ཨ་མྱེས་ཀྱི་པགས་རྩག
དབང་མདའ་ཉི་མ།(ཆབ་མདོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06
ཉི་མ་ལྷ་སའི་གླིང་ལ་སྟོན་ཟླ་རྒན་མོས་ཕྱི་མའི་ལམ་རྒྱགས་སྒྲུབ་དུས། ནམ་རྒྱུན་རླབས་ཀྱི་ཚུགས་ཀ་ཁྲོ་བའི་སྐྱིད་ཆུ་སྔོན་མོ་དེ། ད་ནི་རླབས་ཀྱི་ཡན་ལག་ཐམས་ཅད་ལྷོད་ལ་བབས་ཤིང་ཞི་གནས་བདེ་བ་ཆེན་པོའི་དབུ་འཕང་བཞེས་ཏེ། གཙང་བོའི་ངོགས་ཀྱི་རྡོ་རིལ་ཁྲི་མ་འབུམ་ལ་བླ་མེད་བྱང་ཆུབ་སེམས་ཀྱིས་བྱིལ་བྱིལ་བྱེད་བཞིན། དལ་བའི་ཉམས་ཀྱིས་ལྷ་སའི་གཞུང་ལ་སྔོན་མོ་གཡུའི་མདངས་ཀྱི་ཕྱིར་དྲན་གྱི་མཛེས་སྡུག་བསྐུས་རྗེས། ལྷོ་ནུབ་ཀྱི་གྲམ་པ་རིང་མོའི་ཁུག་པ་བརྒྱུད་དེ་གོམ་ཁ་དལ་མོར་ནམ་མཁའི་མཐའ་ལ་གཏད་པ་ནི། ང་ལ་ཕྱིར་དྲན་གྱི་ལུང་བ་ཁ་གང་བསྐྱུར་ནས། སླར་ཡང་རྒྱལ་ཁམས་ངེས་མེད་འགྲིམ་པའི་རྣལ་འབྱོར་བ་ཞིག་དང་ཅི་འདྲའི་མཚུངས་ཨང་། ཡ་ཐོག་བསྐལ་བ་ནས་བར་མེད་དུ་བཞུར་བའི་སྐྱིད་ཆུ་སྔོན་མོ་འདི། འདི་ལྟར་དུས་ཚོད་ཀྱི་བར་གསེང་ནས་སླར་ཡང་ལྷ་སའི་གཞུང་ལ་སྟོན་ལྗོངས་ཧྲིལ་བོ་ཞིག་བསྐྱུར་ནས་ཐག་རིང་དུ་འབབ་པ་ན། ཁོ་བོའི་དྭངས་མོ་ཆུ་ལ་གཡེང་བའི་སེམས་ཀྱི་ཁང་ཆུང་ནས་གང་ཞིག་འཁྲེང་བས་མ་བཟོད་པར་ཐག་རིང་ཡུལ་དུ་བཞུད་པ་ལྟར། ཆུ་མོ་ཁའི་ཁེར་རྐྱང་གི་སེམས་པ་འདི་ཉིན་རེ་ནས་ཉིན་རེ་བཞིན་འཁྱག་གྲང་གི་ཀློང་ལ་ཉེ་བར་ཚུད་འགྲོ།
ཤང་ཤང་དུ་འབབ་པའི་ཆུ་མོ་ལ་དྭངས་ཤ་མངོན་པ་དང་། ལྷབ་ལྷབ་ཏུ་རྩེན་པའི་སྡོང་ལོ་སེར་བོ་ལ་སྐྱོ་གདུང་ལྷུང་ཞིང་། ཆུ་ཁའི་ངང་ངུར་གྱི་གཤོག་རྩེ་ལ་འཁྲེང་སེམས་ཐོགས་པའི་སྟོན་མཇུག་ནི། ཚུལ་འཆོས་དང་ཟོག་ཟོབ་ཀྱི་ལས་ལ་བྲེལ་བའི་མི་རྣམས་ལྷོད་ལ་བབས་ཏེ་ཁྲུས་སུ་ཞུགས་པའི་དུས་ཚིགས་ཡིན་ནའང་། ང་ནི་སྔར་བཞིན་སེམས་པ་ལྗིད་པོ་ཞིག་དྲུད་ནས་དུ་རྐང་གི་སྣེ་ནས་ཟད་པ་དང་། སྐྱ་མདོག་གི་འཇིག་རྟེན་ཞིག་སྒོམ་སྟེ་ཆང་ཕོར་གྱི་ཁ་ནས་ཟགས་པའི་སྐྱུར་རྩི་དྭངས་མ་དེ་ཡིན། ངས་འདི་ལྟར་རང་ལ་དབང་བའི་འཇིག་རྟེན་སྐྱ་མོ་དེའི་མཐའ་སྣེ་ནས། སུ་ཞིག་གི་རྒྱང་བཞུད་ཀྱི་རྒྱབ་གཟུགས་ལ་ཅེར་ནས་རང་ཉིད་བསྲེགས་ཤིང་། སླར་ཡང་སུ་ཞིག་གི་གོམ་སྒྲར་ཉན་ནས་ཟླ་བ་ཁེར་འགྲོའི་ཞབས་རྗེས་བསྙེགས་པ་ནི། སྐྱེ་བ་སྔོན་མར་སྟོན་མཇུག་ཏུ་ལུས་པའི་ལན་ཆགས་ལྕི་མོའི་རྨི་ལམ་ཡིན། ཡིན་ནའང་། སྐྱིད་ཆུ་སྔོན་མོ་ཞི་བར་བབ་ནས་བསམ་གཞིག་རིང་མོའི་འཇིག་རྟེན་འགྲིམ་པའི་སྟོན་མཇུག་འདིར། རྒྱང་བཞུད་ཆུ་མོའི་རུམ་ནས་འཕྱུར་བའི་འཁྱག་རླུང་གྲང་མོ་ཞིག་རྣམ་ཤེས་ཤོར་བའི་གཙང་འགྲམ་གྱི་རྡོ་བ་དང་། ཡལ་ག་བོར་བའི་རྩྭ་སྐམ་གྱི་ཉག་མ་བརྒྱུད་ནས་བདག་གི་མདུན་དུ་ལྷགས་པས། ཤ་དང་རུས་པར་ཟུག་པའི་འཁྱག་གྲང་དེས་ངའི་ལུས་ཀྱི་ཕྱི་ནང་གཉིས་ཀ་འདར་སིག་སིག་བྱས་བྱུང་། ས་འདིར་ཁ་བའི་དུས་ཀྱི་འཁྱག་ལྟོགས་ཀྱི་འདྲེ་ལག་མ་བསྲིངས་ཀྱང་། དུས་ཀྱི་སོ་ཁ་ནས་ལྡང་ཞིང་ཆུ་མོའི་རུམ་ནས་ལངས་པའི་འཁྱག་རླུང་དྲག་པོ་དེས། ང་རང་འཁྱག་གྲང་གི་ཐང་དུ་ལུས་པའི་བྱེའུ་ཐང་འབྱར་ལྟར། སྲོག་གི་རྒྱུན་བུ་རྡུམ་ལ་ཁད་དམ་སྐྱབས་མེད་མགོན་རྗེན་དུ་བཏང་བའི་མཚམས་འདིར། ངའི་མིག་ལམ་དུ་རང་དབང་མེད་པར་རང་གི་ཨ་མྱེས་རྒན་པོ་དང་། ཁོང་གིས་ང་ལ་གནང་བའི་པགས་རྩག་རྙིང་བ་དེ་འཁོར་བ་ན། སྙིང་གི་གཏིང་ནས་འཕྱུར་བའི་ཚ་དྲོད་དེ་རིམ་གྱིས་ལུས་ཀྱི་སྟོད་སྨད་ཀུན་ཏུ་རྒྱུ་བར་བྱས་བྱུང་།
ང་རང་དེ་མུར་རྒྱུག་ཐེངས་གཅིག་གིས་རང་ཤག་ཆུང་ངུར་ལོག་སྟེ། ཡུན་རིང་གོས་སྒམ་དུ་ཉར་བའི་པགས་རྩག་རྙིང་བ་དེ་བླངས་ནས་གཡང་ལུགས་སུ་གྱོན་པ་ན། གར་ཡོང་མི་ཤེས་པའི་བདེ་སྣང་ཞིག་ངའི་ཤ་སྐྱིའི་རེག་ཁ་བརྒྱུད་ནས་རིམ་བཞིན་དབུགས་ཀྱི་རྒྱུ་བ་དང་བསྡོངས་ཏེ་ཤ་ནང་གི་རུས་དང་། རུས་ནང་གི་རྐང་དུ་འཐིམ་པ་དང་། དེ་དང་ལྷན་དུ་ཁོ་བོའི་རུས་ནང་གི་རྐང་ལས་འཕྱུར་བའི་དཔའ་གདེང་ཞིག་ལུས་ཀྱི་རྩ་ལམ་ཀུན་ཏུ་རྒྱུ་བ་ཚོར་བས། བདག་གི་དགའ་བའི་སེམས་ལ་སྤྲོ་བའི་སྣང་བ་འཕེལ་ཏེ་སྣ་གླུ་ཤབ་ཤུབ་ཀྱིས་ཡར་ལྡིང་མར་ལྡིང་བྱེད་ཅིང་། ཡུད་ཙམ་ནས་དུ་བ་རྐང་གཅིག་ལ་མེ་སྦར་ནས་རྔམ་འཐེན་བྱས་རྗེས། པགས་རྩག་འདི་སྔར་ལུགས་ལྟར་གཡང་ལུགས་སུ་གོན་རྗེས་སྒེའུ་ཁུང་གི་ཁ་རུ་བུད་དེ་སྟོན་རླུང་བསིལ་བསིལ་དུ་ལྡང་བའི་ཕྱི་རོལ་གྱི་ལྗོངས་ལ་རྒྱང་ལྟ་བྱས་པ་ཡིན། སྐབས་དེར། པོ་ཏཱ་ལའི་ཞོལ་དུ་ཆགས་པའི་འཇིག་རྟེན་ཁྲ་ཁྲའི་ཁུག་སོ་ཡོད་ཚད་ཐོག་རྩེག་ཅན་གྱི་ཁང་བའི་སྒེའུ་ཁུང་ནས་ལྟ་བའི་བདག་གི་གཟུགས་འཛིན་ངོ་ལ་ལྷང་ངེར་མངོན་བྱུང་།
སྤྱིར་སྟོན་ཀ་ནི། འཇིག་རྟེན་པ་ཚོས་འབྲས་ལྡན་དུས་ཞེས་དགའ་བས་བསུས་པའི་དུས་ཚིགས་ཤིག་ཡིན་ཏེ། སྐབས་དེར། མི་དང་དུད་འགྲོ་ཐམས་ཅད་ཀྱིས་ཡུན་རིང་རེ་བའི་ཞིང་ལ་དགའ་བའི་འབྲས་བུ་སྨིན་པས། སྟེང་ཐོག་མིའི་དཀོར་མཛོད་འབྲུ་དྲུག་སྣ་ལྔས་གཏམས་ཤིང་། འོག་མ་ཕྱུགས་ཀྱི་གྲོད་པུ་སྣ་མང་བཅུད་ཀྱིས་བཀང་སྟེ་འཇིག་རྟེན་མི་ཕྱུགས་ཟུང་དང་། ཐ་ན་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་གཉིས་ཀ་དགའ་བས་ཁེངས་ནས་འཇིག་རྟེན་ཧྲིལ་བོ་ལྗིད་ཏིག་ཏིག་ཏུ་སྣང་བའི་དུས་ཤིག་ཡིན། ཡིན་ནའང་། པོ་ཏཱ་ལའི་མདུན་རྒྱབ་ཀུན་ཏུ་རྣོ་ལྕགས་ཀྱིས་བརྩེགས་པའི་ཐོག་རྩེག་ཅན་གྱི་ཁང་བ་དང་། དེ་དག་གི་གསེབ་ཏུ་འཐེན་པའི་དེང་རབས་ཅན་གྱི་ཁྲོམ་ལམ་ནག་པོ་དག་གིས་གཅིག་ལ་གཅིག་འདྲེས་ཀྱི་ལག་རྡང་སྦྲེལ་ནས། ཉི་མ་ལྷ་སའི་གླིང་གི་སེར་པོ་ས་ཡི་སྙིང་ལ་ལྕགས་ཕུར་བཏབ་ཅིང་། སྔོན་མོ་སྤང་གི་ངོ་ལ་ཨར་འདམ་བརྡལ་ནས། ཕྱོགས་དང་ཕྱོགས་མཚམས་ཀུན་ལ་རྣོ་ལྕགས་དང་ཨར་འདམ་གྱི་མངའ་ཐང་རྒྱས་པའི་ཞིང་ཁམས་དེར། སྟོན་མཇུག་གི་དུས་ཀྱི་འཁྱག་རླུང་རྩུབ་མོའི་འདྲེ་ལག་བསྲིངས་ཚེ། གནའ་གྲོང་གི་ངོ་འབག་ཐོགས་པའི་གྲོང་དེའི་ཁུག་པ་ཀུན་ནས་འཁྱག་ལྟོགས་ཀྱིས་བཙིར་བའི་འཁུན་སྒྲ་ནར་ནར་ཤོར་ཞིང་། འདི་སྣང་ཡོད་ཚད་མཁའ་མཐར་འཁྲུགས་པའི་སྤྲིན་པ་ལྟར། ཤི་གསོན་དང་ཆགས་འཇིག་གི་བར་ནས་འདར་སིག་སིག་བྱེད་བཞིན་གདའ། རེད་ཨང་། རྒན་རྒོན་དག་གི་མ་ཎིའི་འཁོར་ལོ་ལ་འཕོ་ལྟུང་གི་ཁུ་སིམ་ལྷུང་ཞིང་། དམར་མདངས་ཡལ་བཞིན་པའི་བྱིས་པའི་མཁུར་ཀོང་ལ་འཁྱག་དྲེག་ཆགས། ངོ་མ། རྒན་རྒོན་དག་གིས་སློག་པ་གྱོན་ཡང་དྲོད་ཀྱིས་སྟོངས་ཤིང་། བྱིས་པ་དག་གིས་ལག་མགོ་མེ་ལ་ལྡེ་ཡང་ཚ་སྣང་མེད་པའི་སྟོན་མཇུག་འདིར། རྒྱ་ལམ་གྱི་མགོ་རྔ་ཀུན་ཏུ་རྒྱ་མོ་དམར་ཧྲེང་དག་བུལ་བུལ་གྱིས་རྒྱུ་བའི་རྔ་མ་རུ། བོད་ཕྲུག་གཞོན་ནུ་དག་འཚབ་འཚུབ་ཀྱིས་བསྙེགས་པའི་རྒྱབ་གཟུགས་འདར་སིག་སིག