འབྲི་མོའི་ཁེར་ལབ།
ཀ་རྒྱའི་འཕྲིན་ལས་རྒྱ་མཚོ། (མང་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06
གཅིག
སྤྱིར་ལྷོ་རྒྱུད་འཛམ་བུའི་གླིང་གི།
བོད་ཁ་བ་ཅན་གྱི་ཡུལ་འདིའི།།
དུས་མི་གཅིག་གནམ་གཤིས་རང་མདངས།།
བཤད་མི་ཤེས་ནམ་མཁའི་འཇའ་བཞིན།།
སྐབས་རེ་རེའི་འགྱུར་ལྡོག་ཁྲོད་ནས།།
མདོག་མི་གཅིག་སོ་སོར་འཆར་བས།།
དགུན་རྒྱ་སྟག་ངར་མའི་གདུག་རྩུབ།།
རླུང་བཞིན་དུ་རྒྱང་ལ་ཡལ་ནས།།
དབྱར་ཕ་མ་འདྲ་བོའི་དྲོད་ཁོལ།།
དུས་རེ་རེའི་འཆར་ནུབ་བར་ནས།།
མཐོ་ཉི་མའི་འོད་སྣང་བཞིན་དུ།།
སེར་ལམ་མེར་ཤར་ནས་ཐོན་དུས།།
ཚེ་འདི་ཕྱིའི་སེམས་ཅན་གྲངས་མེད།།
དབྱར་ཕ་མའི་བརྩེ་བར་ཆགས་ཏེ།།
གནས་མི་རྟག་སྲིད་པའི་གྲོང་ལ།།
སྐྱིད་མེད་ཀྱང་རེ་ལྟོས་ཆེ་བས།།
དཔྱིད་འགོ་མའི་ས་ཆུ་དྲོས་ནས།།
རྡུལ་རླུང་དམར་འཇབ་རྒོལ་འཇགས་ཏེ།།
ས་དམའ་གཞུང་རྒྱ་ལྕང་རྩེ་མོར།།
ལྗང་མྱུ་གུའི་ལོ་འདབ་འཛུམ་དུས།།
ནགས་གཡུ་ལོའི་ཡལ་གའི་རྩེ་ནས།།
བྱ་འདབ་ཆགས་སྤུ་སྡུག་འཇོལ་མོས།།
ས་མི་གཅིག་གཞན་ཡུལ་འགྲིམ་པའི།།
བྱ་སྒྲོ་མཛེས་འདོད་པའི་ཏཱ་ལར།།
ངག་སྙན་མོའི་དབྱངས་སུ་དྲངས་ནས།།
ཚུར་དགུག་པའི་འབོད་པ་གཏོང་ཀི།།
གནམ་ཁ་ཆར་འདྲེས་མའི་ཁྲོད་ཀྱི།།
དཔྱིད་སྐྱ་ཆད་སྔོ་སྡུག་ཅིག་ལ།།
སྟོན་བ་མོ་རླུང་གིས་ཁུར་འདྲའི།།
ངའི་བདག་མེད་རྣམ་ཤེས་འཁྱམས་པོས།།
རྫ་རྩེ་མོ་ཅན་པོའི་མན་ཆད།།
མཚོ་མེ་ལོང་འདྲ་བོའི་ཡན་ཆད།།
སྤང་ནེམ་ཤ་ཅན་པོའི་པང་ན།།
ཁྲ་ལམ་མེར་མེ་ཏོག་བཞད་འདྲའི།།
གཡང་འབྲི་བརྒྱ་བྱེར་བའི་གྲས་ནས།།
ཟོག་དུད་འགྲོའི་ལུས་རྟེན་བླངས་ཏེ།།
རྒྱབ་ཕྲུ་མའི་ཡོལ་བ་ཕྱེས་ནས།།
ཆུ་ཙ་རེ་འགུལ་སྐྱོད་བྱེད་དུས།།
དྲིན་མ་ལོས་ལྕེ་ཡིས་ལྡག་གིན།།
ལུས་གཙང་བཀྲུ་ཡང་ཡང་བྱས་ཀྱང་།།
ཕྱོགས་ངེས་མེད་རླུང་བུ་ལྡོམ་པོས།།
ང་ཉམ་ཆུང་ལུས་ལ་གཙེས་བཞིན།།
དཀར་ལམ་ལམ་ཁ་ཆར་འདྲེས་མས།།
ཚོད་མེད་ལ་འགྲམ་ལྕག་གཞུས་པས།།
ལུས་བོངས་ཆུང་ལྷམ་ཡུ་འདྲ་བོ།།
འདར་སིག་སིག་ཨ་མའི་གན་ནས།།
རྐང་སུག་བཞི་འགྱེལ་མ་ལངས་ཀྱིས།།
རིའི་དར་ལྕོག་རླུང་གིས་བསྐྱོད་འདྲ།།
ཕྱིའི་གཟུགས་གཞི་ཙག་གིས་གཅུན་ནས།།
