སྒྲུང་གཏམ་གྱི་ཚིག་སྦྱོར་ལས་དཔེ་འཇལ་གྱི་གལ་ཆེན་རང་བཞིན་སྐོར་བཤད་པ།

བཀྲ་ཤིས་དོན་གྲུབ། ﹙ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06


        ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཙོ་བོ་སྒྲུང་གཏམ་གྱི་ཚིག་སྦྱོར་སྤེལ་བའི་ཚེ་ན་དཔེ་འཇལ་གྱི་འབྲི་ཐབས་བཀོལ་ཚེ་དགེ་མཚན་ཆེ་བ་གང་ཞིག ཕྱི་གླིང་དང་རྒྱ་ནག བོད་རང་གི་གནའ་རབས་དང་དེང་རབས་ཀྱི་རྩོམ་རིག་ལས་ལུངས་དང་དཔེ་དྲངས་ནས་བརྗོད་པ་བརྒྱུད་དེ། བོད་ཀྱི་སྒྲུང་གཏམ་པ་དག་གིས་ཚུལ་དེར་མཉམ་འཇོག་དགོས་པའི་ཐད་ལ་དཔྱད་ཞིབ་ནན་མོ་བགྱིས་ཡོད།
        བརྡ་ཆད་གཙོ་བོ། དཔེ་འཇལ། གཟབ་འབྲི། སྣང་བརྙན་དོད་པ། མཛེས་ཚོར། སྐད་ཆའི་སྒྱུ་རྩལ།
        མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“རྩོམ་དང་སྙན་ངག་ཕུན་སུམ་ཚོགས་པ་ཞིག་འབྲི་བ་ལ་རང་གི་ལུང་བའི་སྐད་དེ་ལ་གཏིང་ནས་གོམས་འདྲིས་མཐིལ་ཕྱིན་པ་ཞིག་མེད་ན། ཚིག་དོན་དང་སྒྲ་དོན་སྦྱོར་ཚུལ་སྙན་མོ་དང་ཟབ་པོ་ཞིག་ཡོང་རྒྱུ་ཁག་པོ་རེད་འདུག……སོག་པོ་མཁས་པའི་ནང་ནས་བསྟན་དར་ལྷ་རམས་པ་ཙམ་མ་གཏོགས་སོག་པོ་སུས་ཀྱང་བོད་ཡིག་ཐོག་ཏུ་རྩོམ་པ་བོད་པ་འདྲ་བ་ཞིག་ཐོན་ཐུབ་གྱི་མི་འདུག་པས། དེ་ནི་རང་གི་ཡུལ་སྐད་དེ་ལ་འདྲིས་མ་འདྲིས་རང་རེད་འདུག”ཅེས་གསུངས་པ་ལྟར། ཕུལ་དུ་བྱུང་བའི་རྩོམ་པ་བོ་ཞིག་ཏུ་འགྱུར་བར། ཐོག་མར་རང་གི་མི་རིགས་ཀྱི་སྐད་དང་ཡི་གེར་བྱང་ཆ་ངེས་ཅན་ཡོད་རྒྱུ་ནི་ཧ་ཅང་གཙོ་སྟེ། དེ་ཡང་སྐད་ཆ་དེར་བྱང་ཆ་ཡོད་པ་ཙམ་གྱིས་མི་ཆོག་པར། དེའི་བརྡ་སྤྲོད་ཀྱི་གཞུང་ལ་ནང་བྱན་ཆུད་པར་བྱས་ཐོག