ད་དུང་། བུ་དང་ཆུང་མ་བརྐུ་ལ་ཤོར་ཡང་མཱ་ཅང་གྲོང་ནས་སྲུང་མ་གསོ་བའི་སྐྱེས་པ། བུ་དང་ཁྱོ་གའི་རུམ་མལ་དྲོ་ཡང་རྒྱ་ལམ་ཁ་ནས་ཟུར་མིག་གཡོ་བའི་བུད་མེད། ད་དུང་གཞན་དུ་ན། ཇོ་ཁང་མདུན་ནས་སྤྲང་གོག་ཡིན་ཀྱང་ཁྲོམ་པའི་སྡེ་ན་སོ་བ་ཡིན་པའི་ངོ་གཉིས་མ་དང་། ཝ་མོའི་ཚོགས་སུ་རྒྱ་སྟག་ཡིན་ཀྱང་སྟག་གི་གྲལ་དུ་ཝ་རྔ་འཛིན་པའི་བློ་གཉིས་མ། རྒྱ་ཡི་གྲལ་ན་བོད་པ་ཡིན་ཀྱང་བོད་པའི་ཚོགས་ན་མགོ་སེར་ཡིན་པའི་ཕུང་གསུམ་པ། དེ་བས་གཞན་དུ་ན། ཕྱི་ནང་མི་གཅིག་པའི་སེར་གཟུགས། གློ་བ་མི་མཐུན་པའི་སྐྱ་གཟུགས། སེར་སྐྱ་ངེས་མེད་ཀྱི་སེར་སྐྱ། ཕོ་མོ་ངེས་མེད་ཀྱི་མ་ནིང་… …དེ་དང་དེ་དག་བྱང་རླུང་འུར་གྱིས་ལྡང་བའི་སྟོན་མཇུག་འདིར། གནའ་གྲོང་འདིའི་ཕྱི་ནང་གསང་གསུམ་གྱི་བར་སྟོང་དུ། སྡོང་བོ་དང་བྲལ་བའི་སྟོན་ལོ་ལྟར་ལུས་ཀྱི་སྟོད་སྨད་ཀུན་ལ་སིག་འདར་རྒྱུག་ཅིང་། སེམས་ཀྱི་ཕྱི་ནང་ཀུན་ལ་སྔངས་འདར་ལངས་ནས་རླུང་ཁར་འགྲེང་པའི་མར་མེ་ལྟར་ཡམ་ཡོམ་དུ་འགུལ་བ་མཐོང་ཚེ། ངའི་ལུས་ཀྱི་ཆ་ཤས་ཀུན་ལ་སྲོན་ཐབས་བྲལ་བའི་ཚ་བ་རྒྱས་ཏེ་རྔུལ་ཆུ་ཁྲོམ་མེར་བརྡོལ་བྱུང་། སྐབས་དེར། ངས་གཡང་ལུགས་སུ་གོན་པའི་ཨ་མྱེས་ཀྱི་པགས་རྩག་དེའི་ལྗིད་ཚད་ཚོར་ཞིང་། ད་དུང་དེ་ལས་བྱུང་བའི་དྲི་མ་སྣུམ་པོ་ཞིག་སྣ་ལམ་དུ་འཐུལ་བ་ན། ཡིད་ལ་རང་དབང་མེད་པར་ཨ་མྱེས་རྒན་པོས་བཤད་པའི་པགས་རྩག་དེའི་སྐྱིད་སྡུག་གི་ལོ་ཟླ་དྲན་བྱུང་། དྲན་ཞིང་དྲན་བཞིན་རང་གི་ཕྲག་སྟེང་དུ་གཡོལ་ཐབས་མེད་པའི་ཁུར་བོ་ལྗིད་མོ་ཞིག་ལྷུང་ཡོད་པའང་ཚོར་བྱུང་།
ངའི་ཨ་མྱེས་ཀྱི་པགས་རྩག་ལ་རེག་རེག་བྱས་ནས་སེམས་པ་གྲང་མོས་འདས་དོན་གྱི་ཕྲེང་བ་འདྲེན་པའི་ཚེ་ལ། དགུང་གི་ཉི་མ་སྔ་ས་ནས་བུམ་པ་རིའི་ཕག་ཏུ་ཡིབས་ཤིང་། མཁའ་མཐའ་ནས་སྤྲིན་ནག་གིས་ལག་པ་བསྲིངས་ཏེ་སྐད་ཅིག་ཉིད་ལ་གནམ་ས་གཉིས་ཡུག་གཅིག་ཏུ་བསྒྲིལ་ཏེ་ནག་འཐོམ་མེར་བཏང་། ཡིན་ནའང་། ཁོ་བོའི་བརྩེ་དུང་གི་ལུང་གཞུང་གཤགས་པའི་ཕྱིར་དྲན་གྱི་རྣམ་ཤེས་དེ། རྒྱང་དུ་བཞུད་པའི་སྐྱིད་ཆུའི་འགྲོས་དང་བསྡོངས་ནས་རྒྱང་རིང་ཞིག་ལ་དལ་གྱིས་བཞུད་འགྲོ། ངས་རྒྱང་རིང་དུ་ལུས་པའི་རང་གི་ཕ་ཡུལ་དང་དེ་རུ་བཞུགས་པའི་བདག་གི་ཨ་མྱེས་དང་ཨ་ཡེ་དྲན་སྐབས། ལྟིག་ལྟིག་ཏུ་ལྡིང་བཞིན་པའི་སྙིང་ཆུང་དེ་རེ་ཞིག་ལྷོད་ལ་བབས་ཀྱང་། བརྗོད་དུ་མེད་པའི་བརྩེ་དུང་དྭངས་མོ་ཞིག་ཡ་ཁོག་སྟོད་ལ་ལྷོད་ཀྱིས་འཁྱིལ་འོངས། ངས་རང་ཉིད་སྟོན་རླུང་བསིལ་བསིལ་དུ་གཡོ་བའི་འཁྱག་གྲང་དང་། དེའི་ཀློང་དུ་སིམས་ཤིང་སིག་འདར་ལངས་པའི་གནའ་གྲོང་དང་རིང་ནས་བཀར་ཏེ། ཨ་མྱེས་ཀྱི་པགས་རྩག་དེ་ཕུད་རྗེས་ཉིས་ལྟེབ་བརྒྱབ་སྟེ་སྔས་མགོར་བཞག་པ་དང་། ཕྱིར་དྲན་གྱི་མེ་ལོང་དུ་མངོན་པར་གསལ་བའི་ཨ་མྱེས་དང་པགས་རྩག་གི་གཏམ་རྒྱུད་དག་སེམས་ཀྱིས་སྙོར་ནས་མལ་དུ་ཞུགས་པ་ཡིན།
དཀར་སོབ་སོབ་ཀྱི་ཚ་རུའི་ངོས་ལ་འགྲམ་པ་གླན་ཚེ། ངའི་སྣང་ངོ་རུ་བརྗོད་དུ་མེད་པའི་འཆར་ཡན་སྣ་ཚོགས་ཞིག་ཤར་ཞིང་འོངས་པ་ནི། ང་རང་མི་ལོ་དུ་མའི་སྔོན་དུ་ལོག་ནས་རང་གི་ཨ་མྱེས་ཀྱི་ཁོག་ཞེང་ཆེ་བའི་རུམ་དུ་ཡོད་སྣང་ཤར། ཨ་མྱེས་ཀྱི་རུམ་དུ་ཉལ་བ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་ཡིན་ཨང་། ངས་དེ་ལྟར་བསམ་པའི་མོད་ལ་བདག་གི་མདུན་ལྗོངས་ཡོད་ཚད་མུ་མཐའ་མེད་པའི་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར་ཅིང་། གློ་བུར་དུ་ཕྱོགས་ངེས་མེད་ནས་ལྡང་བའི་དྲག་རླུང་ཞིག་གིས་རྒྱ་མཚོའི་མགོ་རྟིང་དཀྲུགས་ཏེ་ཕྱོགས་བཞིར་ཐོར་སོང་། དེ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། མིག་གིས་མཐར་མི་མངོན་པའི་ཆུའི་གོ་ལ་ཞིག་རླབས་ཀྱི་འཁྱོམ་སྒྲ་དང་ཆུ་མོའི་ཤག་སྒྲའི་ཁྲོད་ནས་ཕྱོགས་བཞིར་ཐོར་བ་དང་། ད་དུང་དེའི་ཐོག་ཏུ་རླུང་བུ་རྩུབ་མོའི་གཙུབ་བརྡར་གྱི་བར་ནས་གང་ཞིག་མེ་རུ་འབར་བྱུང་། མེ་ལྕེ་ལྷབ་ལྷབ་དེ་དྲག་རླུང་ཆེན་པོ་དེའི་ངར་ཤུགས་དང་བསྟུན་ནས་ཕྱོགས་དང་ཕྱོགས་སུ་མཆེད་པས། ཡུད་ཙམ་ལ་མགོ་ཐོག་གི་མུ་མེད་སྟོང་ཁམས་ཡངས་པོ་ཡང་བསྒྲིབས་པར་བྱས། འོན་ཀྱང་། སྐབས་ཤིག་ནས་གནམ་མཐིལ་བརྡོལ་བ་ལྟར་ཆར་བ་འབབ་ཅིང་སེར་བ་ཐོར་བ་དང་། འབྲུག་སྒྲ་ལྡིར་ཞིང་གློག་དམར་མཆེད་དེ་ང་རང་སྐྲག་སྣང་ཁྲོད་རེ་ཞིག་བརྒྱལ་སོང་། ཡུད་ཙམ་ནས་ངའི་རྣ་ལམ་དུ་བྱིས་པ་ཞིག་གི་ངུ་སྐད་ལྷང་ངེར་གྲགས་པ་དེས་བདག་གི་ཤེས་པ་ཇེ་གསལ་དུ་བཏང་། ངས་མིག་གི་འདབ་མ་ཕྱེས་ཏེ་བལྟས་པ་ན། རི་རབ་འབར་འབུར་གྱིས་ཕྱོགས་དང་ཕྱོགས་མཚམས་ཀུན་ནས་བསྐོར་ཅིང་། གཞོང་ན་མཚོ་དང་མཚེའུ། ན་སྤང་དང་སྤང་ཐང་། སྟག་གཟིག་དང་དོམ་དྲེད། བྱ་དང་བྱེའུ། སྤྲ་དང་སྤྲེའུ་སོགས་གང་འདོད་རྩེད་དགར་རོལ་གྱིན་གདའ། ངས་བྱིས་པའི་ངུ་སྒྲ་དེ་དེད་ནས་མདུན་ལ་སོང་བ་ན། རི་གྲོང་ཆུང་ཆུང་ཞིག་གི་སྒལ་གཞུང་དུ་བསླེབས། དེ་རུ་མགོ་སྐྱེས་སྐྲའི་རལ་བ་གནག་ཅིང་སྣུམ་ལ། གདོང་གི་ཤ་རྩ་དམར་ཞིང་སྨུག་པའི་ཁྱོ་ཤུག་ཟུང་དེས་བཙས་མ་ཐག་པའི་བྱིས་པ་དམར་འབྱར་དེ་པང་ལ་བླངས་ནས་ངུ་ཁ་གཡོལ་བཞིན་འདུག ཡིན་ནའང་། ཡུད་ཙམ་ནས་བྱིས་པ་དེས་ཁོ་གཉིས་ལ་འབུར་ཚུགས་སུ་ལྟ་བ་ལས་ངག་ནས་ངུ་སྐད་ཙམ་ཡང་འདོན་རྒྱུ་མ་བྱུང་། ལྷག་པར་དུ་དབུགས་ཀྱང་འབྱིན་རྔུབ་དཀའ་བར་གྱུར་ཚེ་བཟའ་ཚོ་གཉིས་གཅིག་གིས་གཅིག་ལ་འཐམས་ནས་ངུས་པ་ལས་ཅི་བྱ་གཏོལ་བྲལ་དུ་གྱུར། བྱིས་པ་དེའི་རྐན་འབྱར་ནས་སྲོག་ཤོར་བའི་སྐབས་དང་བསྟུན་ནས་རི་མཐའ་ནས་མི་ཆེན་ནག་པོ་མཁའ་ལ་སྙེག་པ་ཞིག་འོངས་ནས་འཇིག་རྟེན་ཡོད་ཚད་རུམ་ཕུང་ནག་པོའི་གཏིང་དུ་བསྡུས་སོང་།