འགུལ་མ་ཐུབ་རེངས་པར་གྱུར་ཏེ།།
ནང་རྣམ་ཤེས་སྦྲང་མ་འདྲ་བོ།།
ས་རྒྱུས་མེད་བར་དོ་འཕྲང་ལ།།
སླར་འགྲོ་བའི་སྟ་གོན་བགྱིད་དུས།།
དྲིན་ཨ་མས་ངུར་དབྱངས་འཐེན་བཞིན།།
ངར་གཡས་བསྐོར་གཡོན་བསྐོར་རྒྱག་བཞིན།།
ལྕེ་དྲོན་མོས་དལ་གྱིས་ལྡག་ནས།།
སེམས་བརྩེ་བའི་དྲོད་ཀྱིས་བསྐྱངས་ཀྱང་།།
བདུད་འཆི་བདག་ནག་པོའི་རང་གཟུགས།།
བཙན་ཚོད་མེད་ཁ་ཆར་འདྲེས་མ།།
རླུང་བསེར་བུས་འགྲོགས་ནས་བསླེབས་དུས།།
ངའི་གཅེས་སྲོག་རྣམ་ཤེས་ཕྲ་མོ།།
སྟོན་ཟླ་གསུམ་རྒྱུ་བའི་བ་མོ།།
དགུང་སྔོ་བསངས་ནམ་མཁའི་དབྱིངས་ནས།།
རླུང་བསེར་བུས་དཔུང་ཤུགས་བཙན་པོས།།
ཕྱོགས་ངེས་མེད་འདེད་པ་བཞིན་དུ།།
སྐྱིད་འཛོམས་པའི་འཇིག་རྟེན་འདི་ནས།།
དྲིན་མ་ལོའི་འོ་ཆུར་རོལ་བཞིན།།
སེམས་དགའ་བས་མཆོངས་ལྡིང་བྱེད་ཞོར།།
ཚེ་གཅིག་ལ་འདུག་དབང་མ་དགོས།།
ཉིན་གཅིག་ལ་སྡོད་དབང་མི་འདུག།
གཉིས།
དཀར་ལམ་ལམ་ཁ་བའི་ཁྲོད་ནས།།
གྲང་ཤར་ཤར་རླུང་བུ་རྒྱུ་སྟེ།།
ལུས་འཁྱགས་ཤི་ཐེབས་ལ་ཉེ་ཞིང་།།
འདར་སིག་སིག་རྐང་ལག་རེངས་པའི།།
སྐྱབས་མགོན་མེད་བེའུ་ཆུང་ང་ཡིས།།
མིག་ཁྲ་རིལ་རྒྱང་ལྟ་བྱེད་དུས།།
སྦྲ་མཐིང་སྨུག་སྒོ་དར་ཅན་པོ།།
ཕྱོགས་ངེས་མེད་རྒྱུ་བའི་བསེར་བུས།།
ནག་ཡོར་ཡོར་སྒུལ་བའི་འདབས་ནས།།
སྡེ་གཡང་ཁྱིམ་ཚང་གི་བུ་མོས།།
མགོའི་སྐྲ་ལོ་རླུང་གིས་སྐྱོད་ཀྱིན།།
དབུགས་རིང་ལེན་ཐུང་ལེན་བྱེད་བཞིན།།
ཐུ་གཡས་པ་ལག་གིས་བཟུང་ནས།།
ངའི་གན་ལ་བརྒྱུགས་ནས་ཐོན་ཏེ།།
ལག་སོར་མོའི་ཡལ་འདབ་མཉེན་མོས།།
ངའི་ལུས་ལ་རེག་རེག་བྱེད་བཞིན།།
ཞལ་པདྨ་འདྲ་བོའི་དཀྱིལ་ནས།།
འཛུམ་དམུལ་ལེར་སོ་ཕྲེང་མངོན་ཐལ།།
སྨན་བཟང་མོ་རྒྱུ་འདང་ཅན་པོས།།
ལུས་འཛེམ་མེད་རུམ་ལ་བཅུག་སྟེ།།
འགྲོས་མྱུར་མོའི་འདེགས་འཇོག་བསྒྱུར་ནས།།
སྦྲ་མཐིང་སྨུག་ནང་ལ་སོང་སྟེ།།
མདོག་རབ་མཛེས་ཕྱིང་དཀར་ལྭ་བས།།
དྲོད་ལམ་མེར་གཅུད་ནས་བསྙལ་གི།།
ངའི་ཨ་མ་བྱམས་སེམས་ཅན་མས།།
དུས་བར་མེད་ངུར་དབྱངས་འཐེན་བཞིན།།
ངའི་བདེ་སྡུག་ཡིད་ལ་བཅངས་ཏེ།།
སྦྲར་གཡས་བསྐོར་གཡོན་བསྐོར་བྱེད་དུས།།
སྨན་བུ་མོ་འཛུམ་དཀར་ཅན་པོས།།
དངུལ་དཀར་བོའི་ཐོམ་བུའི་ནང་གི།
ཆུ་དྭངས་བསིལ་ཡན་ལག་བརྒྱད་ལྡན།།
སྙན་ཤག་ཤག་ལག་མགོར་བླུགས་ཏེ།།
ཕྱག་པདྨའི་འདབ་ལོ་འདྲ་བོ།།
དཀར་ལམ་ལམ་ཡང་ཡང་བཀྲུས་ནས།།
ཤིང་གསོམ་དཀར་འོ་མའི་བཞོ་ཟེའུ།།
ལག་གཡས་པའི་ནང་ལ་བཟུང་སྟེ།།
དྲིན་མ་ལོའི་ནུ་ཆུ་ཐོག་མ།།
ཤིང་བཞོ་ཟེའུ་ནང་ལ་དྲངས་རྗེས།།
ཐབ་སུམ་ཚུགས་སྒྱིད་པུའི་མགོ་ལ།།
ཟངས་སེར་བོའི་སླ་ང་བསྐྱོན་ཏེ།།
དཀར་ལམ་ལམ་འོ་མའི་མངར་ཁ།།
ཤག་དིར་རེ་ནང་ལ་བླུགས་ནས།།
ནགས་ལྕང་མ་གླང་མའི་མེ་ཤིང་།།
ཐབ་སྒྱིད་པུའི་ནང་ལ་བུས་ན།།
དུ་སྔོན་མོ་གཡུ་འབྲུག་འདྲ་བོ།།
སྔོ་ལང་ལིང་མཁའ་རུ་ཆས་བཞིན།།
མེ་དམར་བོའི་རེག་བྱ་བཙན་པོ།།
ཐབ་སླ་ངའི་མགུལ་བར་འཁྱུད་དུས།།
སྒྲ་སུར་སུར་རླངས་པའི་ཁྲོད་ནས།།
སེར་ལམ་མེར་འཁྱིལ་བའི་འོ་སྤྲི།།
མདོག་རབ་མཛེས་ལུག་རུ་སེར་བོ།།
སྤང་འདབ་བརྒྱའི་ཁྲོད་ནས་བཞད་འདྲ།།
དྲི་ཞིམ་པོ་བུང་བ་འགུག་པའི།།
རོ་མངར་མོས་ས་སྟེང་ཁྱབ་ཐལ།།
སྨན་ན་ཆུང་བུ་མོའི་དྲིན་ལ།།
ང་སྦྲ་ནག་གྲུ་བཞིའི་ནང་གི།།
རྒྱབ་ཕྱིང་དཀར་ཆུ་ལྭའི་ཁུད་ནས།།
ལུས་ཕྱི་ནང་གཉིས་ཀ་དྲོས་ཏེ།།
མ་དྲན་པའི་ངུར་དབྱངས་འཐེན་དུས།།
ཞལ་ཡག་པ་མེ་ཏོག་བཞད་འདྲའི།།
སྨན་བུ་མོ་བྱམས་སེམས་ཅན་པོས།།
འཛུམ་དམུལ་ལེར་སོ་ཕྲེང་སྟོན་གྱིན།།
འགྲོས་གོམ་ཁ་ཚུར་ལ་བསྒྱུར་ཏེ།།
ངག་སྙན་མོས་གཅེས་དབྱངས་འཐེན་གྱིན།།
རྒྱབ་ཕྱིང་དཀར་ལྟེབ་མ་བཤིགས་ཏེ།།
མའི་ཕྱོགས་སུ་ལམ་སྟོན་བྱེད་ཀི།།
རྒྱབ་རླངས་པ་མཁའ་ལ་མཆེད་བཞིན།།
རྐང་སུག་བཞི་འདར་མ་འདུར་གྱིས།།
མའི་ངུར་དབྱངས་ཕྱོགས་སུ་བརྒྱུགས་ནས།།
དཀར་འོ་མའི་ཞིམ་མངར་རོལ་དུས།།
ཟོག་དུད་འགྲོའི་ལུས་རྟེན་བླངས་ཀྱང་།།
སྐྱིད་ཡོད་པའི་སྣང་བ་ཤར་ཐལ།།
གསུམ།
དཔྱིད་ཟླ་གསུམ་ཁ་ཆར་འདྲེས་མ།།
དབྱར་ཚ་བས་རྒྱང་ལ་དེད་དེ།།
མདོག་རབ་མཛེས་གསེར་ལྡན་སྒེག་མོར།།
སྣ་མི་གཅིག་འདབ་བརྒྱའི་ཚོགས་དང་།།
རོ་མངར་བའི་ཤ་མོའི་ཕྲེང་བས།།
ཁྲ་ལམ་མེར་མགུལ་རྒྱན་དཔྱངས་ཤིང་།།
རི་མཐོན་པོ་གནམ་འདེགས་ཀ་བར།།
སྨུག་དཀར་བོས་ན་བཟའ་བསྒྲོན་དུས།།
གནས་ལྷོ་མོན་ཕྱོགས་ནས་འོངས་ཤིང་།།
མདོག་སྔོན་མོ་གཡུ་ལས་གྲུབ་པའི།།