རང་ལ་གང་མཁོའི་མིང་དང་ཚིག་གི་ཚོགས་རྣམས་སྦྲང་མས་སྦྲང་རྩི་གསོག་པ་ལྟར་ཡུན་རིང་བསགས་ཏེ་ཕྱུག་པོར་བཏང་བ་བརྒྱུད། བརྗོད་འདོད་ཀྱི་དངོས་པོ་གང་ཞིག་རྗོད་བྱེད་ཚིག་གིས་མཚོན་པར“སྨྱུག་རྩེ་འཕྲུལ་གྱིས་ཁ་ལོ་བསྒྱུར”འདྲའི་ཚད་ལ་བསླེབ་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་འདྲའི་དམིགས་ཚད་ལ་བསླེབ་པར་བྱ་སླད། བོད་ཀྱི་རྩོམ་པ་བོ་དག་གིས་རང་རེའི་དམངས་ཁྲོད་རྩོམ་རིག་སྣ་ཚོགས་པར་སློབ་སྦྱོང་བྱས་པ་དང་མཉམ་དུ། སྔོན་བྱོན་མཁས་པས་མཛད་པའི་བསྟན་བཅོས་དང་རྒྱལ་ཁབ་ཕྱི་ནང་གི་རྩོམ་པ་བོ་གྲགས་ཅན་དག་གིས་བརྩམས་པའི་ཕུལ་བྱུང་བརྩམས་ཆོས་གང་བཟང་ལ་ལྟ་ཀློག་དང་ལད་ཟློས་བྱས་པར་བརྟེན། དེང་རབས་བོད་ཀྱི་རྩོམ་རིག་དང་སྒོས་སུ་སྒྲུང་གཏམ་གསར་རྩོམ་གྱི་ཚིག་སྦྱོར་དེ་འཕེལ་རྒྱས་ཆེན་པོར་བཏང་ཡོད་ནའང་། དེ་ལས་མི་སྣའི་སྣང་བརྙན་སློང་སྐྲུན་དང་ཀློག་མཁན་གྱི་སེམས་པ་འགུགས་པར་ནུས་པ་ཆེ་ཆེར་ལྡན་པའི་དཔེ་འཇལ(比喻)གྱི་འབྲི་ཐབས་དེ་བཀོལ་སྤྱོད་བྱས་པ་ཅུང་ཉུང་བས། བོད་ཀྱི་རྩོམ་པ་བོ་རྣམས་ཀྱིས་རང་ངོས་ཀྱི་ཞན་ཆ་འདི་གསར་རྩོམ་གྱི་ལག་ལེན་ཁྲོད་ཡོ་བསྲང་ཅི་ཐུབ་བགྱིས་ཏེ། དཔེ་འཇལ་གྱི་འབྲི་ཐབས་དེས་བོད་ཀྱི་དེང་རབས་སྒྲུང་གཏམ་གསར་རྩོམ་ལས་ཚིག་སྦྱོར་སྤེལ་སྟངས་ཁྲོད་ནུས་པ་མི་དམན་པ་ཞིག་གདོན་པར་བྱ་རྒྱུ་ནི་སྣང་ཆུང་བྱེད་མི་རུང་བའི་གནད་ཅིག་ཏུ་གྱུར་ཡོད་པར་སེམས།
        སྤྱིར“དཔེ་འཇལ”ཞེས་པའི་མིང་ཚིག་འདིར་བོད་ནང་དེང་སང“དཔེ་འཇོག”དང“དཔེ་འགོད།” “དཔེ་རྒྱན”སོགས་རང་རང་གི་མོས་པ་བཞིན་བཏགས་ཤིང་བཀོལ་སྤྱོད་བྱེད་བཞིན་ཡོད་དེ། དེ་ནི་དོན་ལ་རྒྱའི་རྩོམ་རིག་གི་གཞུང་ལུགས་སུ“དཔེ་ཅན་གང་མཚོན་པར་དེ་མཚུངས་ཀྱི་དཔེ་དག་བཀོད་ནས་གཟབ་འབྲི་དང་གསལ་བཤད་བྱས་པ་བརྒྱུད། དཔེ་ཅན་དེ་ཉིད་གསོན་ཉམས་ལྡན་ཞིང་སྣང་བརྙན་དོད་ལ། བྱེ་བྲག་ཏུ་མཚོན་ནུས་པ་ཞིག་ལ་ཟེར”ཞེས་མཚན་ཉིད་བཞག་ཡོད་པ་ལྟར་གོ་བར་བྱེད་དགོས། མཚན་ཉིད་དེ་དང《མེ་ལོང་མ》ཡི་གཞུང་ལས་བསྟན་པའི་དཔེ་རྒྱན་སྤྱིའི་མཚན་ཉིད“དཔེ་དོན་ཐ་དད་བཀོད་པ་ལས།། མཚུངས་པར་རྟོགས་བྱེད་དཔེ་རྒྱན་ཡིན”ཞེས་པ་གཉིས་ཕལ་ཆེར་འདྲ་ནའང་། ཕྱི་མ་ནི་རྒྱན་གཙོ་བོར་སོང་བས། འདིར་རྒྱའི་རྩོམ་རིག་གི་གཞུང་ལུགས་ལ་བསྟུན་ན་གོ་བདེ་བར་སེམས་པས“དཔེ་འཇལ”ཞེས་དོན་བསྒྱུར་བྱས་པའོ། །
