མཚོ་ངོགས་ཀྱི་བསམ་གཞིག
རྡོ་རིང་། (ཟི་ལང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06
མཚོ་སྔོན་པོ། ང་ནི་ཁྱེད་ཀྱི་རླབས་སྒྲར་ཉན་ནས་ནར་སོན་པ་མིན་ཞིང་། ནོར་ལུག་གི་རྨིག་རྗེས་ཁྲོད་ནས་མཚོ་མཐའ་སྐོར་མཁན་གྱི་འབྲོག་ཕྲུག་ཅིག་ཀྱང་མིན་ན་ཡང་། ང་ཁྱེད་ཀྱི་ཁ་གཏད་དུ་འགྲེང་དུས་འདྲིས་ཤིང་བཤེས་པའི་གྲོགས་པོ་རྙིང་བ་ཞིག་ལ་འཕྲད་པ་དང་མཚུངས་པའི་ཚོར་བ་སྐྱེས་བྱུང་། དེ་ནི་ཁྱེད་ཀྱི་དྭངས་ཤིང་གཙང་བའི་བཞིན་རས་ལས་ཁྱེད་ཀྱི་ལྷད་མེད་པའི་རང་གཤིས་རྟོགས་པས་ཡིན་ལ། ཁྱེད་ཀྱི་ཕྱི་གསལ་ནང་གསལ་གྱི་སེམས་པ་དེ་མཐོང་བས། སེམས་པ་སེམས་པའི་ངོ་བོར་ཐིམ་པའི་རྐྱེན་གྱིས་ཀྱང་ཡིན་ངེས།
ཁྱེད་ནི་མཐོ་སྒང་གི་བྲང་གཞུང་དུ་ལུས་པའི་སྙིང་ཁྲག་དེ་ཡིན་པས། འབྱུང་བཞི་འཐབ་ནས་བསྐལ་བ་ཆགས་པའི་ལོ་རྒྱུས་དེ་ཁྱེད་ལ་གསལ་ཞིང་། འཚོ་གནས་བརྩད་དེ་དམར་འཛིང་བྱས་པའི་ལོ་ཟླ་དེ་དག་ཁྱེད་ཀྱིས་མཐོང་བས། ཁྱེད་ཀྱིས་ང་ལ་ཁྱེད་ཀྱིས་ཤེས་པ་ཐམས་ཅད་སྦ་གསང་མེད་པར་བཤད་རོགས། བཙན་པོའི་རུ་དཔུང་གིས་མཚོ་སྔོན་པོའི་གཡས་རུ་གཡོན་རུ་ནས་དཔའ་བོའི་ངར་སྐད་སྒྲོག་དུས། སྒ་འ་ཞ་ཡིས་མཚོ་འགྲམ་ནས་བརྗིད་པའི་མཁར་རྫོང་བརྩིགས་དུས། སོག་པོའི་སྐྱ་དམག་གིས་མཚོ་མོ་ཨ་ལོང་བཞིན་ཡང་དང་བསྐྱར་དུ་སྐོར་དུས། ཆིང་དམག་གིས་དགོན་པ་བསྲེགས་ཤིང་གྲྭ་བ་དམར་གསོད་བྱེད་དུས། ཁྱེད་གང་ཞིག་ལ་ཆགས་ཤིང་གང་ཞིག་ལ་སྡང་བའི་སེམས་པ་མེད། ལོ་རྒྱུས་ཟེར་བ་ནི་ཁྱེད་ཀྱི་པང་ལ་སླེབས་ཤིང་། ཁྱེད་ཀྱི་པང་ནས་ལོག་པའི་སེམས་ཅན་དེ་དག་གིས་བྲིས་པ་ཡིན་པས། མདོར་ན། ཁྱེད་ཀྱི་ཞལ་རས་ནི་མཐོ་སྒང་གི་ལོ་རྒྱུས་ཡིན་ལ། ཁྱེད་ཀྱི་རླབས་སྒྲ་ནི་ལོ་རྒྱུས་ཀློག་པའི་དབྱངས་འགྲོས་རེད།
མཚོ་མཐའ་ཡི་མཁར་རྫོང་དེ་དག་ཇི་ལྟར་བརྩིགས་ཤིང་གང་ལྟར་འཇིག་པ་ཁྱེད་ལ་གསལ་ན་ཡང་། རྒྱལ་དབང་བསོད་ནམས་རྒྱ་མཚོས་ཨལ་ཐལ་ཧན་ལ་ལྷའི་ཚངས་པ་ཆེན་པོ་ཞེས་མཚན་གསོལ་ཞིང་། ཨལ་ཐལ་ཧན་གྱིས་རྒྱལ་དབང་བསོད་ནམས་རྒྱ་མཚོར་ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་མཚན་གྱིས་གཟེངས་བསྟོད་ཕུལ་པ་དེ་ཁྱེད་ཀྱིས་མཐོང་ན་ཡང་། བྱེ་མ་རྔ་རྡུང་གིས་རྔ་བརྡུངས་པའི་རྒྱུ་མཚན་དེ་ཁྱེད་ཀྱིས་རྟོགས་ན་ཡང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཚོ་ཁར་སླེབས་རྗེས་འཆི་གསོན་གང་བྱུང་ཁྱེད་ཀྱིས་ཤེས་ན་ཡང་། ཁྱེད་ནི་ནམ་ཡང་ཁུ་སིམ་མེར་ལོ་རྒྱུས་འཁྱོག་པོར་སྨྲ་མཁན་དེ་དག་གི་གདོང་ལྤགས་མ་དབྲལ་ལ། ལོ་རྒྱུས་གསར་བཟོ་བྱེད་མཁན་དེ་དག་ལ་ཁ་རྡུང་ཡང་མ་བཏང་། དེ་ནི་ཁྱེད་ཀྱིས་རྫུན་གྱིས་ནམ་ཡང་བདེན་པ་འགེབས་མི་ཐུབ་པའི་གནས་ལུགས་རྟོགས་པས་ཡིན་ནམ། ཡང་ན་ལོ་རྒྱུས་ཟེར་བ་དེར་ནམ་ཡང་ཡིད་རྟོན་མེད་པའི་ངང་ཚུལ་དེ་རྟོགས་པས་ཡིན།
རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་ཨལ་ཐལ་ཧན་གཉིས་མཚོ་ཁ་ནས་འཛོམས་པ་ལྟར་། དེ་རིང་ང་ཚོ་གོ་ལྔ་བོད་ཡིག་འཛིན་གྲྭའི་སློབ་གྲོགས་རྣམས་ཀྱང་ཁྱེད་ཀྱི་འགྲམ་ངོགས་ནས་ལྷན་འཛོམས་བྱུང་ཡོད། རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་ཨལ་ཐལ་ཧན་གཉིས་ལ་རང་རང་གི་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་མོད། ཡིན་ནའང་ང་ཚོ་ནི་སློབ་གྲོགས་ཀྱི་བརྩེ་བ་ཟབ་མོས་གནས་འདིར་འདུས་པ་ཡིན་ལ། ལྷད་མེད་ཀྱི་དུངས་པ་དེའི་དབང་གིས་གནས་འདིར་འཛོམས་པ་ཡིན། སློབ་གྲོགས་ཚོས་ཕ་ཡུལ་གྱི་རི་ལུང་ནས་སྙིང་གཏམ་ཁུར་ནས། ལྷག་བསམ་བསྣམས་ཏེ་མཚོ་མོའི་ཁ་རུ་སླེབས་དུས། ང་ཚོའི་ལྷད་མེད་ཀྱི་བརྩེ་བ་དང་རྣམ་དག་གི་དུངས་པར་མཚོ་མོས་ཀྱང་ཡིད་སྨོན་གྱི་མིག་ཟུང་གིས་བལྟས་བྱུང་།
མི་ལོ་ཉི་ཤུའི་སྔོན་ལ་ང་ཚོ་ཁྱེད་ཀྱི་འགྲམ་ངོགས་སུ་ཐེངས་དང་བོར་ལྷན་དུ་འཛོམས་དུས་མཚོ་སྔོན་པོའི་མཐའ་སྐོར་དུ་སྤང་ཐང་དང་ནོར་ལུག་ལས་ཅི་ཡང་མེད་པས། ང་ཚོ་གནས་གང་ནས་སྡོད་འདོད་ན་དེ་རུ་བསྡད་ཆོག་ལ། ང་ཚོ་གནས་གང་དུ་འགྲོ་འདོད་ན་དེ་ལ་སོང་ཆོག ད་ལྟ་ཁྱེད་ལ་བདག་པོ་མང་བོས་ཕྱི་རིམ་ནང་རིམ་བྱས་ཏེ་བསྐོར་ཡོད་ན་ཡང་། དོན་གྱིས་ཁྱེད་ལ་སྙིང་ནས་གཅེས་མཁན་གྱི་བདག་པོ་ག་ཚོད་ཡོད།