བྱ་སྤུ་སྡུག་ཁུ་བྱུག་སྔོན་མོས།།
སྙན་ལྷང་ལྷང་མགྲིན་གླུ་སྒྲོག་བཞིན།།
སྡུག་མུན་པས་གཙེས་པའི་འགྲོ་ལ།།
སེམས་སྐྱིད་པའི་སྣང་བ་སྟེར་གི།།
ལུས་རྩལ་དྲུག་སྟོབས་སུ་རྫོགས་པའི།།
ངེད་ན་མཉམ་བེའུ་ཁྱུ་གཅིག།
སྤང་མེ་ལོང་འདྲ་བོའི་སྟེང་ནས།།
འདུག་མ་བཟོད་མཆོངས་རྩལ་འགྲན་ཞོར།།
ཐག་དིར་རེ་སྟོད་ལ་རྒྱུགས་ཤིང་།།
དབུགས་ཧལ་ལེར་སྨད་ལ་ཞོགས་ནས།།
གཡང་རྫི་བོ་སྡུག་ལ་གཏོད་དུས།།
ལས་རྣམ་སྨིན་འཁོར་ནི་ལོས་ཡིན།།
ཁྱིམ་བདག་མོའི་བཀའ་ཆད་ཕོག་སྟེ།།
དགོང་ཕྱི་དྲོའི་ཉི་མ་ཡོལ་ནས།།
གཡང་འབྲི་མོ་ལྷས་རར་འཁོར་དུས།།
ནར་མ་སོན་བེའུ་དག་གི།
སྐེར་ཐ་གུའི་འདོགས་ཐག་བསྐོན་ཏེ།།
དྲིན་མ་བུ་ཁ་ཁར་བྱས་ནས།།
ལུས་འཆོར་མེད་གདང་ལ་བཏགས་ཐལ།།
མར་བྲལ་བའི་ངུར་སྒྲའི་ཁྲོད་ནས།།
ཞག་གང་བོར་སྐོར་འཐེན་བྱེད་བཞིན།།
སྨག་མུན་པའི་ཡོལ་བའི་ཁུད་ནས།།
མིག་མཆི་མ་ཤ་ལེར་སྡོད་དུས།།
ས་ཐག་རིང་རི་བོའི་སུལ་ནས།།
སྤྱང་དར་མས་ངུ་ཟུག་བྱེད་ཀི།།
སྙིང་དམར་ཆུང་ཁ་ལ་ཐོན་གི།།
ལུས་ལྕང་ལོ་འདར་འདར་བྱེད་ཀི།།
ཁྱི་དོམ་བུས་ངར་སྐད་སྒྲོག་བཞིན།།
རྟ་ནོར་ལུག་ལྷས་མཐའ་མྱུལ་ནས།།
རྒྱུ་ཁྲ་ཁྲ་སྲུང་བའི་ཆེད་དུ།།
སྤྱང་དར་མར་དམར་འཛིང་བྱས་ཀྱང་།།
ཁྱིམ་བདག་པོ་གཏི་མུག་ཅན་པོས།།
ཞག་གང་བོར་སྔུར་སྒྲ་སྒྲོག་གིན།།
གཉིད་སྐྱིད་པོའི་རྨི་ལམ་ཁྲོད་ནས།།
ཁྱི་དོམ་བུའི་སྐྱིད་སྡུག་མི་ཚོར།།
སང་སྐྱ་རེངས་མཁའ་ནས་གསལ་ཏེ།།
བྱེའུ་ཅོ་ཀས་བྲེ་འགྱུར་སྒྲོག་དུས།།
ཁྱིམ་བདག་མོ་ཡར་ལ་ལངས་ཏེ།།
ཤིང་གསོམ་དཀར་བཞོ་ཟེའུ་བཟུང་ནས།།
ངག་སྙན་མོའི་བཞོ་དབྱངས་འཐེན་ཞོར།།
སྙན་ཤག་ཤག་འོ་མ་བཞོས་རྗེས།།
ངེད་མ་བུ་མཉམ་དུ་དེད་ནས།།
ན་མེ་ཏོག་བཞད་སའི་འཛིན་མ།།
རྩྭའི་མུ་ཏིག་ཟིལ་བ་འཐོར་ས།།
རྟ་ནོར་ལུག་ཤ་ཤེད་རྒྱས་ས།།
ཆབ་སྔོན་མོ་ལྷུང་ལྷུང་འབབ་ས།།
གཡང་རྫི་བོའི་སྣང་བ་སྐྱིད་ས།།
སྐྱིད་འཛོམ་གསུམ་འཛོམས་སར་སོང་ཏེ།།
སྤང་ཡངས་པའི་ཁྱོན་ལ་བཀྲམ་དུས།།
རྩྭ་སྔོན་པོ་འོ་མ་འདྲ་བོར།།
ལོངས་སྤྱོད་པའི་སྐལ་བ་ལྡན་ན།།
ལས་མ་དག་སྨོན་ལམ་དབང་གིས།།
གཟུགས་ངན་པ་མིག་ལ་གཙེས་པའི།།
ཟོག་དུད་འགྲོའི་ལུས་རྟེན་བླངས་ཏེ།།