        དེ་ཡང“རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་བ་ཡིན”ཟེར་བ་ལྟར། རྩོམ་རིག་གི་སྐད་ཆའང་སྤྱི་ཚོགས་འཚོ་བའི་གྲུབ་ཆ་གཙོ་བོ་སྟེ་མི་དམངས་མང་ཚོགས་ཀྱི་ངག་ན་ཐོན་བཞིན་ཡོད་པས་ན། ང་ཚོས་སེམས་ཞིབ་མོས་ཁོ་ཚོའི་རྒྱུན་སྤྱོད་ཀྱི་སྐད་ཆ་ལ་ཉན་སྐབས། དཔེ་འཇལ་གྱི་མཚན་ཉིད་ཡོངས་སུ་ཚང་བའི་ཚིག་སྦྱོར་ཏེ། དཔེར་ན“དགུང་སྔོན་པོ་ཐང་ལ་ལྷུང་འདྲ་བོ། ། མཚོ་སྔོན་པོ་ཁྲི་ཤོར་རྒྱལ་མོ་རེད། ། ཅེས་པ་ལྟ་བུའམ། ཡང་ན“ཡག་མོ་སྒོ་བཅོ་ལྔའི་དུང་ཟླ་འདྲ། ། ཚིག་བཤད་ནོ་རྗེ་བཙུན་མགུར་མ་འདྲ། ། ཞེས་པ་ལྟ་བུ་དང་། ད་དུང“ཐང་ཆེན་པོ་ཁེ་སི(ས་གདན)བཏིངས་འདྲ་རེད། ། དཔོན་ཆེན་པོ(ཚ་ཚ)བཞེངས་འདྲ་རེད། ། ཅེས་པ་སོགས་གསོན་ཉམས་ལྡན་ཞིང་སྣང་བརྙན་དོད་པའི་སྐད་ཆ་མང་དུ་གོ་རྒྱུ་ཡོད་པ་མ་ཡིན་ནམ། གོང་གསལ་གྱི་ཚིག་སྦྱོར་དེ་ལྟ་བུ་དག་ནི་རང་རེའི་རྩོམ་པ་བོ་རྣམས་ལ་མཚོན་ན་ལས་སྣོན་གང་ཡང་བྱེད་མི་དགོས་པར་སྒྲུང་གཏམ་ནང་གང་ལ་གང་འཚམ་དུ་སྤྱད་ཆོག་ཆོག་ཡིན་ནའང་། བོད་ཀྱི་སྒྲུང་གཏམ་གསར་རྩོམ་ཁྲོད་ཚིག་སྦྱོར་འདི་རིགས་ཅུང་ཉུང་བ་ནི་ཡིད་ཕངས་པའི་གནས་སོ། །
        སྤྱིར་རྩོམ་རིག་གི་སྐད་ཆ་ཞེས་པ་ནི་རྩོམ་མཁན་གྱིས་སྣང་བརྙན་གསར་བཟོ་བྱེད་ཆེད་རྩོམ་རིག་བརྩམས་ཆོས་ནང་བཀོལ་སྤྱོད་བྱས་ཡོད་པའི་སྐད་ཆར་གོ་བས་ན། དེ་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི་སྣང་བརྙན་རང་བཞིན་ལྡན་མི་ལྡན་གྱི་སྟེང་ན་ཡོད། དེ་ལས། རྩོམ་རིག་གི་སྐད་ཆར་སྣང་བརྙན་རང་བཞིན་ལྡན་དུ་འཇུག་པར་དཔེ་འཇལ་གྱི་འབྲི་ཐབས་ནི་ཕུལ་བྱུང་རྩོམ་པ་བོ་རྣམས་ཀྱིས་མ་སྤྱད་རང་སྤྱད་དུ་སོང་ཡོད་ཚུལ་ནི་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་བརྩམས་ཆོས་དག་ལས་རྒྱུན་དུ་མཐོང་བར་ངེས་ཏེ། དཔེར་ན་ཆི་ཁོ་ཧྥུ་ཡིས་བརྩམས་པའི་སྒྲུང་ཐུང《མདོག་འགྱུར་ད་བྱིད》ཅེས་པའི་མགོ་སློང་དུས“ཉེན་རྟོག་དཔོན་པོ་ཨོ་ཁྲུའུ་མོ་ཧྥུས་དམག་གི་ལྭ་རིང་གསར་བ་ཞིག་གོན་ཞིང་། ལག་ཏུ་ཀོ་ཁུག་བཟུང་ནས་ཚོང་འདུས་ཀྱིས་ར་བ་འཕྲེད་དུ་བཅད་ནས་སླེབས། ཁོའི་ཕྱི་རྗེས་སུ་སྐྲ་དམར་བོ་མེ་དང་འདྲ་བའི་ཉེན་རྟོག་པ་ཞིག་འབྲངས་ཡོད་པ་དེའི་ལག་ཏུ་གཞུང་བཞེས་བྱས་པའི་སྐྱུར་ཏོག་ཁྲོལ་ཚགས་གང་བཟུང་འདུག ཕྱོགས་བཞི་འཇམ་ཐིང་ངེར་ཡོད་པ་དང་། ཐང་རའི་ནང་དུ་མི་གཅིག་ཀྱང་མཐོང་མི་ཐུབ། ཚོང་ཁང་དང་ཟ་ཁང་གི་སྒོ་རྣམས་ནག་ཧང་ངེར་གོང་མ་ལྷས་བསྐྲུན་པའི་འཇིག་རྟེན་འདིར་བཀྲེས་སྐོམ་གྱིས་གདུང་བའི་ཁ་ཆེན་པོ་མང་བོ་གདངས་ཡོད་པ་དང་འདྲ”ཅེས་བྲིས་ཡོད་པ་ལྟ་བུར་མཚོན་ན། ཚན་པ་གཅིག་གི་ནང་དུ“སྐྲ་དམར་བོ་མེ་དང་འདྲ”ཞེས་དང་། ཡང“བཀྲེས་སྐོམ་གྱིས་གདུང་བའི་ཁ་ཆེན་པོ་མང་བོ་གདངས་ཡོད་པ་དང་འདྲ”ཞེས་དཔེ་འཇལ་གྱི་འབྲི་ཐབས་སྔ་ཕྱི་ལན་གཉིས་བྱུང་ཡོད་དེ། དཔེ་འཇལ་གྱི་འབྲི་ཐབས་འདི་ལྟར་བཀོལ་སྤྱོད་བྱས་པ་ཡིས། ཉེན་རྟོག་པ་དེའི་སྣང་བརྙན་ལ་གསོན་ཉམས་དོད་དུ་བཅུག་པའི་མཚུངས་སུ། ལྷིང་འཇགས་ཀྱི་ཐང་རའང་རི་མོར་བྲིས་པ་ལྟར་ཀློག་མཁན་གྱི་མིག་གི་དཔྱིད་དུ་གྱུར་ཏེ། སྒྲུང་གཏམ་གྱི་སྒྲིག་གཞི་ཚགས་ཇེ་དམ་དང་བརྗོད་བྱ་གཏིང་ཇེ་ཟབ་ཏུ་གཏོང་བ། མི་སྣའི་སྣང་བརྙན་དང་ཁོར་ཡུག་གི་སྤྲོས་བརྗོད་གསོན་ཉམས་ཅན་དུ་གཏོང་བར་རྨང་གཞི་བརྟན་པོ་གདིང་བར་ཕན་ནུས་རྒྱ་ཆེན་པོ་ཐོན་ཡོད་པ་རེད།
