར་འོང་གི་སྐུ་མགྲོན་ཚོར་བསུ་མ་བགྱིད་དམ་ཅི།
ཉིན་མཚན་ཀུན་ཏུ་ལམ་འགྲམ་དུ་ལངས་ཏེ།
ལག་ཆུང་གིས་དཔྲལ་བ་བཀབ་ནས་ཅི་ཞིག་ལ་རེ་ཞིང་སྒུགས།
༨
ཀ་ཤུལ་སྡེ་བའི་ནམ་མཁའ་ན་གནམ་གྲུ་འཕུར་ལ།
ཀ་ཤུལ་སྡེ་བའི་ས་འོག་ན་མེ་འཁོར་རྒྱུ།
ཀ་ཤུལ་བ་འཛམ་གླིང་དུ་སྐྱོད་ལ།
འཛམ་གླིང་གིས་ཀ་ཤུལ་བ་ཤེས་རྟོགས་བྱུང་།
ལས་ཀ་ཤོར་བའི་ལོ་ལོན་ཚོས་མགོ་བོ་གཡུགས་བཞིན།
“ཀ་ཤུལ་འགྱུར་སོང་། ཀ་ཤུལ་བ་འགྱུར་སོང་”ཟེར།
༩
ཐོབ་པ་ཡོད་ན། ཤོར་བ་ལོས་ཡོད།
འདི་ནི་དུས་རབས་མདུན་སྐྱོད་ཀྱི།
གཟུར་དུ་མེད་པའི་ཆོས་ཉིད་དེ།
ཀ་ཤུལ་མ་ཟད། ཡོད་ཚད་འགྱུར་དུ་ངེས་ལ།
ང་ཚོས་བསླེབས་པ་འགོར་བའི་དུས་རབས་འདི་ལ།
བཀའ་དྲིན་ཞུ་བ་ལས་གཞན་ཅི།།