དབང་མེད་པར་བཀོལ་སྤྱོད་བྱས་ནས།།
སྡུག་སྣ་དགུའི་མུན་པ་འཐིབས་ཀྱང་།།
ཆུ་གཙང་བོ་ཡན་ལག་བརྒྱད་ལྡན།།
སྙན་ལྷང་ལྷུང་རྒྱང་ལ་བཞུར་ཞིང་།།
རྩྭ་རམ་དཀར་རྩི་མགོ་ལྡེམ་པའི།།
གནས་སྐྱིད་པོ་ཆུ་བོའི་གཞུང་ནས།།
སྐྱིད་ཉི་མ་འདྲ་ཞིག་ཤར་ཐལ།།
བཞི།
དུས་བཞི་བོའི་འགྱུར་ལྡོག་བར་ནས།།
རྩྭ་སྔོན་པོའི་མངར་ཁ་ཟོས་ཏེ།།
ལུས་བོངས་ཚད་ཆེ་ཆེར་རྒྱས་ནས།།
རྭ་གོར་མོ་རྣོ་ངར་ཤ་ལེར།།
ལུས་རིན་ཆེན་རྩིད་པ་འཇོལ་ལེར།།
ལོ་ཟླ་བའི་འཁོར་བསྐྱོད་ཁྲོད་ནས།།
དཀར་འོ་མའི་དངོས་གྲུབ་གནང་བའི།།
འབྲི་ཐུལ་མའི་གོ་སར་སླེབས་དུས།།
སྨན་བུ་མོ་འཛུམ་མདངས་ཅན་མས།།
དབྱར་ལྷོ་སྤྲིན་མཁའ་ནས་འཕྱུར་འདྲའི།།
ངའི་ཟེ་བའི་རྩིད་པའི་ནང་ལ།།
བལ་དཀར་བོའི་ཚོམ་བུ་བཏགས་ཤིང་།།
ལུས་འབྱུང་བཞི་སྲུང་བའི་མཚོན་ཆ།།
རྭའི་རྩེ་མོ་མར་གྱིས་བརྒྱན་ཏེ།།
དཀར་འོ་མ་བསྲེས་པའི་ཁྲུས་ཆབ།།
ལུས་ཡོངས་ལ་ཡང་ཡང་གཏོར་ནས།།
རྒྱུ་ལོངས་སྤྱོད་རྒྱས་པའི་གཉེན་པོ།།
ནོར་འབྲི་བརྒྱའི་གཡང་ལྷར་བཀུར་ཐལ།།
ཕྱུགས་འཕེལ་ཁ་ཆུ་གཏེར་རྒྱས་རྒྱས།།
ཞོ་འོ་མ་རྒྱ་མཚོ་འཁྱིལ་འཁྱིལ།།
ནོར་ནག་མོ་འབྲོང་ཁྱུ་ཞོགས་ཞོགས།།
ལུག་གཡང་དཀར་སེར་རྡེའུ་ཡར་ཡར།།
ས་རི་ཐང་མེད་པར་ཁྱབ་ནས།།
མ་སེམས་ཅན་སྨོན་པ་ཤོར་ཡོད།།
དེ་ཡིན་ཡང་སྔོན་བསགས་འབྲས་བུས།།
རྒྱུ་ཁྲ་ཁྲ་འཁོར་བའི་གཡང་རྟེན།།
ངའི་བདག་མོ་བྱམས་བརྩེ་ཅན་པོ།།
བོད་སྲིད་པའི་འགྲོ་ཕྱོགས་ཤིག་གིས།།
ཁྱིམ་གཡང་ཚང་འདི་དང་གྱེས་ནས།།
ཚེ་སྔོན་མར་སྨོན་ལམ་བཏབ་པའི།།
ལས་ཐོད་པའི་ཁ་ཡིག་སྙེག་སྟེ།།
སྡེ་གཞན་ཡུལ་འགྲིམ་དགོས་བྱུང་བས།།
དུས་ཉིན་བཟང་སྐར་བཟང་ཞིག་ལ།།
མི་ཤིག་ཤིག་གཡོ་བའི་གསེབ་ནས།།
སྨན་མོ་བརྒྱའི་ནང་གི་དྭངས་རྩེ།།
སྐྱེས་ཕོ་བརྒྱའི་མིག་གི་བདུད་རྩི།།
དྲིན་ཕ་མའི་དཔྲལ་བའི་མིག་འབྲས།།
ནང་ཕུ་ནུའི་སེམས་ཀྱི་གཅེས་ནོར།།
བྱ་རྨ་བྱ་མཚོ་ཁར་ལངས་འདྲའི།།
སྨན་བུ་མོ་མཚར་སྡུག་ཅན་པོའི།།
ལུས་ཚིགས་དྲུག་སྨྱུག་མ་འདྲ་བོར།།
ལིང་སྣ་ལྔའི་གོས་ཀྱིས་བརྒྱན་ཞིང་།།
གཡུ་བྱུ་རུའི་རྒྱན་ཆ་བཏགས་ནས།།
འགྲོ་གོམ་པའི་འདེགས་འཇོག་བསྒྱུར་ཏེ།།