ཡུད་ཙམ་ནས་ད་དུང་བྱིས་པའི་ངུ་ངག་ཅིག་ཐོལ་གྱིས་གྲགས་ཏེ་ང་རང་སད་པར་བྱས། མིག་ཕྱེས་ནས་བལྟས་པ་ན་སླར་ཡང་ཉམ་ཐག་པའི་བུད་མེད་གཅིག་གིས་བྱིས་པ་བཙའ་བཞིན་གདའ། དེ་ནི་ངས་མུན་མ་རུབ་གོང་ཏུ་མཐོང་བའི་ཁྱོ་ཤུག་ཟུང་སྟེ། ཁྱོ་ག་དེ་བུད་མེད་དེའི་མཐའ་འཁོར་དུ་ཕར་རྒྱུག་ཚུར་རྒྱུག་བྱས་ཀྱང་ཐབས་བཀོད་གཅིག་ཀྱང་མ་རྙེད་པར། མཐར་བུད་མེད་དེས་འཁུན་སྒྲ་འདར་འདར་གྱིས་བྱིས་པ་བཙས་པར་ལྟ་བཞིན་འདུག བྱིས་པ་དེ་ངུ་སྐད་ལྷང་ལྷང་གིས་ས་ལ་ལྷུང་མ་ཐག་གདོང་ཡོངས་རྔུལ་ཆུས་བརླན་པའི་བུད་མེད་དེའི་འཁུན་སྒྲ་རེ་ཞིག་ལྷོད་ཀྱང་། བྱིས་པ་དེའི་རྐང་བ་ཡ་གཅིག་ལྟོ་བར་འབྱར་བ་དང་ཡ་གཅིག་གི་རིང་ཚད་ལ་རི་བོང་གི་རྔ་མ་ཙམ་ལས་མེད་པའི་ཁར། སྙིང་ལ་གཟན་པའི་ངུ་སྒྲ་འདོན་ཐེངས་ཤིག་གིས་ཨ་མའི་པང་ནས་བརྒྱལ་སོང་། མིའི་དབང་བོ་ལྡན་པའི་ཤ་རིལ་འདི་འདི་ལྟར་འགུལ་རྒྱུ་མེད་ཅིང་དབུགས་ཀྱི་རྒྱུ་བ་ཆད་ཚེ། ཁྲག་དམར་གྱི་ཀློང་དུ་འགྱེལ་བའི་བུད་མེད་དེས་སྐྱོ་གདུང་མ་བཟོད་པར་མགོ་ཡུ་འཁོར་སོང་། སྐབས་དེར། རླུང་བུ་བསིལ་མོ་ཞིག་མྱ་ངན་གྱི་དབྱངས་རྟ་སྐྱ་བོ་ཞིག་ལ་འགྲོགས་ནས་ས་ལ་འགྱེལ་བའི་བུད་མེད་དེའི་མགོ་སྐྲ་སིལ་མ་ཡང་ཡང་ཤད་པ་དེས། གམ་གྱི་ཧོན་ནས་བསྡད་པའི་ཁྱོ་གའི་སྙིང་ལ་སྔར་བས་ལྷག་པའི་ཟུག་གཟེར་བསླངས་པས། ཁོས་རང་གི་ཆུང་མ་པང་ལ་བླངས་ཏེ་སྤྲུག་གསིག་ལན་མང་བྱས་ཀྱང་། བུད་མེད་དེའི་ལུས་ཀྱི་ཕུང་པོ་ནི་དུག་ཕོག་པའི་སྦྲུལ་གྱི་ལུས་པོ་ལྟར་སྲ་གཟུགས་སྤར་གང་མེད་པར་གྱུར། དེ་མུར་ཁོས་ག་བྱེད་འདི་བྱེད་ཀྱི་ཐབས་ཤིག་མ་རྙེད་པར་ཐད་ཀར་རང་གི་སྐེད་རགས་བཀྲོལ་ནས་གམ་གྱི་སྡོང་བོའི་ཡལ་གར་བཏགས་རྗེས། ཚམ་ཚོམ་ཅི་ཡང་མེད་པར་མགོ་བོ་སྐེད་རགས་ཀྱི་མདུད་ཁུང་དུ་བསྲིངས་པའི་སྐད་ཅིག་མ་དེར། རྣ་སྐྱིབས་བརྟོལ་བའི་སྒྲ་ཡ་མཚར་ཞིག་ལྡིར་གྱིས་གྲགས་པ་དང་ལྷན་དུ། ནམ་མཁའ་ནས་གྱད་མི་མཁའ་དང་མཉམ་པ་ཞིག་གིས་ཞོན་རྟ་གཡུ་འབྲུག་འདྲ་བ་ཞིག་ལ་བཅིབས་ནས། ཁོ་གཉིས་དང་ཐག་མི་རིང་བའི་བར་སྣང་དུ་བང་གིས་རྒྱུག་ཞོར། རུམ་ནས་པགས་རྩག་ཁ་གང་ཞིག་བླངས་ནས“འདི་རྒྱ་གར་གྲུབ་ཆེན་མཁས་པས་བྱིན་རླབས་གནང་ས།། སྨད་རྒྱ་ནག་གོང་མ་ཆེན་མོའི་སྨོན་ལམ་ཐེབས་ས།། སྒོས་གངས་ཅན་མེས་པོ་དམ་པའི་རྣམ་ཤེས་འཁོར་ས།། གཞིས་བུ་རབས་ཚ་རྒྱུད་སྐྱོང་བའི་གཉེན་པོ་ཡིན་ནོ།།”ཞེས་གསུང་མགུར་བཞེངས་རྗེས་པགས་རྩག་དེ་སྐྱེས་པ་དེའི་མདུན་དུ་གཡུགས་པ་ན། སྐྱེས་པ་དེ་བྲེལ་སྟབས་ཀྱིས་ཁོའི་མིག་མཐར་གསོག་པའི་མཆི་མའི་རྡོག་པོ་ལྟར་ལག་གིས་ཐག་རྡུམ་གློད་དེ་ས་ལ་བབས་རྗེས། གྱད་མི་རྟ་དཀར་ཅན་དེས་རྟ་ལ་ལྕག་གིས་བྲབས་ཤིང་གནམ་ས་གཡོ་བའི་རྨིག་སྒྲ་ཐག་ཐག་གྲགས་པས་བུད་མེད་དེའི་རྣམ་རིག་རིམ་བཞིན་ཇེ་གསལ་ཏུ་སོང་བས། ཁྱོ་ཤུག་གཉིས་གཅིག་གིས་གཅིག་ལ་འཐམས་ཤིང་དགའ་མགུའི་ངུ་སྒྲ་ལྷང་ལྷང་དེ་བདག་གི་སྒྲ་འཛིན་ཡུལ་དུ་བཅགས་པ་ན། བདག་ཀྱང་རང་དབང་མེད་པར་སྐྱོ་གདུང་དྲག་པོས་ཀུན་ནས་བསླངས་ཏེ། མིག་མཐའ་ཆུ་ལ་འདྲེས་པའི་ཆོ་འཕྲུལ་དེས་འཇིག་རྟེན་ཐམས་ཅད་ཡམ་ཡོམ་བྱེད་སྣང་ཤར། སྐབས་དེར། གློ་བུར་ཉིད་དུ་མཁའ་ནས་དྲག་ཆར་འབབ་ཅིང་མཐའ་ནས་ཆུ་མོ་བྲུབས་ཏེ་བདག་གི་ཉེ་འཁོར་ཡོད་ཚད་རློན་ལྗིན་ལྗིན་དུ་བཏང་བས། ང་ལ་གློ་བུར་བའི་བྲེད་ཤ་ལངས་ཏེ་རྨི་ལམ་ལས་ཧར་གྱིས་སད།
ང་རང་རྨི་ལམ་ལས་སད་པའི་སྐད་ཅིག་མ་དེར། གྱད་མི་རྟ་དཀར་ཅན་དང་ཁྱེའུ་བཙས་པའི་ཁྱོ་ཤུག་ཟུང་། ད་དུང་ཕ་གི་ན་རྩེད་དགར་གཡེངས་པའི་བྱ་ཁྱུ་དང་རི་དྭགས་ཡོད་ཚད་མུན་ནག་གི་ཀློང་ནས་མི་སྣང་བར་གྱུར་སོང་། ཡིན་ནའང་། དྲན་ཤེས་ཀྱི་ཟབ་ས་རུ་རྨི་ལམ་ཞིང་ནས་གང་ཞིག་བདག་གི་མདུན་དུ་ལུས་པའི་ཚོར་སྣང་ཞིག་འགོག་མེད་དུ་སྐྱེས་པས། ངས་རྟབ་རྟབ་པོར་མགོ་བོ་ཕར་བསྐོར་ཚུར་བསྐོར་བྱས་ནས་བལྟས་པ་ན། སྔས་མགོ་རུ་བཞག་པའི་པགས་རྩག་དཀར་སོབ་སོབ་དེ་མཐོང་ཞིང་། དེའི་འཇམ་ཞིང་མཉེན་པའི་རེག་བྱས་བདག་གི་འགྲམ་པར་བྱིལ་བྱིལ་གཏོང་བཞིན་ཡོད་པ་མཐོང་། ཡིན་ནའང་། ངས་རང་གི་འགྲམ་པ་དེའི་ངོས་སུ་གླན་ཚེ་སླར་ཡང་ད་སོ་མར་རྨིས་མ་ཐག་པའི་རྨི་ལམ་གྲོང་གི་རློན་ལྗིད་ལྗིད་དེ་ཚོར་བས། གློ་བུར་བའི་མཚར་སྣང་ཞིག་ཁོ་བོའི་ལུས་ཀྱི་སྟོད་སྨད་ཀུན་ཏུ་རྒྱུ་ནའང་། ལྟིག་ལྟིག་ཏུ་འཕག་པའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་དེས་མངོན་ལྐོག་གང་རུང་ནས་བདག་གི་མཐོང་བ་དཀོན་པའི་མིག་ཆུའི་རྡོག་པོ་དག་སྲོན་བཞིན་ཡོད་པ་ཚོར་བས་ཟིན་ཚེ། ངས་རང་ཉིད་རྨི་ལམ་ཞིང་ནས་ངུས་ཡོད་པ་གསལ་ལེར་རྟོགས་བྱུང་། རེད་ཨང་། ཡིད་འོང་ཟླ་བ་ལྷ་མོ་དགུང་གི་དབྱིངས་སུ་འཕགས་ཤིང་། དཀར་ཞིང་བསིལ་བའི་འོད་ཀྱི་ཟེར་མ་རེ་རེ་བདག་གི་སྔས་འགྲམ་དུ་བྱོ་བ་ན། ངས་རང་གི་མཁུར་ཀོང་དུ་ལུས་པའི་མིག་ཆུའི་རྡོག་པོ་ཕྱི་གསལ་ནང་གསལ་དག་ལ་འོད་འཚེར་བཞིན་ཡོད་པ་མཐོང་། ལྷག་པར་དུ་ཟླ་བའི་བསིལ་ཟེར་འོག་ནས་དཀར་སོབ་སོབ་ཀྱི་པགས་རྩག་འདི་ཁ་བའི་མདངས་ལས་འཕོས་པ་ལྟར། བདག་གི་མིག་ལམ་དུ་འོད་ཆིལ་ལེར་མངོན་དུས། ངའི་ཡིད་ལ་གློ་བུར་དུ་ང་རང་ཆུང་ཆུང་རྩེད་ར་གོར་མོ་ནས་ན་གཞོན་རྒྱ་བོ་ཞིག་གི་ཚུགས་ཀ་བཟུང་བའི་བར་གྱི་འདས་དོན་མང་བོ་ཞིག་དྲན་འོང་བ་དང་། དེ་དག་རེ་རེ་བཞིན་དྲན་པའི་མོད་ལ་ང་རང་དབང་མེད་དུ་ཨ་མྱེས་ཀྱི་པགས་རྩག་དྲོན་མོའི་རུམ་དུ་ལོག་སྟེ། ཁོང་གི་མ་ཎིའི་ཕྲེང་རྡོག་བར་ནས་བརྡོལ་བའི་གཏམ་རྒྱུད་རིང་མོ་ཞིག་གི་སྣེ་ལ་འབྱར་སོང་།
ལོ་དེ་དག་ནི་བདག་གི་ཡང་མེས་སྨྲ་ར་རྫིག་པོ་ཅན་དེ་ཕྱི་མར་གཤེགས་ནས་ཡུན་རིང་མ་འགོར་བའི་སྐབས་ཤིག་སྟེ། ཁྱིམ་མི་གང་བོ་དང་ཉེ་དུ་རྣམས་མཉམ་དུ་འཛོམས་པའི་ཁར། སྡེ་བ་གཅིག་པའི་དུད་ཚང་རེའི་མི་རེ་འོངས་ནས། བདག་གི་ཡང་མྱེས་འདས་པོ་ལ་རྗེས་འཇུག་གི་ཆོ་ག་སྟབས་བདེ་ཞིག་བསྒྲུབས་རྗེས། བདག་གི་ཕ་མ་གཉིས་ཀྱིས་ང་ཚོ་མིང་སྲིང་གསུམ་པོ་ཨ་ཡེ་དང་ཨ་མྱེས་ཀྱི་པང་དུ་གཡུགས་ནས་སྔར་བཞིན་རིའི་ཕ་རོལ་དུ་ཞོར་ལས་ལ་ཕྱིན། སྐབས་དེ་དག་ཏུ་ཨ་ཡེ་རྒན་མོ་སྒོའི་ཕྱི་ནང་གི་ལས་ཀ་ཆེ་ཕྲ་ཐམས་ཅད་ལ་བྲེལ་ཞིང་། ཨ་མྱེས་ཀྱིས་མོ་ལ་ལག་རོགས་བྱེད་ཞོར་ཕྱོགས་གཅིག་ནས་སྲིང་མོ་དམར་འབྱར་གྱི་ངུ་ཁ་གཡོལ་ཞིང་། ནུ་བོ་བསམ་མེད་ཀྱི་འགྲོ་འདུག་ལ་ལྟ་སྐྱོང་བྱས་པ་དང་། ཕྱོགས་གཅིག་ནས་ང་རང་གཏམ་རྒྱུད་ཀྱི་ཀློང་དུ་ཁྲིད་ནས་དུས་འདའ་བར་བྱས། ང་རང་ཆུང་དུས་སུ་བྱིས་པ་མཚར་སྣང་ཅན་ཞིག་ཡིན་པ་སྡེ་བའི་རྒན་རྒོན་དག་གི་གཏམ་སྣར་སོན་ཞིང་། དེ་དག་དུས་ད་ལྟའང་བདག་གི་དམར་ཆུང་སེམས་ན་ཁྲིགས་ཁྲིགས་དང་ཕྱི་དྲན་ཀློང་ན་གསལ་གསལ་ཡིན། ངས་ཉིན་ལྟར་ལས་བྲེལ་གྱི་བར་ན་འདུར་བའི་ཨ་མྱེས་ལ་དགུང་གི་ཉི་མའི་ཕ་མ་སུ་ཡིན་མིན་དང་། མཁའ་མཐར་རྒྱུ་བའི་སྤྲིན་པའི་ཁྱུ་ཚོགས་དག་ཕྱོགས་གང་ཞིག་ཏུ་འགྲོ་ཞིང་མཚན་མོའི་སྐབས་སུ་ཁོ་ཚོ་སུའི་རུམ་དུ་ཉལ་བ་སོགས་དྲིས་པའི་ལན་དུ། ཨ་མྱེས་ཀྱིས་བསམ་གཟས་ནས་བསམ་བློ་ཡུན་རིང་བཏང་མཐར། ཉི་མའི་ཕ་མ་ནི་ང་ཚོ་ཡིན་ལ། ང་ཚོ་ནི་ཉི་མའི་བུ་ཕྲུག་ཀྱང་ཡིན་ལུགས་དང་། མཚན་མོའི་སྐབས་སུ་སྤྲིན་ཁྱུ་དེ་དག་ལྷ་དང་ལྷ་མོའི་རུམ་དུ་ཉལ་ཞེས་ང་ལ་ཡང་ཡང་བཤད་འོངས། ངས་དེ་ལྟར་ཨ་མྱེས་ལ་རང་གིས་མཐོང་ཚད་དང་དྲན་ཚད་ཐམས་ཅད་དྲིས་ནས་ཁོང་རང་སྐབས་སྐབས་སུ་ཧབ་ཆ་དི་རིར་བྱེད་ཅིང་། མཚམས་མཚམས་ལ་སུན་པའི་དབུགས་རིང་འབྱིན་པའང་ལན་གཅིག་མིན།