        རྒྱལ་ནང་ལ་མཚོན་ན་སྐུ་ཞབས་ལུའུ་ཞུན་གྱིས་མཛད་པའི་སྒྲུང་གཏམ《ཨQརྣམ་ཐར》གྱི་ལེའུ་དགུ་པའི་ནང་གི“མཉམ་འཛོམས་ཆེན་པོ”ལས“ཐེལ་གྱི་རི་མོ”ཞིབ་འབྲི་བྱེད་དུས་ཀྱང་དཔེ་འཇལ་གྱི་འབྲི་ཐབས་འདི་བཀོལ་སྤྱོད་བྱས་འདུག “ཨQཡིས་རི་མོ་སྒོར་སྒོར་ཞིག་འབྲི་བར་བརྩམས་ཀྱང་སྨྱུག་གུ་འཛིན་བྱེད་ལག་པ་ལ་རང་དབང་མེད་པར་འདར་འདར་བྱས། མི་དེས་ཁོའི་ཚབ་ཏུ་ཤོག་བུ་ཐང་ལ་བཏིངས། ཨQམར་སྒུར་ནས་སྟོབས་ཤུགས་ཡོད་ཚད་ཀྱིས་རི་མོ་སྒོར་སྒོར་ཞིག་བྲིས། ཁོས་མི་གཞན་གྱིས་འཕྱ་སྨོད་བྱེད་པར་དོགས་ནས་རི་མོ་སྒོར་སྒོར་ཞིག་འབྲི་རྩིས་ཡོད་ཀྱང་། ལྟས་ངན་དུ་གྱུར་པའི་སྨྱུག་གུ་དེ་ཤིན་ཏུ་ལྕི་བར་མ་ཟད། ཁ་ལོ་སྒྱུར་སླ་བ་ཞིག་ཀྱང་མ་ཡིན་པས། འདར་འདར་བྱས་པའི་དབང་གིས་སྨྱུག་རྩེ་ནི་ཁ་ཟུམ་ལ་ཡོད་པའི་མཚམས་ནས་ཕྱིར་ཤོར་ཏེ་མཐའ་མར་ཆུ་ཀུབ་ཀྱི་འབྲས་བུ་དང་འདྲ་བའི་རི་མོ་སྣེ་རིང་ཞིག་བྲིས་སོང”ཞེས་བཀོད་པ་ལྟ་བུར་མཚོན་ན། མཇུག་སྡུད་པར་བྱེད་པའི་ཚིག་རྐང་རིལ་བོ་དེའི་ནང་དུ“ཆུ་ཀུབ་ཀྱི་འབྲས་བུ་དང་འདྲ་བ”ཞེས་བྲིས་ཡོད་པ་ནི་ནུས་པ་ཆེས་ཆེར་ལྡན་པའི་དཔེ་འཇལ་གྱི་འབྲི་ཐབས་ཤིག་སྟེ། དེ་ལྟར་བྲིས་པས་ཨQནི་ཚོར་བ་རྟུལ་ཞིང་བློ་མིག་ལྡོངས་ལ། གོ་རྟོགས་ཞན་པ་ཞིག་ཡིན་པ་ལས་གཞན། ཁོའི་སེམས་ཀྱི་རྒྱལ་ཁ་སྒོམ་ཐབས་སྤྱོད་པའི་རང་བཞིན་གྱི་ཁྱད་ཆོས་གཙོ་བོ་དང་། དེའི་ཤུགས་ཀྱིས་བསྟན་པའི་སྐྱོ་བའི་ཟློས་གར་གྱི་ནང་དོན་སྔར་ལས་ལྷག་པའི་གཏིང་ཟབ་ཅན་དང་སྟོབས་ཤུགས་ཅན་དུ་བསྒྱུར་བར་ནུས་པ་མི་དམན་པ་ཞིག་བཏོན་ཡོད་པ་ལྟ་བུ་དང་། ཡང་ཝང་ཡོན་ཅིན་གྱིས་བརྩམས་པའི་སྒྲུང་གཏམ《འབར་ཞུན་རྐང་བདུན》ཞེས་པར་མཚོན་ནའང་དཔེ་འཇལ་གྱི་འབྲི་ཐབས་དེ་གསོན་ཉམས་ལྡན་ཞིང་སྣང་བརྙན་དོད་པའི་སྒོ་ནས་བཀོལ་སྤྱོད་བྱས་འདུག སྒྲུང་གཏམ་དེར“ནམ་གསལ་ལ་ཉེ་བའི་སྐབས་སུ་ཆར་བ་འབབ་མཚམས་བཞག