དངུལ་རྣ་རྒྱན་མགུལ་རྒྱན་སིལ་སིལ།།
གོས་ཚ་རུའི་ལྟེབ་མ་ཤིག་ཤིག།
འགྲོས་བསེར་མ་རླུང་ལས་མྱུར་བའི།།
རྟ་གྲོ་སྨུག་གོང་ལ་བུད་དེ།།
གཉེན་ཉེ་དུ་མང་བོས་བསྐོར་ནས།།
ཁྲ་ཆིལ་ལེར་ལམ་ལ་ཆས་དུས།།
སེམས་དྭངས་གཙང་མེ་ལོང་ནང་ལ།།
གསལ་ལམ་མེར་འཁོར་བའི་ཞེན་ཆགས།།
མོས་ཆུང་ནས་གཉོར་སྐྱོང་བྱས་པའི།།
དགུང་སྐར་ཚོགས་ས་ལ་འཐོར་འདྲའི།།
ཕྱུགས་ཁྲ་ཁྲའི་ཕྱོགས་ལ་བལྟས་ཏེ།།
སེམས་སྐྱོ་བའི་སྔམ་པ་འཐེན་ཞོར།།
མིག་ཁྲ་ཆུང་མཆི་མ་ཉིལ་ལེར།།
རྟ་གྲོ་སྨུག་འགྲོས་ལ་བརྟེན་ནས།།
རྒྱབ་དར་གོས་རླུང་གིས་སྐྱོད་ཀྱིན།།
རྡུལ་འཚུབ་བེར་རྒྱང་ལ་ཆས་ཐལ།།
ལྔ།
ལུས་སྐྱེས་གཟུགས་མདའ་ལས་དྲང་ཞིང་།།
སེམས་བསམ་པ་དུང་ལས་དཀར་བའི།།
རྒྱུ་ཁྲ་ཁྲ་འཁོར་བའི་གཡང་རྟེན།།
ཕ་ཕྱུག་པོའི་སྙིང་གི་ནོར་བུ།།
ཆེ་རྒན་པར་གུས་བཀུར་ཆེ་ཞིང་།།
ཆུང་གཞོན་པར་འདང་རྩིས་ཅན་པོར།།
ལུས་ལང་ཚོའི་གཉོམ་ལག་རྒྱས་ཏེ།།
སྨན་ཤར་མའི་རང་མདངས་མངོན་དུས།།
སྤྱིར་འཁོར་བའི་འཁོར་ཕྱོགས་ལྟར་དུ།།
ཡུལ་གཞན་ལ་བག་མར་བརྫངས་ཏེ།།
སྡེ་མི་གཅིག་གཞན་གྱི་ཡུལ་ནས།།
ཕྱིར་བསླེབ་པའི་གོ་སྐབས་མེད་དུས།།
སྦྲ་སྒོ་དར་ཅན་པོའི་ནང་འཛིན།།
རྒྱབ་གོས་མེད་རྒྱ་མོའི་རང་གཟུགས།།
གདོང་འཛུམ་མེད་ཁྲོ་མོའི་སྣང་བརྙན།།
བུའི་ཆུང་མ་གདུག་རྩུབ་ཅན་པོས།།
ང་ཉམ་ཆུང་དུད་འགྲོའི་སྟེང་ལ།།
རྡོ་དབྱུག་པས་ཕྱག་དབང་སྐུར་བཞིན།།
ཚིག་དམོད་མོས་རྡོ་ཆར་ཕབ་ནས།།
བདུད་ནག་པོའི་རང་གཟུགས་བསྟན་ཏེ།།
ཞག་ཉི་མའི་འཆར་ནུབ་བར་ནས།།
ལུས་ཕྱི་ནང་སྡུག་ལ་སྦྱོར་དུས།།
དྲིན་བྱམས་ལྡན་མ་ལས་ལྷག་པའི།།
གནས་གཞན་ཡུལ་འགྲིམ་པའི་མ་མ།།
སྨན་བུ་མོ་འཛུམ་དཀར་ཅན་པོའི།།
བཟང་བྱམས་བརྩེ་ཡིད་ལ་དྲན་གི།།
མོས་དབྱར་གསུམ་རི་བོའི་རྩེ་དང་།།
དགུན་ཟླ་གསུམ་ཆུ་བོའི་གཞུང་ནས།།
ལུས་ལྟོགས་སྐོམ་ངལ་བ་སྤངས་ཏེ།།
ཕྱུགས་ཁྲ་ཁྲའི་བདེ་སྡུག་བསམ་དུས།།
མོར་འཚོ་བའི་ལམ་རྒྱགས་མེད་ཀྱང་།།
ཡི་མུག་པའི་ཚོར་བ་མི་འདུག།
ལུས་གཟུགས་པོ་རིད་པར་གྱུར་ཡང་།།
སེམས་སྐྱོ་བའི་སྣང་བ་མ་དགོས།།
གླུ་སྙན་མོ་ངག་ལ་འགུགས་ཞོར།།
ཡིད་མགུ་བས་འཛུམ་དཀར་སྤྲོས་འོངས།།