དེ་ཡང་ཉིན་ཞིག་ལ། ངས་ཨ་མྱེས་ལ“ཁྱེད་ཀྱིས་ཅིའི་ཕྱིར་དུས་ད་ལྟའང་ཤིང་ཕོར་གོག་ཏོ་འདི་སྤྱོད་པ་ཡིན། དེ་ལས་དཀར་ཡོལ་འབྲུག་རིས་དེ་རུ་ཇ་འཐུངས་ན་ཞིམ་རབས”སོགས་བཤད་ཀྱང་། ཨ་མྱེས་ཀྱིས་གཟབ་ནན་ངང་ཁོང་གིས་སྤྱོད་པའི་ཤིང་ཕོར་གོག་ཏོ་འདི་ཁོང་གི་ཨ་མྱེས་ཡང་མྱེས་ནས་བརྒྱུད་དེ་གཞི་ནས་ཁོའི་ལག་ཏུ་བསླེབས་ཤིང་། ཤིང་ཕོར་དེ་རུ་མི་རབས་ནས་མི་རབས་བར་ཟས་ཟ་ཞིང་ཇ་འཐུང་སྟེ་སྐྱེས་ནས་རྒ་བ་དང་། རྒས་ནས་ཤི་བ་སོགས་མང་བོ་ཞིག་བཤད་མཐར། ཁོ་རང་ཤི་རྗེས་སུའང་ཁོའི་བུ་མོ་སྟེ་བདག་གི་ཨ་མ་དང་ང་ཚོས་ཀྱང་དེ་ལ་བརྟེན་ནས་ནང་གི་བུ་རབས་ཚ་རྒྱུད་སྐྱོང་བ་དང་། ཕྱིའི་དགྲ་མགོ་ནོན་དགོས་ཞེས་ནན་གྱིས་བསྒོ་བར་བྱས། ཡིན་ནའང་། ངས་ཁོང་གི་གཏམ་དེ་དག་གི་དོན་སྙིང་མ་རྟོགས་པར། སླར་ཡང་གཏམ་མགོ་གཞན་ཞིག་བསླངས་པ་སྟེ། དགོང་མོར་གཉིད་ལ་ཉལ་ཁར་ཁོང་གིས་སྔས་མགོར་བཞག་པའི་པགས་རྩག་དེར་མཛུབ་མོས་བཙུགས་ཏེ། “ཨ་མྱེས་ཁྱེད་ཀྱིས་པགས་རྩག་རྙིང་བ་དེ་དེ་ལྟར་རྩ་ཆེན་དུ་འཛིན་དོན་ཅི་དང་། དེ་སུས་ཁྱེད་ལ་བྱིན་པ་རེད”ཅེས་དྲི་བ་སྣ་ཚོགས་དྲིས་པ་ན། ཁོང་གི་ཨ་ཕ་མཐོ་རིས་པོའི་བཅུ་དྲུག་ལང་ཚོའི་དཔའ་སྤོབས་དེ་རུ་རྒྱས་པ་དང་། ཕྱིས་སུ་ཨ་མྱེས་ཁོང་གིས་ཀྱང་པགས་རྩག་དེ་གོན་ནས་མིའི་གྲལ་དུ་འགྲོ་ཞིང་། ཁོང་རྒན་རྒོན་གཉིས་ལ་བདག་གི་ཨ་མ་དང་ཞང་བོ་དག་སྐྱེས་རྗེས། ཁོ་ཚོ་རེ་རེ་བཞིན་དམར་རྗེན་ངང་པགས་རྩག་དེའི་ཁུད་དུ་གསོས་ནས་ནར་སོན་པ་རེད་ཅེས་དང་། ལྷག་པར་དུ“ཁྱོད་ཀྱང… …”ཞེས་འཆད་སྐབས། ཨ་ཡེ་རྒན་མོས་ཁ་ཕྲོགས་ཏེ“ཁྱོད་རང་སྐྱེས་པའི་ཉིན་དེ་ནས་བཟུང་། ཨ་མྱེས་ཀྱིས་དགའ་བ་ནོན་མ་ཐུབ་པར། ཉིན་ལྟར་ཁྱོད་རང་པགས་རྩག་དེའི་རུམ་དུ་བཅུག་ཏེ་རི་མགོ་ནས་རི་མཐའ་བར་ཕྱུགས་འཚོ་བའི་སྣང་བརྙན་དག་ད་ལྟའང་ཡིད་ལ་དྲན་འོངས”ཞེས་བྱམས་བརྩེའི་འོད་མདངས་འཁྱུག་པའི་མིག་ཟུང་གིས་ང་ལ་བལྟས་ཏེ་མ་ཎི་ཟློ་ཟློ་བྱས་བྱུང་། གཏམ་རྒྱུད་དེ་དག་གིས་བདག་གི་གཉུག་སེམས་དྭངས་མའི་དགའ་བ་འགུགས་པར་བྱས་པས། ངས་ཉིན་ལྟར་རང་གི་ནུ་བོ་ཆུང་ཆུང་ལ་ཨ་མྱེས་ཀྱི་རུམ་དུ་ཉལ་རྒྱུའི་སྔ་གཞུག་བརྩད་ཅིང་། ཨ་མྱེས་ཀྱི་སྔས་མགོར་བཞག་པའི་པགས་རྩག་དེའི་སྔོན་མའི་བདག་པོ་སུ་དང་། སུ་ཞིག་གིས་དུས་ནམ་ཞིག་ལ་ཁྱེད་ལ་བྱིན་པ་རེད་ཅེས་ཡང་ཡང་དྲིས་ཀྱང་། ཨ་མྱེས་ཀྱིས་ཉིན་ལྟར་ཁོའི་ཨ་ཕ་དང་ཨ་ཕའི་ཨ་མྱེས། ཨ་མྱེས་ཀྱི་ཡང་མྱེས་སོགས་བདག་གི་བློ་ལ་ཤོང་ཐབས་བྲལ་བའི་མི་མང་བོ་ཞིག་བགྲངས་རྗེས། ཁྱོད་དང་ཁྱོད་ཀྱི་བུ། བུ་དེའི་བུ། བུ་དེའི་ཡང་ཚ་སོགས་ཀྱི་ཚེ་སྲོག་གི་ཁོ་ལག་དེ་ནས་རྒྱས་དགོས་པ་དང་། མི་ཚེའི་རྨི་ལམ་ཡང་དེ་རུ་སྦྲུམ་དགོས་ཞེས་ཡང་ནས་ཡང་དུ་བཤད་འོངས། ངས་དེ་དག་དྲན་པའི་མོད་ལ་རྨི་ལམ་ནང་གི་གྱད་མི་རྟ་དཀར་ཅན་དེའི་སྣང་བརྙན་ཡོད་ཚད་མིག་ལམ་དུ་འཆར་ཞིང་། གནམ་ས་གཡོ་བའི་རྨིག་སྒྲ་ཐག་ཐག་དེ་བདག་གི་སྒྲ་འཛིན་ཡུལ་དུ་སངས་སེ་གྲགས་པ་དང་ལྷན་དུ། ཁོ་བོའི་དྲན་ཤེས་ཀྱི་ངང་བ་ཆ་འགྲིག་དེ་རང་དབང་མེད་པར་ལོ་རྒྱུས་ཀྱི་གཙང་ཆུ་རིང་མོའི་ཀློང་དུ་ངང་གིས་འཕུར་སོང་།
རེད་ཨང་། ས་ཆུ་མེ་རླུང་གི་གཙུབ་བརྡར་ཁྲོད་ནས་སའི་སྒོ་ང་བལྟམས་པ་དང་། སྒོས་སུ་འཛམ་གླིང་སའི་གཙུག་རྒྱན་དུ་གངས་ཅན་སཱ་ལའི་སྨན་ལྗོངས་ཞེས་སྟོད་ན་ཤེལ་དཀར་གངས་ཀྱི་ཅོད་པན་མཛེས་ཤིང་། བར་ན་ཚང་ཚིང་ནགས་ཀྱི་ལྭ་བ་བཀླུབས་པ་དང་། སྨད་ན་ཆུ་དང་གཙང་བོ་ཤང་ཤང་བཞུར་བའི་སྣོད་ཀྱི་འཇིག་རྟེན་ཆགས་རྗེས། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་གཉིས་སུ་སྐྱེས་པའི་གདུང་རྒྱུད་དག་གིས་དབེན་པའི་གནས་ཀྱི་རི་དྭགས་སྣ་ཚོགས་སྒོ་ཕྱུགས་སུ་བཏུལ་བ་དང་། བདེ་མོའི་ཐང་ལ་འབྲུ་དྲུག་ས་བོན་བཏབ་སྟེ་ཚེ་སྲོག་གི་གཞུང་རྟ་ཕྲ་མོ་ལ་ལྗང་མྱུག་རྒྱས་ཤིང་ལོ་འདབ་འཁྲུངས་པའི་དུས་དེ་ནས་བཟུང་། ཁོ་བོའི་ཕ་རྒྱུད་ཟེར་ན་དཔའ་དང་སྤོབས་པ་ཅན་ཞིག་དང་། བདག་གི་མ་རྒྱུད་བརྩད་ན་བྱམས་དང་བརྩེ་བ་ཅན་ཞིག་ས་སྒང་འདི་རུ་ཡོད་པ་མ་ཡིན་ནམ། ངོ་མ། སེ་དམུ་ལྡོང་སྟོང་ནས་རྒྱལ་ཕྲན་བཅུ་གཉིས། ཡར་མོ་ཀླུང་ཐང་ནས་པུར་རྒྱལ་བཙན་པོ། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ། ཐ་ན། གོས་སུ་ཤིང་ལོ་གྱོན་པ་ནས་རྒྱབ་ཏུ་ཁྲབ་རྨོག་བསྐོན་པའི་དུས་སྐབས་དེ་དག་ཏུ། དམར་བོ་ཁྲག་གི་རྒྱ་མཚོ་འཁྱོམ་ཡང་སྙིང་སྟོབས་ལྕགས་ཀྱི་ཨ་ལོང་འཕྱར་བའི་བདག་གི་མེས་པོ་དག་གིས། རྟ་ཕོ་ཁྲོས་པའི་གོང་ལ་འཁོར་གསུམ་མཚོན་གྱི་སྟངས་སྟབས་བསྒྱུར་ནས། འཛམ་གླིང་ཤར་གྱི་རྒྱལ་ཁབ་དང་རྒྱལ་ཕྲན་ཀུན་གྱི་ཡར་སྟོད་གནམ་གྱི་ཁོག་པ་དཔའ་བའི་ཀི་སྒྲས་བཀང་ཞིང་། མར་གྱི་སའི་དཀྱིལ་འཁོར་རྟ་བོའི་རྨིག་སྒྲའི་བར་ནས་ལྷབས་སེ་འདར་བ་དང་། འཛམ་གླིང་སུམ་ཉིས་སའི་ཁྱོན་ལ་རྒྱལ་ཁྲིམས་གསེར་གྱི་འཁོར་ལོ་བསྐོར་ཏེ། རང་རེའི་མངའ་ཐང་ཡངས་པོའི་སྣེ་མོ་ནམ་མཁའི་མཐའ་ལ་བསྲིངས་ཤིང་། མཐའ་དང་ཕྱོགས་མཚམས་ཀུན་ལ་དགྲ་ལྷ་དར་མའི་དབུ་འཕང་དགུང་དུ་བསྟོད་ཅེས་ལོ་རྒྱུས་རྒན་པོའི་ཁ་ན་རླུང་ལྟར་གྲགས་སོ། །
རང་རེ་གདོང་དམར་བའི་རིགས་ལ་གཤོག་པ་རྐྱོང་སའི་ནམ་མཁའ་ཞིག་དང་། བང་གིས་གཞལ་སའི་ས་གཞི་ཞིག་ཡོད་པའི་ཚུན་ཆད་དུ། “བྱ་ནི་སྒྲོ་ཡིས་བརྒྱན། མི་ནི་གོས་ཀྱིས་བརྒྱན”ཅེས་པའི་དཔེ་ལྟར། གཤེན་རབ་མི་བོ་ཆེ་ནས་སྲོང་བཙན་སྒམ་པོའི་འཇིག་རྟེན་བར་དུ། སྒྲུང་ལྡེའུ་བོན་གསུམ་གྱི་ཐགས་སྐུད་ཆད་མྱོང་མེད་ལ། སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་གྱི་ཆོས་སྡེ་ཆེན་མོའི་བར་དུ། བཀའ་ཁྲིམས་སོ་དྲུག་གི་ཁབ་མིག་འཚང་རབས་ཡོད་མྱོང་མེད། རེད་ལགས། ལོ་ཟླའི་ཆར་རླུང་ཅི་འདྲའི་རྒོད་ཀྱང་། བདག་གི་མེས་པོ་ཚོས་ཐབས་ཤེས་ཟུང་གི་ཁབ་སྐུད་ཟུང་དུ་བསྡེབས་ཏེ། རྣམ་ཤེས་ཚོགས་དྲུག་གི་ཡན་ལག་སྲོ་བའི་རིག་གནས་ཀྱི་པགས་རྩག་བཙེམས་པ་ནི་མཚན་གྱི་རྨི་ལམ་དང་། ཉིན་གྱི་སྣང་བ་ཙམ་ཞིག་ག་ནས་ཡིན་ཏེ། དེའི་ཕྱི་ལ་ས་དགེ་བཀའ་རྙིང་གི་རི་མོ་མངོན་པར་གསལ་ཞིང་། ནང་ལ་ལྟ་བ་རྟེན་འབྱུང་གི་འཇམ་ཤ་ལྷོད་སེ་འཁྱིལ་བ་དང་། དབྱངས་གསལ་སོ་བཞིའི་འཚེམ་སྒྲོག་གི་དམ་ལྷོད་རན་ལ། བཅུ་ཕྲག་རིག་གཞུང་གི་དྲོད་ཁོལ་རང་ཆས་སུ་ཡོད་པ་དག་ནི། མེས་དབོན་རྣམ་གསུམ་གྱི་སྒྲོག་གཞི་བརྟན་ལ་མཁན་སློབ་ཆོས་གསུམ་གྱི་བཟོ་བཀོད་མཛེས་ཤིང་། ལྷག་པར་དུ་སྐ་ཅོག་ཞང་གསུམ་དང་། མཁས་པ་མི་བདུན་བཅས་པའི་བསམ་ཡས་ཀྱི་ལོ་པཎ་མཁའ་ལ་བཀྲམ་པའི་སྐར་ཚོགས་དང་། ཆོལ་གསུམ་གྱི་དཔའ་བོ་མཐའ་ལ་བསྐོར་བའི་རི་རབ་འདྲ་བ་དག་གིས་དཀའ་སྡུག་གི་ངལ་བ་ཁྱད་དུ་བསད་ཅིང་། འབད་འབུངས་ཀྱིས་རྡོ་ལ་ཨི་ཁུང་འབིགས་པའི་རྔུལ་ཁྲག་གི་ཐིགས་པ་རེ་རེས་བསྩལ་བའི་མཛེས་སྡུག་འབའ་ཞིག་མ་ཡིན་ནམ།