མི་ལོ་ཉི་ཤུའི་སྔོན་གྱི་དབྱར་གཞུང་དེར་ངས་མཚོ་སྔོན་པོ་ཐེངས་དང་བོར་མཐོང་བ་ཡིན་ལ། སློབ་གྲོགས་མང་ཆེ་བས་ཀྱང་ཐེངས་དང་བོར་མཐོང་བ་འདྲ། ང་ཚོས་རླངས་འཁོར་ལས་མཚོ་ཞལ་ཐོག་མར་མཇལ་དུས་སློབ་གྲོགས་ཚོའི་དགའ་འབོད་ལས་ངས་སློབ་གྲོགས་མང་བོ་ཞིག་མཚོ་ཁར་ཐེངས་དང་བོར་ཡོང་བ་ཤེས་ཐུབ། སྔ་དྲོ་མཚོ་ཁར་འབྱོར་དུས་རླབས་རྩེ་ན་གསེར་འོད་ཆེམ་ཆེམ་འཕྲོ་བའི་ཉི་འོད་དེས་ངའི་ཡིད་ཀྱི་དང་བ་དབང་མེད་དུ་དྲངས་ཤིང་། ས་སྲོད་ཀྱི་རླབས་སྒྲ་དྲག་པོ་དེས་ངའི་ཡིད་ལ་བག་ཆགས་ཟབ་མོ་ཞིག་བཞག་པས། དེ་ནས་བཟུང་ང་ལ་མཚོ་སྔོན་པོའི་རླབས་རྩེའི་ཉི་འོད་ལ་བལྟ་འདོད་དང་། མཚོ་སྔོན་པོའི་སྲོད་ཀྱི་རླབས་སྒྲར་ཉན་འདོད་ཀྱི་འདུན་པ་ཞིག་དབང་མེད་དུ་སྐྱེས་བྱུང་།
ཐེངས་འདིར་ང་ཚོ་མཚོ་ཁ་ནས་ཉིན་ཞག་གསུམ་ལ་བསྡད་པས། ང་ལ་སེམས་པ་སྤྲོ་བས་བཏེགས་ནས་རླབས་རྩེའི་ཉི་འོད་ལ་ལྟ་བའི་སྐལ་བ་ལྡན་སོང་ལ། ཡིད་སེམས་བག་ལ་ཕབ་ནས་སྲོད་ཀྱི་རླབས་སྒྲར་ཉན་པའི་གོ་སྐབས་ཀྱང་བྱུང་སོང་། སྲོད་ལ་ང་མཚོ་འགྲམ་ནས་སྐྱིལ་ཀྲུང་དུ་བསྡད་དེ་ཁྱེད་ཀྱི་རླབས་སྒྲར་ཉན་པ་ཡིན། ལྷིང་འཇགས་ཀྱི་ཁྲོད་ནས་ཁྱེད་ཀྱི་རླབས་སྒྲ་ལ་ཉན་པ་ནི་ངའི་ལོངས་སྤྱོད་ཅིག་ཡིན་ལ། ལྷིང་འཇགས་ཀྱི་ཁྲོད་ནས་ཁྱེད་ཀྱི་རླབས་སྒྲ་ལ་ཉན་པ་ནི་ངའི་བསམ་གཞིག་གི་གོ་རིམ་ཞིག་ཀྱང་ཡིན། ཞོགས་པར་ང་མཚོ་ངོགས་སུ་ཀྲོང་ངེར་འགྲེང་ནས་ཉི་མ་མཚོ་མོའི་ངོས་ནས་འཆར་ཚུལ་ལ་བལྟས། ཞོགས་པར་ཤར་ཕྱོགས་ཀྱི་མཚམས་སྤྲིན་དེ་སྐྱ་བོ་ནས་རིམ་བཞིན་དམར་བོར་གྱུར་པ་དང་། མཚམས་སྤྲིན་དམར་བོ་དམར་རྐྱང་དུ་འགྱུར་དུས་ཉི་མ་མཚོ་ངོས་སུ་སེར་གྱིལ་ལེར་ཤར་བྱུང་། ཉི་མའི་འོད་ཟེར་དེ་གསེར་གྱི་ཀ་བ་ཞིག་དང་མཚུངས་ཤིང་། རླབས་ཀྱི་རྒྱུ་བ་དང་བསྟུན་ནས་གསེར་གྱི་ཀ་བ་དེ་དུམ་བུ་དུམ་བུ་བྱས་ཏེ་ངའི་མདུན་དུ་མཆེད་ཡོང་དུས་ང་ལ་སྨྲ་བསམ་བརྗོད་དུ་མེད་པའི་ཚོར་བ་ཞིག་སྐྱེས་བྱུང་།