དགུན་ཁ་བས་འཛིན་མ་གཡོག་དུས།།
ཕྱུགས་ལྷས་ར་གྲུ་བཞིའི་ནང་གི།།
ལུས་ཉམ་ཆུང་ང་ཚོའི་སྔོན་ལ།།
རྩྭའི་གཟན་ཆས་ཅི་འདོད་གཏོར་ནས།།
སེམས་སླད་མེད་བརྩེ་བ་གླན་དུས།།
ལྟོགས་སྐོམ་པའི་ངལ་བ་མི་འདུག།
ངའི་བདག་མོ་སོང་བའི་རྗེས་ནས།།
ཁྲ་ཆིལ་ལེར་ལྷས་ར་ཁེངས་པའི།།
སྨན་བུ་མོའི་བསོགས་པའི་རྒྱུ་ནོར།།
སྟོན་ཨ་བྲས་བསྒྲུགས་པའི་རྩྭ་ཕུང་།།
དགུན་མཛོ་མོའི་ཁ་ཟས་བཞིན་དུ།།
ཁྲེལ་མེད་པའི་བུ་དང་མནའ་མས།།
དྲིན་ཕ་མའི་ཞལ་གསུང་བཞིན་དུ།།
སེམས་བསམ་པས་གཉོར་རྒྱུ་ཕར་ཞོག།
རང་སྐྱིད་ས་བདེ་སར་སྙེག་ནས།།
ས་གར་སོང་ས་ནས་བསྐྱུར་ཏེ།།
སྤྱང་དར་མས་རི་ནས་བསད་ཅིང་།།
མི་འཁྱམ་པོས་ལྐོག་ནས་དེད་དེ།།
རྒྱུ་མར་ངོའི་ཟླ་བཞིན་བྲི་བའི།།
དོན་མཇུག་འབྲས་ངན་པ་མཐོང་དུས།།
བུ་འཁྱམ་པོའི་ཆུང་མ་བདུད་མོས།།
དྲིན་ཕ་མ་མེད་པའི་ཤུལ་ནས།།
ཕོ་ཁྱོ་ག་མགོ་ཡང་དེ་ལ།།
སེམས་གཡོ་སྒྱུས་འཁྲབ་སྟོན་ལམ་ནས།།
སྐེར་འཇུས་ནས་སྙིང་གཏམ་ཚུལ་དུ།།
ངག་སྙན་མོའི་ཚིག་གསུམ་བཤད་ནོ།།
ཕྱུགས་ཤ་ཤེད་མ་ལྷུང་གོང་ལ།།
རྒྱ་ཤན་པའི་བཤས་རར་ཕབ་ནས།།
དངུལ་སྒོར་མོ་ལག་ཏུ་ཚུད་ཚེ།།
སྨད་རྒྱ་གྲོང་ཁང་བརྩེགས་ནང་ནས།།
ཚེ་གང་བོར་སྐྱིད་ལ་རོལ་ན།།
མིར་སྐྱེས་པའི་སྙིང་བོ་མིན་ནམ།།
དེ་ཟེར་ནས་ཁྱོ་གའི་སྙིང་ལ།།
མོས་ཡང་ཡང་ཚིག་གིས་བསྣུན་སོང་།།
དྲུག
དབྱར་ཟླ་གསུམ་སྨུག་པའི་ཁྲོད་ནས།།
བྱ་ཁུ་བྱུག་ལྷང་ལྷང་གྲགས་ཤིང་།།
ཁྲ་ལྡེམ་ལྡེམ་མེ་ཏོག་ཚལ་ནས།།
འབུ་སྦྲང་མས་གླུ་དབྱངས་ལེན་སའི།།
གནས་སྐྱིད་པོ་རང་བྱུང་ཁམས་ཀྱི།།
སྤང་སྔོན་མོ་གཡུ་མདོག་ཅན་པོ།།
སྟོན་ཟླ་གསུམ་ལྷག་རླུང་དབང་གིས།།
སེར་ལམ་མེར་གསེར་ཞུན་འཁྱིལ་དུས།།
ལས་དགེ་སྡིག་བླང་དོར་བྲལ་ཞིང་།།
ཁྲེལ་ངོ་ཚའི་གནས་ལུགས་མེད་པར།།
དུས་རྒྱུན་དུ་རྒྱ་སྲང་ཉུལ་ཞིང་།།
ཞག་ཉིན་མཚན་དབྱེར་མེད་ཀུན་ཏུ།།
ཕག་བཞིན་དུ་ཉལ་རྒྱུར་དགའ་བའི།།
ངའི་བདག་པོ་ཁྱོ་ཤུག་གཉིས་ལ།།
རྟོགས་དཀའ་བའི་འདུར་རྒྱུག་མོད་ཀི།།
ལྐོག་ལྐོག་ན་གསང་གཏམ་མང་གི།།
ངའི་ཡ་ཆུང་གངས་དཀར་སེམས་ལ།།
སྨུག་བཞིན་དུ་རྣམ་རྟོག་ལངས་ཐལ།།
སེམས་རྣམ་རྟོག་ཅི་འདྲ་སྐྱེས་ཀྱང་།།