དེ་ཡང་། དུས་རབས་ཀྱི་མཐོ་ས་ཞིག་ཏུ་ལངས་ཏེ། འདས་པའི་ལོ་རྒྱུས་ཀྱི་རྐང་ལམ་རིང་མོར་ཕྱི་མིག་ལན་གསུམ་བསློགས་པ་ན། བདག་གི་བྱང་ཁོག་སྟོད་ན་དགའ་སྐྱོ་ཟུང་གི་གདེང་ཞིག་ངང་གིས་འཕྱུར་འོངས། ང་ཚོར་རང་ལ་དབང་བའི་རྒྱབ་ཀྱི་གོས་དང་ནང་གི་རྒྱགས་སོགས་གྱ་ནོམ་པ་ཞིག་བྱུང་བའི་དུས་དེ་ནས་བཟུང་། སྔོན་བྱོན་མེས་པོ་དག་གིས་རང་གི་ཤ་ལས་ཆད་པའི་བུ་རབས་ཚ་རྒྱུད་རྣམས་ཀྱི་རྒྱབ་ནས་དྲོ་འཇམ་གོས་ཀྱིས་ཁེབས་ཤིང་། ནང་ལ་བཅུད་ལྡན་ཟས་ཀྱིས་གཏམས་ནས་ལུས་ཀྱི་ཁོ་ལག་རྒྱས་པར་བྱས་ནས་དུས་རབས་ཤིག་གི་འགག་སྒོར་བསྐྱལ་བ་ནི་ཅི་འདྲའི་བསུབ་མི་བཏུབ་པའི་མཛད་རྗེས་ཤིག་ཨང་། ཡིན་ནའང་། དེའི་རྗེས་སུ་ཁོང་ཚོ་རེ་རེ་བཞིན་ཞེན་ས་ཆགས་ཡུལ་མེད་པར་ནམ་ཡང་ཕྱིར་མི་ལྡོག་པའི་ལམ་དུ་ཆས་འགྲོ། དེ་ལྟར་བདག་གི་ཕ་མེས་རྣམས་འཇིག་རྟེན་ཆོས་ཉིད་བཙན་པོའི་དབྱིངས་སུ་ཡལ་རྗེས། ཕྱི་རབས་པ་དག་གི་མདུན་དུ་ལུས་པའི་ལྟོ་རྒྱབ་གང་ཐད་ཀྱི་ཕྱི་ཟོང་ནང་ཟོང་དག་ཀྱང་། ལོ་ཟླའི་ཆར་རླུང་ཁྲོད་ནས་ཕྱིའི་མདོག་འགྱུར་ཅིང་ནང་གི་བཅུད་ཟད་པའི་ཉམས་ཤིག་མངོན་པར་དོད་ནའང་། ཤ་དར་ཁྲག་དར་གྱི་ཕྱི་རབས་པ་དག་གིས་དེ་དག་མིག་ངོ་ནས་སྤྱུགས་ཤིང་སེམས་ངོ་ནས་བརྗེད་པ་མཐོང་ཚེ། བདག་གི་དམར་ཆུང་སེམས་ལ་དགའ་བའི་སྣང་བ་ཡེ་ནས་མ་སྐྱེས། དེ་ལྟར། ངས་ཐོབ་ཤོར་དང་ན་ཟུག་གི་བར་ན་འཕག་འཚག་བྱེད་པའི་སེམས་པ་དྲུད་དེ་ཨ་མྱེས་ཀྱིས་ང་ལ་གནང་བའི་པགས་རྩག་དེ་ལ་ལག་པས་རྙོབ་ཚེ། ཡིད་ཀྱི་གཏིང་ནས་དགའ་སྐྱོ་ཟུང་གི་སྣང་བ་ཞིག་དལ་གྱིས་འཕྱོ་སྟེ། ལུས་ཀྱི་སྟོད་སྨད་ཡོད་ཚད་འཁྱག་བསིལ་བསིལ་བྱས་བྱུང་། སྐབས་དེར། བདག་གི་རྣམ་ཤེས་ཡན་པོ་དེ་ལོ་རྒྱུས་ཀྱི་ཕུགས་དོང་ལས་སླར་ཡང་རང་དབང་མེད་པར་ཨ་མྱེས་ཀྱི་གཉེར་མའི་བང་རིམ་དུ་སྦས་པའི་གཏམ་རྒྱུད་ཅིག་གི་ཀློང་དུ་འཐིམ་སོང་།
སྐབས་དེར། ཕྱི་ནང་གི་མགོ་བདེ་ཚོས་བདག་གི་ཨ་མྱེས་ལ“ཨུ་ཚུགས་བྱས་ན་རང་སྲོག་ཤོར་ཉེན་ཆེ་བས། པགས་རྩག་འདི་ཡུལ་ལུང་གཞན་དུ་བཙོང་སྟེ་རྒྱགས་ཕྱེ་སྒྲུབ་པའམ། བཙོས་ཏེ་ཁུ་བ་འཐུངས་ན་མུ་གེས་མནར་བའི་ནང་མི་ཀུན་གྱི་ཚེ་སྲོག་བླུ་ཐུབ”ཟེར། ངེད་ཚང་ལ་མཚོན་ན། ཕ་མེས་ཡང་མེས་ནས་བརྒྱུད་པའི་གཡང་རྟེན་ནི་ཨ་མྱེས་ཀྱི་པགས་རྩག་གཅིག་པུ་ལས་མེད་ཅིང་། དེའི་ཁུད་དུ་མི་རབས་དུ་མའི་ཚེ་སྲོག་གི་གཉོམ་ལག་རྒྱས་ཤིང་ལང་ཚོའི་མེ་ཏོག་བཞད་པ་དང་། ལྷག་པར་དུ་གཞིས་ཐབ་རྡོ་གསུམ་ཆགས་པ་ནས་བཟུང་། པགས་རྩག་འདི་ཁྱིམ་དེའི་ཁོག་སྟོད་གྲི་ཡིས་གཙགས་པའི་ཕ་རྒན་དཔའ་བོ་དང་། ཚེ་རབས་ཆོས་ལ་བསྟིམས་པའི་ཨ་ཞང་བླ་མ། ངང་རྒྱུད་ཆུ་ལ་འདྲེས་པའི་མ་ཡུམ་བྱམས་པ། སྙིང་ལ་རུས་པ་སྐྱེས་པའི་བུ་ཚ་མིང་སྲིང་བཅས་ཀྱི་དགའ་ན་དགའ་བའི་དུས་ཀྱི་སྙིང་གཏམ་འཆད་ས་དང་། སྐྱོ་ན་སྐྱོ་བའི་དུས་ཀྱི་མིག་ཆུ་བཞུར་སའི་རྟེན་དུ་མ་བཅོས་ལྷུན་གྱིས་གྲུབ་ཏེ། གཡང་ཁྱིམ་དྲོན་མོ་འདིའི་ཡ་གིའི་སྲིད་པ་གངས་རྒན་ལ་ཐུག་པའི་མེས་པོ་རྒོད་གཤིས་ཅན་དང་། མར་གིའི་དུས་གསར་གྱི་རླབས་རྩེར་འཕྱོ་བའི་བུ་རབས་ཚོའི་ཚེ་སྲོག་གི་ཀ་བ་བརྟན་པོར་བཙུགས་ནས། རྣམ་ཤེས་ཀྱི་གདུང་མ་གཅལ་དུ་བཀྲམ་པ་དང་། དད་དམ་གྱི་ས་ཆུས་དམ་དུ་མནན་ནས་འཁོར་བ་ཁབ་ཀྱི་རྩེ་མོ་རུ་མི་འཇིག་བརྩེ་བ་ཅན་གྱི་ཕ་མཁར་བཞེངས་པ་མ་ཡིན་ནམ། མདོར་ན། པགས་རྩག་ནི་གཡང་ཁྱིམ་འདིའི་མི་ཆོས་དང་ལྷ་ཆོས་གསལ་བའི་མེ་ལོང་དང་། ཕྱིའི་དགྲ་བོ་དང་ནང་གི་ཉེ་ཚན་འདུལ་བའི་མགོ་ནོན་ཡིན། ཨ་མྱེས་ཀྱིས་དེ་ལྟར་བསམ་ཚེ། མུ་གེའི་འོབ་དོང་ཁྲོད་ནས་མེས་པོ་སྙིང་སྟོབས་ཅན་ཚོ་ཡིད་ལ་དྲན་ཤིང་མ་ཡུམ་བློ་གྲོས་ཅན་ཚོ་མིག་ངོར་འཁོར་བ་དང་ལྷན་དུ། ཤི་གསོན་གྱི་གད་ཁ་ན་འཕག་འཚག་བྱེད་པའི་ཤ་ཁྲག་གི་ལུས་ལ་གསོན་ཤུགས་བརྟས་པ་དང་། བྱང་ཁོག་སྟོད་ལ་རེ་བའི་དྲོད་ཀྱིས་ཁེངས་ནས་སྡུག་གི་གོམ་ཁ་རེ་རེ་དལ་གྱིས་སྤོས་ཏེ་མདུན་ལ་སོང་བ་ན། རིམ་བཞིན་བགྲང་བྱ་གསུམ་གྱི་མུ་གེའི་ལ་མགོར་བསླེབས་ཤིང་། དེ་མ་ཐག་ཤར་མཐའ་ནས་འཛུམ་པའི་ཉི་མ་གཞོན་ནུའི་འོད་སྣང་མཐོང་བྱུང་ཟེར། ཨ་མྱེས་ཀྱིས་གདོང་གི་གཉེར་མའི་བང་རིམ་དག་སྡུག་གི་མཆི་མས་སྦྲན་ཏེ་ང་ལ་དེ་ལྟར་བཤད་སྐབས། ཁོའི་རབ་རིབ་ཏུ་གྱུར་པའི་མིག་ཟུང་ལས་ད་དུང་གསོན་ཤུགས་ཀྱི་འོད་སྣང་ཞིག་ལམ་མེར་མཆེད་ཀྱིན་གདའ།
དགུན་གྱི་ལྷགས་པའི་གཞུག་ན་དཔྱིད་ཀྱི་མུ་གེ་དང་། དཔྱིད་ཀྱི་མུ་གེའི་རྗེས་ན་དབྱར་གྱི་ཆར་རླུང་། དབྱར་གྱི་ཆར་རླུང་འཇགས་ཀྱང་སྟོན་གྱི་བ་མོ་འཚུབ་པའི་ལོ་ཟླ་འཁོར་མོ་ཆེའི་རྐང་ལམ་ན། གྲོག་མ་འདུར་འདུར་བྱེད་པའི་ཨ་མྱེས་ཀྱི་རྐང་རྗེས་རེ་རེའི་བར་ཐག་ནི། ཇེ་ཐུང་ནས་ཇེ་ཐུང་དང་ཕར་ཡོ་ནས་ཚུར་ཁྱོར་དུ་གྱུར་ཀྱང་། ཁོང་གིས་པགས་རྩག་གི་ཁུད་དུ་ཡོད་པའི་བུ་ཆུང་དེའི་ལུས་ཀྱི་ཁོ་ལག་ཉིན་བཞིན་རྒྱས་ཏེ། ཁོ་རང་དལ་གྱིས་ཚ་ཐབ་སྟེང་ནས་སྦྲའི་ནང་དུ་གོག་ཅིང་བགྲོད་པ་དང་། དེ་ནས་སྦྲའི་ཆོན་ཐག་བརྒལ་ནས་ཐག་རིང་དུ་རྒྱུག་པའི་རྐང་རྗེས་རེ་རེའི་བར་ཐག་ནི། ཇེ་རིང་ནས་ཇེ་རིང་དང་ཇེ་བརྟན་ནས་ཇེ་ཚུགས་སུ་གྱུར་བ་མཐོང་ཚེ། ལོ་ཟླ་འཁོར་མོ་ཆེའི་རྐང་ལམ་ན་ཞ་མ་འཐེང་གིས་འགྲོ་བའི་ཨ་མྱེས་ལ་སླར་ཡང་ལང་ཚོའི་ཟིལ་ཤུགས་བརྟས་ཏེ། མཐའ་མཚམས་མེད་པའི་རྐང་ལམ་དེའི་གཞུང་ན་ཤར་གྱིས་རྒྱུག་པ་མ་ཡིན་ནམ། ངས་དེ་ལྟར་དྲན་པའི་མོད་ལ་གློ་བུར་དུ་མཚན་སྨག་གི་ཀློང་ནས་བདག་གི་མདུན་ཐད་དུ་སྐྱ་ལམ་གྱ་མ་གྱུ་ཞིག་ཡམ་ཡོམ་གྱིས་འགུལ་བར་མཐོང་། སྐབས་དེར། གློ་བུར་བའི་སྔངས་སྐྲག་ཅིག་གིས་ང་རང་བློང་བློར་བོར་བཏང་ན་ཡང་། སྔས་མགོར་བཞག་པའི་ཨ་མྱེས་ཀྱི་པགས་རྩག་འདིའི་དྲོ་ཞིང་འཇམ་པའི་རེག་བྱ་འཇམ་པོས་ད་དུང་བདག་གི་འགྲམ་པར་བྱིལ་བྱིལ་བྱེད་པ་ཚོར་བས། ངའི་ལུས་སེམས་ཟུང་འདི་རང་དབང་མེད་པར་རང་མལ་དུ་ལྗིད་ཏིག་གེར་བབས་སོང་།
བསིལ་འཇམ་རླུང་བུ་དེའི་དབུགས་རྒྱུན་མ་ཆད་པར། སྔར་བཞིན་སྐྱིད་ཤོད་གཞུང་གི་མཚན་མོའི་ཁུག་པ་ཀུན་ཏུ་མྱུལ་བ་ན། ཡུལ་འདིའི་ཕྱི་ནང་ཡོད་ཚད་རླུང་ཁར་རྩེན་པའི་མར་མེ་ལྟར། གྲང་འདར་སིག་སིག་བྱེད་བཞིན་ཡོད་པ་ལོ་མ་བོར་བའི་སྡོང་སྐམ་ཁེར་སྐྱེས་དག་གི་དངན་པ་རིང་མོ་ལས་རྟོགས་ཐུབ། ཡིན་ནའང་། མཁའ་མཐར་བུད་པའི་རྒྱུ་སྐར་རེ་འགས་འོད་ཆེམ་ཆེམ་མཚེར་བ་བལྟས་ན། དེ་དག་བདག་གིས་ཀུན་གཞིའི་རླབས་རྩེར་བཏེགས་པའི་འདས་སོང་གི་འཇིག་རྟེན་དེ་ལ་འབྲལ་མི་འདོད་པ་ལྟར་སྣང་། དེ་ལྟར་རྒྱང་རིང་གི་མཁའ་མཐའ་ནས་འཆི་ལ་ཁད་པའི་སྐར་ཕྲན་རེ་རེའི་མིག་མདའ་གཟས་ཏེ་ཁོ་བོའི་ཁྲ་ཆུང་མིག་ལ་གཏད་པ་ན། བདག་གི་མིག་མདུན་དུ་སླར་ཡང་རྒས་རྒྱུ་མེད་པའི་རྐང་ལམ་རབ་རིབ་ཅིག་སྣང་བ་དང་། དེའི་མགོ་རྔ་ཀུན་ཏུ་འཚང་བའི་འདས་དོན་དག་རེ་རེ་བཞིན་ཁོ་བོའི་མིག་ལམ་དུ་གཡོ་འགུལ་བྱས་བྱུང་། ལོ་དེའི་སྟོན་མཇུག་ཏུ་ས་ཞིང་དང་སྒོ་ཟོག་དག་ཀྱང་སྒེར་ལ་བགོས་པས། ངེད་ཚང་ལའང་མི་གྲངས་ལྟར་ཕྱི་ནང་གི་རྒྱུ་ནོར་འོས་འཚམ་རེ་ཐོབ། དེའི་རྗེས་སུ་སྡེ་དཀྱིལ་གྱི་ཤང་ཁང(乡委)དུ་དམངས་བཙུགས་སློབ་གྲྭ་ཞེས་པ་གསར་དུ་བཙུགས་ནས་ཀ་ཁའི་མེ་རོ་གསོས། སྐབས་དེར། ཨ་མྱེས་ཀྱི་པགས་རྩག་ཁྲོད་ནས་ནར་སོན་པའི་ཁོང་གི་བུ་ཆུང་གཉིས་པོའང་རིམ་བཞིན་དམངས་བཙུགས་སློབ་གྲྭ་ནས་སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམས་རྗེས། ཨ་མྱེས་ཀྱི་བུ་ཆུང་བ་སྟེ་བདག་གི་ཞང་བོ་ཐ་ཆུང་དེ་ཕ་ཡུལ་དང་བྲལ་ཏེ་རྒྱང་རིང་དུ་འབྲིང་རིམ་ཆེད་ལས་སློབ་གྲྭར་འགྲོ་བའི་ཞོགས་པ་དེར། ངའི་ཨ་མ་དང་ཨ་ཡེ་རྒན་མོ་གཉིས་སྔ་ས་ནས་མལ་ལས་ལངས་སྟེ། ཞང་བོའི་ལམ་རྒྱགས་དང་གྱོན་གོས་དོན་དུ་ཡ་གིའི་མཆོད་སྟེགས་མན་ཆད་དང་མར་གིའི་སྒོ་ཐེམ་ཡན་ཆད་བསློགས་ནས། གོས་གང་འཇམ་དང་ཟས་གང་ཞིམ་གྱི་གྲབས་གཤོམ་ལེགས་པར་བརྩམས། ཁོ་རང་སྒོར་འབུད་ཁར། ཨ་མྱེས་ཀྱིས་གདམ་ངག་ཚིག་གསུམ་དང་བཅས་ཏེ་ནམ་རྒྱུན་སྔས་མགོ་རུ་བཞག་པའི་པགས་རྩག་རྙིང་བ་དེ་བླངས་ནས་ཁོ་ལ་སྤྲད་པ་ན། ཕ་བུ་གཉིས་ཀྱི་གྱེས་གདུང་གི་མིག་ཆུ་སྐྱུར་མོས་པགས་རྩག་འདིའི་ཕྱི་ནང་གསང་གསུམ་བརླན་པ་དེ། དུས་ད་ལྟའང་བདག་གི་མིག་ལམ་དུ་ལྷང་ངེར་འཁོར་འོངས།
ལོ་ངོ་འགའི་རྗེས་སུ། བདག་གི་ཞང་བོ་ཆེ་ཆུང་གཉིས་ཀྱིས་ཤེས་རིག་གི་རྔན་པ་ཁུར་དུ་ལྕི་བ་རེ་འཁྱེར་ཏེ་ཕྱིར་རང་ཡུལ་དུ་ལོག་རྗེས་སྔ་རྗེས་བཞིན་རྒྱལ་ཁབ་ཀྱི་ལས་གནས་སུ་སོང་། དེ་དང་ལྷན་དུ་མི་ལོ་གསུམ་བཞི་རིང་ཕ་ཡུལ་དང་བྲལ་བའི་པགས་རྩག་རྙིང་བ་དེ་སྔར་དང་བསྡུར་ན། དེའི་གོང་ཁ་རུ་ཁ་ཤན་སོ་མ་ཞིག་གསར་དུ་བཙེམས་ཏེ་ནང་མི་ཀུན་གྱི་མིག་ངོར་བཀྲ་མདངས་རབ་ཏུ་འཚེར་བས། དེ་ངེད་ཚང་གི་བཟའ་མི་ཀུན་གྱིས་ནང་གི་གཡང་རྟེན་དང་ཕྱིའི་རྒྱན་གོས་བྱེད། རེད་ཨང་། དེ་ནི་བདག་གི་ཞང་བོ་གཉིས་ཀྱིས་ས་མཐའ་མི་ཡུལ་ནས་ལྟོ་རྒྱབ་གང་ཐད་ནས་སྐྱ་ཟད་སྔོ་ལ་གཏུགས་ཀྱང་། སློབ་གཉེར་གྱི་འཚོ་བའི་ཁྲོད་ནས་ཟ་མཁས་འཐུང་མཁས་བྱས་ནས་བསགས་པའི་སྒོར་མོ་རེ་གཉིས་ཡོད་པ་དེ་རིན་དུ་སྤྲད་ནས། ཨ་མྱེས་ཀྱི་པགས་རྩག་འདིར་མཐའ་ཤན་སོ་མ་ཞིག་བརྗེས་པ་རེད། ཨ་མྱེས་ཀྱིས་ནམ་རྒྱུན་པགས་རྩག་འདི་མཐོང་ཐེངས་རེར་ཁོང་གིས་ང་ཚོར་དེ་ལྟར་ཟེར་སྐབས། ཁོང་གི་གཉེར་མའི་གསེབ་ནས་དགའ་སྐྱོ་ཟུང་གི་མདངས་ཤིག་ངང་གིས་འཕྱུར་འོངས། ཡུན་རིང་མ་འགོར་བར། ཁོ་གཉིས་ལ་འཇིག་རྟེན་མཐུན་མཇུག་གི་རྟེན་འགྲིག་འགྲིག་སྟེ་སྔ་གཞུག་ལྟར་བུ་དང་བུ་མོ་སྐྱེས་རྗེས། གྲོང་ཁྱེར་ནས་རང་འཁྲིའི་ལས་ཀར་ཁོམ་ལོང་དཀོན་པས། བྱིས་པར་ལྟ་སྐྱོང་བྱེད་པའི་དུས་ཁོམ་མེད་ཅེས་ཟེར་བཞིན། ཁྱེའུ་དམར་འབྱར་དག་མི་ཚེའི་ལ་ཁར་བུད་པའི་བདག་གི་ཨ་མྱེས་དང་ཨ་ཡེའི་པང་དུ་གཡུགས་རྐྱང་བྱས། ཡིན་ནའང་། ཨ་མྱེས་དང་ཨ་ཡེ་ཟུང་ནི་རབས་ཆད་ལ་བུ་ཞིག་བྱུང་བ་ལྟར་ཁོ་ཚོ་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་ནས། ཉིན་ལྟར་བསམ་མེད་ཀྱི་ཁྱེའུ་དེ་དག་གང་ཞིག་ལ་ཐོགས་འགྲོ་བར་དོགས་ཏེ། ཨ་མྱེས་ཀྱི་ཞ་མ་འཐེང་གི་རྒྱབ་གཟུགས་དེ་སྒོའི་ཕྱི་ནང་བར་གསུམ་དུ་རླུང་གིས་དེད་པའི་ཆུ་རིས་ལྟར་འགུལ་ནས་རང་གི་ཁ་ཏོན་ཡང་བརྗེད་འགྲོ་ལ། ཁོ་ཚོ་གང་ཞིག་ལ་བརྡབ་འགྲོ་བར་སེམས་ཀྱིས་མ་བཟོད་པར། ཨ་ཡེ་རྒན་མོས་ཉིན་ལྟར་ཐུ་སྣེ་སྐེད་པར་བཙངས་ནས་ཁོ་ཚོའི་རྗེས་སུ་བསྙེགས་པ་ནི། སྤྱི་ཚོགས་རྙིང་བའི་སྐབས་ཀྱི་གཡོག་མོ་སྐྲ་དཀར་ཞིག་གི་རྗེས་སུ་བྱེད། རེད་ལགས། “དེང་རབས་ཀྱི་བྱིས་གསོའི་ལྟ་དེབ”ཀྱི་ཟུར་ཙམ་ཡང་མཐོང་མྱོང་མེད་པའི་རྒན་རྒོན་ཟུང་གིས། ཉིན་ལྟར་བྱིས་པ་དམར་འབྱར་དག་ཨ་མྱེས་ཀྱི་པགས་རྩག་གི་ཁུད་དུ་བསྒྲིལ་ནས། ཁོ་ཚོའི་མཚན་མོའི་རྨི་ལམ་གྱི་མེལ་ཚེ་དང་ཉིན་མོའི་པྲ་ཆལ་གྱི་རྒྱབ་གཟུགས་འཚོས་ནས་ཉིན་མཚན་དུས་འཁོར་གྱི་ཞབས་རྗེས་རྒྱབ་ཏུ་བསྐྱུར་བ་ན། མར་རྩམ་གྱི་དྲི་ངད་མ་ཡལ་ཞིང་ཀ་མད་ཀྱི་ངག་འགྱུར་མ་ལྐུགས་པའི་བདག་གི་ནུ་བོ་དང་ནུ་མོ་ཆུང་ཆུང་ཚོ་རིམ་གྱིས་འཚར་ལོངས་བྱུང་ནས། ཕ་སྐད་ཀྱི་རྩེད་ར་ལྗང་ཁུ་ནས་ཁུ་བྱུག་གི་གསུང་ངག་ལ་ཁ་ལྕེ་བདེ་མོས་ལད་ཟློས་བྱས་པ་མ་ཡིན་ནམ། ངས་དེ་ལྟར་དྲན་པའི་མོད་ལ་ཡིད་ལ་དགའ་བདེའི་སྣང་བས་ཁྱབ་པ་དང་། རང་གིས་ཆུང་དུས་སུ་ཨ་མྱེས་ཀྱི་པགས་རྩག་དྲོན་མོ་ལས་རྙེད་པའི་ལྷ་སྒྲུང་གི་འཇིག་རྟེན་ཁྲ་ཁྲ་འདི། དུས་ད་ལྟའང་བསམ་པའི་ཡོལ་གོ་རུ་མངོན་པར་འཆར་འོངས།
དུས་ཀྱི་སྒྱུ་མའི་ལག་ལ་བརྫུ་འཕྲུལ་སྟོང་གིས་ཕྱུག་ཀྱང་། དྲན་པའི་ཆུ་མོའི་རླབས་ཀྱི་འགྱུ་བག་འོད་དུ་འཁྱུགས་ཀྱང་། ནམ་ཡིན་ཡང་བདག་གི་དྲན་པའི་རྩིག་ལྡེབས་སུ་མངོན་པར་གསལ་བ་ནི། དུས་ཀྱི་སྒྱུ་མའི་ལག་གིས་གཞོམ་གཞིག་བྲལ་བའི་ང་དང་ཨ་མྱེས་རྒན་པོའི་པགས་རྩག་བར་གྱི་མི་འགྱུར་རྡོ་རྗེའི་ལས་དབང་དེ་ཡིན། ལོ་དེ་ནི། ང་རང་ཕོ་ལོ་བཅོ་བརྒྱད་ཀྱི་ཐེམ་པར་བརྒལ་བའི་གསར་བུ་ཞིག་ཡིན་པ་དང་། ཆུང་སྦར་མོ་གང་ནས་ཨ་མྱེས་ཀྱི་པགས་རྩག་དྲོན་མོ་ལས་རྙེད་པའི་ཤེས་པ་ཕྲ་མོ་ལ་ཤེས་རིག་གི་འདབ་ལོ་རྒྱས་ནས། དམའ་འབྲིང་ནས་མཐོ་འབྲིང་ལ་འཕར་བའི་དུས་ཤིག་ཡིན། ཉིན་དེའི་ཞོགས་པར། བདག་གི་ནང་མི་གང་བོས་ཕྱི་ནང་གི་ལས་ཀ་ཆེ་ཆུང་ཐམས་ཅད་གཞོགས་ཤིག་ཏུ་བསྐྱུར་ཏེ། རེ་བ་དང་སྨོན་ལམ། ཁ་ཏ་དང་ངུ་ངག མིག་ཆུ་དང་འཁྲེང་སེམས་ཀློང་ནས་བདག་གི་མགུལ་ལ་དར་དཀར་བསྒྲོན་ཏེ་ལམ་ལ་སྐྱེལ་མ་བྱེད་པའི་སྐབས་སུ། ཨ་མྱེས་ཀྱིས་སླར་ཡང་སྔས་མགོ་རུ་བཞག་པའི་པགས་རྩག་རྙིང་བ་དེ་འཁྱེར་ནས་བདག་གི་རྡོག་ཁྲེས་སུ་བརྫངས་ནས། “མི་མཛེས་པོ་གོས་ཀྱིས་བརྒྱན་ཅེས་པ་འཇིག་རྟེན་རྒན་པོའི་གཏམ་རེད། ལྷག་པར་དུ་ཕྱི་ནང་གསང་གསུམ་མཛེས་ལ་པགས་རྩག་འདི་ལས་མེད”ཅེས་བསྒོ་བ་ནན་མོ་བྱས་ཚེ། ངས་མི་ལོ་བཅུ་ཕྲག་གོང་དུ་ཨ་མྱེས་ཀྱིས་ཞང་བོ་སློབ་གྲྭར་འགྲོ་ཁ་ཡང་པགས་རྩག་འདི་ཁོ་ལ་བཙན་གྱིས་འཁུར་དུ་འཇུག་པ་དེ་དྲན་པས། ཚོད་ཚོད་ལ་སེམས་ནས་ཨ་མྱེས་དྲིན་ཆེན་ཁོང་ཨུ་ཚུགས་ཆེ་རབས་བསམས་མོད། འབྲལ་ཁའི་མགྲིན་པར་བསྡམས་པའི་གཏམ་དེ་བཀྲོལ་ན་མིག་མཐར་བསྐྱིལ་བའི་མཆི་མའི་རྡོག་པོ་དེ་འགྲིལ་བར་དོགས་པས། ང་རང་ཁོག་པ་སྡུག་གིས་བཀང་སྟེ་མགོ་བོ་ལྗིད་པོ་དེ། རླུང་བུ་ཤར་ཤུར་གྱིས་བསྐྱོད་པའི་བྲང་གི་དར་དཀར་ལྷབ་ལྷུབ་དེའི་ཕྱོགས་སུ་ཤུགས་ཀྱིས་གཅུས་རྗེས། མདུན་ནས་མདུན་དུ་འཐེན་པའི་སྐྱ་ལམ་ཁེར་མ་དེའི་སྟེང་དུ་གོམ་སྟབས་བསྒྱུར་བ་ཡིན།