ལུས་དམན་པའི་དུད་འགྲོའི་རིགས་རྣམས།།
ཁྱིམ་བདག་པོའི་དབང་ཤུགས་འོག་ནས།།
ནམ་ཡིན་ཡང་ཐར་ཐབས་ཅི་ཡོད།།
ཉིན་གཅིག་གི་ཉི་མ་ཞིག་ལ།།
སྐྱ་གསལ་ལེར་སྐྱ་རེངས་ཤར་ཏེ།།
བྱེའུ་ཅོ་ཀ་མཁའ་ནས་གྲག་དུས།།
ཁྱིམ་བདག་མོ་བདུད་མོ་འདྲ་བོས།།
ངའི་རྔོག་མའི་ནང་ལ་དཔྱངས་པའི།།
བལ་དཀར་བོའི་ཚེ་མདུད་སྲུང་ཐག།
གྲི་རྣོན་པོས་རྩ་ནས་བྲེགས་ཏེ།།
སེམས་ཕངས་མེད་ས་ལ་གཡུགས་ཐལ།།
བོད་ཁ་བའི་སྲོལ་ལས་འདས་པའི།།
མོའི་ཚུལ་མིན་སྤྱོད་པ་མཐོང་དུས།།
སེམས་གཤིས་ཀ་བལ་ལས་འཇམ་ཞིང་།།
བྱམས་བརྩེ་བ་མ་ལས་ལྷག་པའི།།
ངས་སེམས་དཀར་བདག་མོ་དྲན་ནས།།
ཡིད་སྐྱོ་བཞིན་རྒྱང་ལ་བལྟས་དུས།།
སྨན་བུ་མོ་མཐོང་རྒྱུ་མེད་ཀྱང་།།
རྒྱང་རིང་བོའི་གཞུང་ལམ་སྟེང་ནས།།
འཇིགས་ཆེ་བའི་རླངས་འཁོར་ཞིག་གིས།།
ཚུར་སྙེག་སྟེ་གན་ལ་ཐོན་ཐལ།།
ཁྱི་ལྟ་བུའི་རྒྱུ་བདག་དེ་ཡིས།།
མི་ཆ་མེད་རྒྱུས་མེད་ཅིག་ལ།།
གཏམ་ཕར་ལབ་ཚུར་ལབ་བར་ནས།།
སྒོར་ཤག་སེར་བརྩིས་པའི་རྗེས་སུ།།
སྨན་བུ་མོས་བསོགས་པའི་རྒྱུ་ཟོག།
ཉིན་གཅིག་ལ་ཡུ་མེད་བཏང་ཐལ།།
འགྲོས་མྱུར་བའི་སྐྱེལ་འདྲེན་རླངས་འཁོར།།
ཤིང་ཐར་ཐོར་འཕྲང་ལམ་བརྒྱུད་ནས།།
ལམ་གྱ་གྱུའི་རི་མོ་དེད་དེ།།
སྐྱི་གཡའ་བའི་བཤས་རར་ཐོན་ནས།།
དྲི་ངན་པས་ས་སྟེང་ཁྱབ་ཅིང་།།
རྒྱ་ཤན་པའི་གདུག་སྤྱོད་མཐོང་དུས།།
ཡིད་སྐྱོ་བའི་སྔམ་པ་འཐེན་ཞོར།།
ཕྱོགས་ཀུན་ལ་མིག་གིས་བལྟས་ན།།
ཤ་རུས་པ་རི་ལྟར་བརྩིགས་ཤིང་།།
ཁྲག་དྲོན་མོ་མཚོ་ལྟར་འཁྱིལ་བའི།།
སྔར་མ་མཐོང་བཤས་རའི་ནང་ནས།།
ཤི་དམྱལ་བ་མངོན་སུམ་མཐོང་ཐལ།།
བལྟ་མི་བཟོད་དངངས་སྐྲག་ཁྲོད་ནས།།
ལུས་ལྕང་ལོ་འདར་འདར་བྱེད་དུས།།
འཇིགས་ཡེར་བའི་ལས་མཁན་དག་གིས།།
ལུས་ཞགས་ནག་འདོམ་དགུས་བཀྱིགས་ཏེ།།
གྲི་རྣོན་པོ་མགུལ་བར་བཙུགས་ནས།།
ཁྲག་དམར་བོའི་ཡུར་ཆུ་འཐེན་ཐལ།།
དབུགས་ཕྲ་མོ་མ་ཆད་གོང་ལ།།
གྲི་ངར་མས་ལྟོ་བ་གཤགས་ནས།།
རྒྱབ་ཀོ་བའི་ཡོལ་བ་ཕྱེས་ཏེ།།
ཚིལ་དཀར་བོ་ཁོང་ནས་ཕྱུང་ཞིང་།།
སྟོད་གློ་མཆིན་དྲུང་ནས་འབྱིན་གྱིན།།
སྨད་གྲོད་ཁོག་ས་ལ་འཕངས་ནས།།
ངའི་རྣམ་ཤེས་སྦྲང་མ་འདྲ་བོ།།
ཚེ་ཕྱི་མའི་ཡུལ་ལ་མངགས་ཐལ།།