“གྲང་ངར་གྱི་འགོ་མ་ཆུ་མོའི་ཁ་ནས་ཚུགས”ཞེས་དང་། “ཆབ་མདོ་ཆུ་གཉིས་བར་ལ་ལྷགས་པ་ཆེ”ཞེས་པ་སོགས་ནི་བདག་གི་ཨ་ཡེ་རྒན་མོས་ནམ་རྒྱུན་མེ་ལྕེ་ལྷབ་ལྷབ་འབར་བའི་ཁྱིམ་གྱི་མེ་ཐབ་འགྲམ་ནས་བཤད་པའི་གཏམ་གྱི་ལྷག་མ་ཞིག་ཡིན་ནའང་། ང་རང་དངོས་སུ་ཆབ་མདོ་ཆུ་གཉིས་བར་ལ་ཐོན་དུས། ངའི་ཡིད་ལ་རང་དབང་མེད་པར་ཨ་ཡེའི་གཏམ་དེ་དག་སངས་རྒྱས་སྟོང་གི་ལུང་ལས་ཀྱང་བདེན་ཤས་ཆེ་འདུག་སྙམ། དགུན་ཉི་ལྡོག་གི་ཕྱིར་མིག་ཀློང་ནས་རྫ་ཆུ་དང་ངོམ་ཆུ་འདུས་པའི་རླབས་རྩེ་རུ་འཁྱག་དར་གྱི་གུར་ཁང་ཕུབ་པ་དང་། ཁྱག་རླུང་རྩུབ་མོའི་འཇབ་རྒོལ་གྱི་གྲི་ཁ་ན་བདག་གི་ཡན་ལག་བཞི་བོ་ལྷབས་སེ་འདར་ཞིང་། རི་ལུང་སྐྱ་བོའི་སྐྱོ་གདུང་གི་འཁུན་སྒྲ་ཀློང་ནས་བདག་གི་དམར་ཆུང་སེམས་པ་ཕྱོགས་སུ་ཡན་ནའང་། ང་ལ་སྙིང་གཏམ་དྲོན་མོས་སེམས་པ་གསོ་མཁན་མེད་ལ། ང་ལ་རྡོག་པ་གོར་མོའི་བསྟི་གནས་གནང་མཁན་ཞིག་མི་འདུག ཡིན་ནའང་། སྐྱི་བསེར་རླུང་གིས་རྒྱབ་ནས་དེད་དུས་ངའི་ཡིད་ལ་རང་དབང་མེད་པར་ཨ་མྱེས་ཀྱིས་བཤད་པའི་མེས་པོ་སྙིང་སྟོབས་ཅན་ཚོ་དྲན་པ་དང་། མདུན་ལམ་སྐྱ་མོ་འཁྱག་པས་བསྡམས་ཚེ་ངས་ད་གཟོད་ཨ་མྱེས་ཀྱི་པགས་རྩག་དེའི་དྲོད་ཁོལ་ཚོར་བྱུང་། རེད་ལགས། དགུན་རླུང་གྲང་མོའི་སྐྱ་ཐང་ན། ཆབ་མདོའི་མི་རྣམས་ཀྱིས་རང་རང་གི་སྡོད་ཁང་གྲུ་བཞི་རུ་དེང་རབས་གློག་གི་དྲོད་རླུང་བཏང་བའམ་ས་གདན་བཏིང་བ། ནང་འདྲེན་བྱེད་པའི་གྱོན་གོས་སྣ་ཚོགས་གྱོན་པའམ་ལྕགས་ཐབ་གྲུ་བཞིར་མེ་འབུད་པ་སོགས་ཀྱི་ལས་ལ་བྲེལ་བའི་སྐབས་དེར། ངས་ཨ་མྱེས་ཀྱིས་ང་ལ་སྤྲད་པའི་པགས་རྩག་རྙིང་བ་དེ་ཉིན་དང་མཚན་ལ་གྱོན་ཞིང་། པགས་རྩག་དེ་དང་ཤ་ཁྲག་གིས་འབྲེལ་བའི་སྔོན་བྱོན་མེས་པོ་དག་རེ་རེ་བཞིན་ཡིད་ལ་འཁོར་བ་ན། དེའི་དྲོད་སྣང་ལས་རྣམ་པར་འགོངས་པའི་སྟོབས་ཤུགས་གཞན་ཞིག་ཁོ་བོའི་ལུས་ཀྱི་སྟོད་ཀུན་ཏུ་མཆེད་པར་བྱས། དུས་དེ་ནས་བཟུང་། པགས་རྩག་དེའི་ཁུད་དུ་སིམ་པའི་སྔོན་བྱོན་མེས་པོ་དག་གི་ཁྲག་དང་རྔུལ་ཆུའི་དྲི་མ་དག་བདག་གི་སྣ་ལམ་དུ་འཐུལ་ཐེངས་རེར། མཚན་གྱི་རྨི་ལམ་འཁྲུགས་ཏེ་གཞི་དབྱིངས་དག་པའི་ཁམས་ནས་དབྱངས་ཅན་ལྷ་མོས་ང་ལ་འཛུམ་བག་སྟོན་པ་དང་། ཉིན་གྱི་སྣང་བའི་ཁྲོད་ནས་ཕུགས་འདུན་རིང་མོའི་རྨུ་ཐག་ལྷང་ངེར་མཐོང་བྱུང་། ངས་དེ་ལྟར་ཉིན་དང་མཚན་ལ་ཨ་མྱེས་ཀྱི་པགས་རྩག་ལས་རྙེད་པའི་ཀ་མད་ཀྱི་ཕྲེང་བ་རེ་རེ་མི་ཚེའི་ཤོག་ངོས་སུ་ཡི་གེ་ཕབ་ཏེ། ལོའི་འཁོར་མོ་ཅི་ཙམ་འདས་པ་ཕྱིས་སུ་བདག་གི་ནུ་བོ་དབང་མདའ་མཐར་ཕྱིན་ཏེ་དམའ་འབྲིང་ནས་མཐོ་འབྲིང་དུ་འཕར་བ་མཐོང་ཚེ་གཞི་ནས་ཤེས་བྱུང་། རེད་དེ། དབང་མདའ་མཐར་ཕྱིན་ནས་ཆབ་མདོར་ཐོན་རྗེས་ཁོས་ཀྱང་དགུན་ཟླ་རིང་མོའི་གདོང་སྣ་བསུ་དགོས་པས། སླར་ཡང་བདག་གི་པགས་རྩག་རྙིང་པ་དེ་གྱོན་ནས་འཁྱག་རླུང་རྩུབ་མོའི་གྲང་ངར་ཀློང་ནས་ཡིད་འགྱུར་སྟོང་གི་སྙན་ངག་བྲིས་པ་མ་ཡིན་ནམ།
སྐབས་དེར། གྲོགས་པོ་དང་ངོ་ཤེས་མང་བོ་ཞིག་གིས་ང་ལ་མངོན་ལྐོག་གང་རུང་ནས་བདག་གིས་རྩོམ་ཡོན་ཙག་ཙིག་དག་བཀོལ་ནས་གཞན་ལྟར་དར་སྲོལ་ཅན་གྱི་གྱོན་པ་ཁྲ་ཁྲ་དེ་དག་མ་ཉོ་བར། ཚིལ་དྲེག་ཆགས་པའི་པགས་རྩག་རྙིང་བ་དེ་གྱོན་པར་ཨུ་ཚུགས་ཆེ་ལུགས་དང་། རྙིང་ཞེན་ཡིན་རབས་ཀྱི་གཏམ་འཆལ་ལུང་བ་གང་རེ་བཤད་ནའང་། ང་ལ་ངོ་ཚ་དང་བག་འཁུམས་ཀྱི་སྣང་བ་ཡེ་ནས་མེད་པར་སླར་ཡང་སྙིང་སྟོབས་ལྡབ་ཀྱིས་བསྐྱེད་པ་དང་། ཕྱིས་སུ་སློབ་གཉེར་གྱི་འཚོ་བའི་ཁྲོད་ནས་བསགས་པའི་སྒོར་མོ་རེ་གཉིས་དང་རྩོམ་ཡོན་ཙག་ཙིག་དག་བསྡོམས་ནས་ཆབ་མདོའི་ཁྲོམ་གཞུང་ཞིག་ནས་རྒྱ་གར་ཐེར་མ་ཁ་གང་དང་། ཁ་ཤན་སོགས་ཉོས་ཏེ་ཆེད་དུ་འཚེམ་བཟོ་བ་ཞིག་བཙལ་ནས་ཨ་མྱེས་ཀྱི་པགས་རྩག་རྙིང་བ་དེའི་རྒྱབ་ཤུབས་བརྗེས་པ་ན། སྔར་བས་ལྷག་པའི་བཀྲ་མདངས་ཤིག་འོད་ཀྱིས་འཁྱུགས་པས། ངས་མི་མང་སྟོང་གི་ཁྲོད་ནས་པགས་རྩག་དེ་གྱོན་པའི་ངོ་སོ་དེ་དུས་ད་ལྟའང་ཁོ་བོའི་ཕྱིར་དྲན་གྱི་མེ་ལོང་ངོས་སུ་མངོན་པར་མཐོའོ།།
ངས་སྔར་བཞིན་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཨ་མྱེས་ཀྱི་པགས་རྩག་རྙིང་བ་དེ་གྱོན་པ་དང་། དེས་བསྐྲུན་པའི་ཁོག་གི་དཔའ་གདེང་ཟབ་མོ་དང་མགོ་བོ་མཐོན་པོ་དེ་འཁྱེར་ནས་རི་ཆུ་སྟོང་ཕྲག་བརྒལ་ཞིང་། མི་ཚོགས་ཀྱི་རྦ་རླབས་གཤགས་ཏེ་ནམ་རྒྱུན་ཨ་མྱེས་དང་ཨ་ཡེ་གཉིས་ཀྱིས་རེ་ཞིང་སྨོན་པའི་ཉི་མ་ལྷ་སའི་ཡུལ་དུ་བདེ་བར་འབྱོར། རྗེས་སུ་བདག་གི་ནུ་བོ་དབང་མདའ་མཐར་ཕྱིན་ཀྱང་ཨ་མྱེས་ཀྱི་པགས་རྩག་ལས་རྙེད་པའི་ཀ་མད་ཀྱི་རྨུ་ཐག་ལ་འཇུས་ཏེ། ཁོས་ཆུང་དུས་སུ་པགས་རྩག་དེའི་ཁུད་དུ་རྨིས་པའི་ཤེས་རིག་གི་སྐྱེད་ཚལ་འགྲིམས་ཐུབ་སོང་། ཁོ་རང་ནུབ་བྱང་ཚང་དུ་བསླེབས་ཏེ་ཡུན་རིང་མ་འགོར་བར་ང་ལ་ནུབ་བྱང་ཁུལ་དུ་ལྷགས་པ་ཆེ་བས། དེང་རབས་ཀྱི་གྱོན་ཆས་དག་གིས་འཁྱག་གྲང་མ་ཐུབ་པས། རེམ་མར་པགས་རྩག་འདི་ཁོ་ལ་བསྐུར་དགོས་པའི་བརྡ་འབྱོར། ངས་ཀྱང་རེ་བ་མ་བཟློགས་པར་གང་མྱུར་ཁོ་ལ་བསྐུར་ནས་དགུན་ཟླ་ཧྲིལ་བོ་ཞིག་ཤར་གྱིས་བུད་སོང་། དེའི་ཕྱི་ལོར། ང་རང་ལུའུ་ཞུན་རྩོམ་རིག་སློབ་གླིང་དུ་འགྲོ་དགོས་པའི་བརྡ་འབྱོར་ཚེ། གློ་བུར་མེས་རྒྱལ་གྱི་བྱང་ཕྱོགས་ཀྱི་གྲང་རེག་དེ་བདག་གི་རྒྱབ་ནས་ཁབ་ཀྱིས་གཙགས་པ་ལྟར་བྱུང་བས། དེ་མ་ཉིད་དུ་རང་གི་ནུ་བོར་པགས་རྩག་འདི་ཕྱིར་བསྐུར་དགོས་པའི་བརྡ་བྱས། ནུ་བོས་གྲོང་ཁྱེར་ལན་ཀྲུའུ་ནས་སླར་ཡང་གྲོན་དངུལ་ལ་མ་འཛེམ་པར། དེ་སྔར་པགས་རྩག་དེའི་གསེབ་ཀྱི་བཀྲུས་ཀྱང་འདག་ཐབས་མེད་པའི་སྣུམ་གྲིབ་དག་དེང་རབས་ཀྱི་འཕྲུལ་ཆས་སུ་སྐམ་འཁྲུད་བྱས་པས། ཁ་བའི་མདངས་ལྟར་དཀར་བའི་པགས་རྩག་འདི་བདག་གི་མིག་ལམ་དུ་མངོན་པ་ན། བཤད་མི་ཤེས་པའི་བདེ་སྐྱིད་ཅིག་ཐོལ་གྱིས་རྒྱས་ཏེ་ཁོག་པ་བཀང་བར་བྱས་སོང་།
གནའ་གྲོང་པེ་ཅིང་དུ་མི་རིགས་ཁག་གི་རྩོམ་པ་པོ་རྣམས་ཀྱིས་རང་གི་ས་གནས་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་གོས་སྣ་ཚོགས་རྒྱན་དུ་སྤུད་པའི་རྣམ་པ་ནི། ཀྲུང་ཧྭའི་མེ་ཏོག་ལྡུམ་ར་ནང་དུ་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་ཐགས་སུ་འདྲེས་པ་དང་གཉིས་སུ་མ་མཆིས། ཡིན་ནའང་། པེ་ཅིང་གི་མཁའ་དབྱིངས་ནས་དགུན་གྱི་ཁ་བའི་འདབ་མ་གར་དུ་རྩེན་ཞིང་། གནག་ཅིང་སྣུམ་པའི་གཞུང་ལམ་ཐོག་ཏུ་དཀར་ཞིང་མཁྲེགས་པའི་འཁྱག་དར་སྲབ་མོ་རེ་བཀབ་པ་དང་། མི་འགྱུར་གོར་མོའི་གཟུགས་ཀྱང་ལྷགས་པ་རྒོད་པོའི་འཇབ་རྒོལ་ཀློང་ནས་སིག་སིག་འདར་བའི་དུས་དེ་ཡུལ་དེའི་ཕྱོགས་མཚམས་ཀུན་ནས་རྒྱས་པ་ན། མི་རིགས་གཞན་གྱིས་རྩོམ་པ་པོ་རྣམས་ཀྱིས་བལྟས་ན་མེ་ཏོག་ལྟར་མིག་ལ་མཛེས་པའི་གྱོན་གོས་དག་རེ་རེ་བཞིན་ཕུད་དེ་རྒྱ་ནག་ཁུལ་གྱི་སྲིན་བལ་སྟོད་གོས་དང་། ནང་འདྲེན་བྱས་པའི་བྱ་སྤུ་སྟོད་ཐུང་དག་དམ་ཀྲིག་གེར་གྱོན། ཡིན་ནའང་། བདག་གི་ཡབ་མེས་ནས་བརྒྱུད་པའི་པགས་རྩག་རྙིང་བ་དེ་ལ་སྔར་བས་ཚ་དྲོད་རྒྱས་ཏེ་འཁྱག་པའི་སྟེང་གི་མེ་སོན་ལྟར་དུ་གྱུར་བ་མ་ཡིན་ནམ། ཁ་བ་བུ་ཡུག་འཚུབ་པའི་ཉིན་དེ་དག་ཏུ་མི་རིགས་གཞན་པའི་རྩོམ་གྲོགས་ཚོས་ལག་མགོ་མཆན་ཏུ་བཙིར་ཞིང་ཐ་མག་ཧུབ་ཀྱིས་རྔུབ་བཞིན་ང་ལ་རུབ་ནས། བདག་གི་པགས་རྩག་འདིའི་རྒྱུ་སྤུས་བཟང་རབས་དང་དྲོད་ཆེ་ལུགས། བཟོ་དབྱིབས་མཛེས་ལུགས་སོགས་ལུང་བ་གང་རེ་བརྗོད་པ་ན། ཁོ་ཚོའི་མིག་ཟུང་ཁྲ་རིལ་དག་ལས་ཡིད་སྨོན་དང་འཁོན་སེམས་འདྲེས་མའི་མདངས་ཤིག་མཆེད་འོངས། སྐབས་དེར། ཁོ་བོའི་བྱང་ཁོག་སྟོད་ལ་དཔའ་དང་སྤོབས་པ་ལྡབ་ཀྱིས་བརྟས་ཏེ། རང་གི་པགས་རྩག་གི་ཐུ་ལྕེ་ནས་རེག་རེག་བྱེད་ཞོར། འདི་ཀོ་ཕ་མེས་ཡང་མེས་ནས་བརྒྱུད་པའི་གཡང་རྟེན་ཞིག་དང་། མི་རབས་ནས་མི་རབས་བར་དུས་བསྟུན་འཚེམ་བཟོ་བྱས་ཏེ་གྲུབ་པ་སོགས་ཡིན་ལུགས་བརྒྱ་དང་ཡག་རབས་སྟོང་བཤད། དེའི་ཚེ་ཁོ་ཚོའི་མིག་ཟུང་ལས་མཆེད་པའི་འཁོན་སེམས་ཀྱི་འོད་མདངས་རྣོན་པོ་དེ་རིམ་གྱིས་ཡལ་དེ། བདག་གི་མདུན་རྒྱབ་ཀུན་ཏུ་ཡིད་སྨོན་གྱི་མིག་མདའ་འཕེན་པ་དང་། ཞོར་ནས་ཁོ་ཚོའི་མི་རིགས་ལའང་དེ་སྔོན་དེ་ལྟའི་གོན་ན་དྲོ་ཞིང་བརྒྱན་ན་མཛེས་པའི་ཁྱད་ཆོས་ལྡན་པའི་གྱོན་ཆས་སྣ་ཚོགས་ཡོད་ནའང་། ད་ལྟའི་ཆ་ལ་ཐུག་ཚེ་གནའ་མི་རྒན་པོ་དག་རིམ་བཞིན་འདས་ཤིང་དེ་དག་འཚེམ་བཟོ་བྱེད་ཤེས་མཁན་མེད་པས། ལག་ཏུ་འོང་ཐབས་མེད་ཟེར་བཞིན། ཁོ་ཚོའི་གདོང་ལ་ཕངས་པའི་མདངས་ཤིག་ཀྱང་མངོན་པར་ཤར་འདུག པེ་ཅིང་གི་ཁ་བ་ཇེ་མཐུག་ཏུ་སོང་ཞིང་། རྒྱ་ལམ་ངོས་སུ་ཆགས་པའི་འཁྱག་དར་དེས་མི་རྣམས་འགུལ་སྐྱོད་བྱེད་མི་བདེ་བར་བཏང་། ཡིན་ནའང་། ཨ་མྱེས་ཀྱིས་བྱིན་པའི་པགས་རྩག་དེས་ངའི་བློ་ལ་གཟི་དཔལ་གྱིས་ཁེངས་ཏེ། རང་ཉིད་ནི་ཁ་ཆར་བུ་ཡུག་གི་རྒོལ་རྡུང་དྲག་པོས་གཞོམ་གཞིག་བྲལ་ཞིང་། རྩ་བ་དང་འདབ་མ་ཀུན་ལ་ལང་ཚོའི་ཟིལ་ཤུགས་རྒྱས་པའི་གངས་ལྷ་མེ་ཏོག་ཅིག་དང་ཅི་འདྲའི་མཚུངས་ཨང་སྙམ།
ང་རང་སྲོན་མ་ཐུབ་པའི་དགའ་སྤྲོ་དེས་ཕྱིར་དྲན་ལས་ཧར་གྱིས་སད་པ་ན། ང་ལ་རྒྱང་རིང་ནས་འཛུམ་ཙམ་འཛུམ་ཙམ་བྱས་པའི་མཁའ་མཐའི་སྐར་ཕྲན་དག་སྔ་ས་ནས་རིའི་ཕ་རོལ་དུ་ཡིབས་ཤིང་། ངའི་མིག་ལམ་དུ་ནམ་རྒྱུན་མཐོང་ཆོས་སུ་གྱུར་པའི་སྒྲོག་ཙེ་དང་དཔེ་ཆ་རྩེག་མ། དེ་བཞིན་ཅ་དངོས་དག་གང་དགར་བསྐྱུར་བའི་ཉལ་ཁང་འདིའི་གྲང་ཤུར་ཤུར་གྱི་ཁུག་སོ་ཡོད་ཚད་སླར་ཡང་གསལ་ལེར་མངོན་པ་ན། གློ་བུར་དུ་སྣང་བའི་གཤོག་པར་ཐོགས་པའི་གློ་སྙིང་མཆིན་གསུམ་དང་བཅས་པའི་ལུས་ཀྱི་ཡན་ལག་ཡོད་ཚད་ཐང་ལ་ཟགས་པ་ལྟར་ལྷོད་ཤིག་ཤིག་གི་ཚོར་བ་ཞིག་བྱུང་ནའང་། དབུགས་རྒྱུན་དྲག་པོའི་འབྱིན་རྔུབ་རེ་ཞིག་ལྷོད་རྗེས་ལུས་ཀྱི་རྩ་ལམ་ཡོད་ཚད་ལ་སྐྱུར་ཤ་གྲང་མོ་ཞིག་ངང་གིས་ལངས་བྱུང་། ངས་གླལ་སྒྱིང་ཐུན་ཅིག་བྱས་ཏེ་མལ་ལས་ལྡང་བ་དང་། སྔས་མགོ་རུ་བཞག་པའི་ཚ་སོབ་སོབ་ཀྱི་པགས་རྩག་དྲོན་མོ་དེ་གཡང་ལུགས་སུ་བྱས་རྗེས། དུ་རྐང་གཅིག་ལ་མེ་སྦར་ཏེ་རྔམ་འཐེན་བྱེད་ཞོར་མདང་གི་རྨི་ལམ་དང་། མཚན་གང་བོའི་ཕྱིར་དྲན་གྱི་སྣང་བརྙན་དག་ལ་ཕྱིར་འདང་རྒྱག་བཞིན་སྒེའུ་ཁུང་གི་ཁ་ནས་བལྟས་པ་ན། ལྷ་སའི་ཞོགས་པའི་ཡུལ་ལྗོངས་འདི་ཁོ་བོའི་མིག་གི་མེ་ལོང་དུ་གསལ་ལེར་ཤར་བྱུང་།
ཇོ་ཁང་གི་མདུན་དང་གྲོང་ཁྱེར་འདིའི་གསེབ་ཏུ་བག་ལ་ཞ་བའི་དད་ལྡན་ཚོས། ཞོགས་པའི་དགའ་སྟོན་དུ་ཕུལ་བའི་བསང་དུད་སྔོན་མོའི་འགྱུ་འགྲོས་འདི་ཁོ་བོའི་མིག་གི་དཔལ་དུ་མཛེས་ནའང་། སེ་གོལ་གཏོགས་ཙམ་གྱི་ཡུན་ལ་གྲོང་ཁྱེར་འདིའི་ཕྱོགས་དང་ཕྱོགས་མཚམས་ཀུན་ནས་གྲགས་པའི་རླངས་འཁོར་ཆེ་ཆུང་གི་འུར་སྒྲ་དང་། རྒྱ་ལམ་གྱི་གཡས་གཡོན་ནས་མཆེད་པའི་སྐད་རིགས་སྣ་ཚོགས་ཀྱི་འུར་སྒྲའི་ཁྲོད་ནས་མི་སྣང་བར་གྱུར་སོང་། སྐབས་དེར། སྟོན་རླུང་བསིལ་བསིལ་ལྡང་བའི་རྒྱ་གྲམ་ལམ་མདོའི་སྣེ་ན། བོད་མོ་མགོ་ནག་དག་གིས་མདུན་ནས་ལྟེ་ཁུང་རིག་རིག་ཏུ་བསྟན་ཅིང་ཁ་ནས་ཚིག་མགོ་ཇེ་མཐོར་བཀྱགས་ཏེ། ཟུར་མིག་ལྕགས་ཀྱུའི་སྣེ་མོ་ཕ་གིའི་རྒྱུ་དང་སྒོར་མོའི་བདག་པོ་ལ་གཏད་ནས་འདུར་བ་དང་། སྐྱེས་པ་གཤིས་འཇམ་དག་ཀྱང་གཅིག་ལ་གཅིག་གིས་འགྲན་ནས་དབང་དང་གོ་སའི་ཕྱོགས་ལ་ཁྱི་མོ་སྲེད་རྒྱུག་བྱེད་པའི་གོམ་སྒྲ་ཐ་ར་ར་གྲགས་ཤིང་། ལྷག་པར་དུ་སློབ་རའི་ཕྱོགས་སུ་བསྐྱོད་པའི་བྱིས་པ་གདོང་སྐྱ་རྣམས་ཀྱི་ཀ་ཁའི་དབྱངས་རྟ་ཉམས་པའི་དགོད་སྒྲ་ཤིག་ཤིག་དག དུས་ཀྱི་འཁྱག་རླུང་རྩུབ་མོའི་འགྲོས་དང་བསྡེབས་ཏེ་བདག་གི་མིག་དང་རྣ་བའི་བུ་གར་བཙན་གྱིས་འཛུལ་འོངས་པས། བདག་གི་རེ་བའི་སེམས་ལ་གློ་བུར་དུ་ཆུ་འཁྱག་སྐྱོགས་གང་བླུགས་པ་ལྟར་གྲང་ཅག་གེར་གྱུར་སོང་། སྐབས་དེར། འཁྱག་གྲང་གི་ཀློང་ན་ལྟེ་ཁུང་རིག་རིག་བསྟན་པའི་བུད་མེད་དང་། ཀ་ཁའི་ངག་འགྱུར་མེད་པའི་བྱིས་པ་དག་གི་རྒྱབ་གཟུགས་ཁྲོད་ནས། ངས་ཡུན་རིང་རེ་ཞིང་སྒུག་པའི་རང་གི་མ་འོངས་པའི་ཆུང་མ་དང་ད་དུང་བུ་ཕྲུག་སོགས་ཀྱི་ངོ་གདོང་མཐོང་བྱུང་། ཡིན་ནའང་། སྐད་ཅིག་མ་དེར། ངའི་རྣ་ལམ་དུ་ཨ་མྱེས་ཀྱིས་ང་ལ་བཤད་པའི“པགས་རྩག་འདི་ཁྱོད་ཀྱི་བུ་དང་བུ་དེའི་བུ། བུ་དེའི་ཡང་ཚ་སོགས་མི་རབས་ནས་མི་རབས་བར་ཚེ་སྲོག་གི་གཉོམ་ལག་རྒྱས་སའི་རུམ་ཕུང་དྲོན་མོ་ཡིན་ལ། རིགས་རྒྱུད་འདིའི་རྒྱབ་ཀྱི་བརྟེན་ས་དང་ནང་གི་གཡང་རྟེན་ཡིན་པས་ངེས་པར་ཁོ་ཚོའི་ལག་ཏུ་འཕྲོད་པར་བྱེད་དགོས”ཞེས་པའི་གཏམ་དེ་ངང་གིས་འཁོར་བ་ན། ངའི་ལུས་ཀྱི་ཡན་ལག་ཡོད་ཚད་དབང་མེད་དུ་ངུ་མ་དགོད་ཀྱི་སྣང་བའི་ཁྲོད་ནས་འདར་སིག་སིག་བྱས་སོང་།
ང་རང་འཁྱག་གྲང་གི་ཀློང་ནས་འདར་ལྕུག་ལྕུག་ཏུ་ལུས་ཚེ། སྲོན་པར་དཀའ་བའི་ན་ཟུག་ཅིག་རིམ་གྱིས་རྒྱས་ཏེ་ལུས་ཡོང་སྦྲིད་བྲེང་ངེར་དང་མིག་ཤེས་རབ་རིབ་ཏུ་བཏང་ནའང་། ཁོ་བོའི་རྣ་ལམ་དུ་རྒྱུན་ཆད་མེད་པའི་སྐྱིད་ཆུ་སྔོན་མོའི་བཞུར་སྒྲ་གཉོམ་པོ་ལ། སྔར་དང་མི་འདྲ་བའི་འཁུན་སྒྲ་ཤབ་ཤུབ་ཅིག་འདྲེས་ཏེ། རྒྱང་རིང་ནས་རྒྱང་རིང་ཞིག་ཏུ་བྲེལ་སྟབས་ཀྱིས་བཞུད་པའི་ཤག་སྒྲ་ལྷང་ངེར་གྲགས་བྱུང་། །