རྩྭ་ཐང་གི་ནམ་ཟླ་དངོས་གནས་ཡ་མཚན་ཞིག་སྟེ། ཟླ་འོད་གསལ་ཞིང་སྐར་མ་ཉུང་བའི་ནམ་ཟླ་ཡག་པོ་ཞིག་ཡིན་བཞིན་དུ། གློ་བུར་གྲང་བའི་བསིལ་རླུང་ཞིག་གཡུག་པས་ཆུ་འཛིན་སྟུག་པོ་དག་ས་ནས་འཕྱུར་བ་བཞིན་གཡོས་ཏེ། སྐད་ཅིག་ཉིད་ལ་ཀུན་གསལ་བུ་མོའི་ཁྱོན་ཀུན་བསྒྲིབས། དེ་ནས་ཆར་ཞོད་ཆེན་པོ་ཞིག་སེར་བ་སྟར་ཁ་འདྲ་བ་དག་དང་བསྡེབས་ནས་བབས་པའི་ཚེ། ལུའུ་ཅུན་ཡུན་གྱིས་སྡོང་གསེབ་ནས་མགོ་བོ་བཏེགས་ཏེ་ཕྱོགས་བཞིར་བལྟས་ཙ་ན། རྩྭ་ཐང་ཀུན་པོ་ཆར་སྨུག་གིས་བཏུམས་ཏེ་མིའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་ལ། སྐད་ཆའི་སྒྲ་ཙམ་ཡང་གོ་རྒྱུ་མི་འདུག ཆར་བ་དྲག་པོས་ཁྲུས་གསོལ་བྱས་པའི་རྩྭ་ལྡུམ་ནི་སོ་མང་གི་ཤད་པ་དང་འདྲ་བར་འདམ་གྱི་ནང་དུ་འགྱེལ་ནས་འདུག་པས། ལམ་ཡང་གསལ་བོ་ཞིག་མཐོང་མི་ཐུབ་པར་གྱུར”ཅེས་པའི་ཚན་པ་ཐུང་ངུ་གཅིག་གི་ནང་དུའང“ཆར་ཞོད་ཆེན་པོ་ཞིག་སེར་བ་སྟར་ཁ་འདྲ་བ་དག་དང་བསྡེབས་ནས་བབས་པའི་ཚེ”ཞེས་དང་། ཡང“ཆར་བ་དྲག་པོས་ཁྲུས་གསོལ་བྱས་པའི་རྩྭ་ལྡུམ་ནི་སོ་མང་གི་ཤད་པ་དང་འདྲ་བར་འདམ་གྱི་ནང་དུ་འགྱེལ་ནས་འདུག”ཅེས་དཔེ་འཇལ་གྱི་འབྲི་ཐབས་སྔ་ཕྱི་གཉིས་བྱུང་ཡོད་དེ། འབྲི་ཐབས་དེ་ཚན་པ་ཐུང་ངུ་གཅིག་གི་ནང་དུ་འདི་ལྟར་གང་ལ་གང་འཚམ་དུ་བཀོལ་སྤྱོད་བྱས་པ་ཡིས། དམར་དམག་རྒྱང་སྐྱོད་ལ་འགྲོ་སའི་ས་ཁུལ་གྱི་ནམ་ཟླ་ནི་ཡ་ང་ཞིང་འགྱུར་བག་རྒོད་ལ། ཉེན་ཁ་དང་ལྡན་པ་ཞིག་ཡིན་ཚུལ་གསོན་ཉམས་ལྡན་པར་བཏང་ཡོད་པའི་ཞར་ལ། དེ་འདྲའི་ཁོར་ཡུག་རྩུབ་མོར་ཁ་གཏད་དུ་འགྲེང་ནུས་པའི་དམར་དམག་འཐབ་མོ་པའི་གསར་བརྗེ་བྱེད་འདོད་ཀྱི་སེམས་ཤུགས་དང་ཞུམ་པ་མེད་པའི་སྙིང་སྟོབས། བླ་ན་མཐོ་བའི་ཀུན་སྤྱོད་ལས་གཞན། གསར་བརྗེའི་སྤྲོ་སྣང་རིང་ལུགས་དང་གསར་བརྗེའི་དཔའ་བོ་རིང་ལུགས་ཀྱི་ཉམས་སྣང་བཅས་ཀྱང་གསལ་རྗེན་དུ་མཚོན་ཐུབ་ཡོད་པ་མ་ཡིན་ནམ།
            བོད་རང་ལ་མཚོན་ན་དཔེ་འཇལ་གྱི་སྐད་ཆ་དེ་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བ་གོང་དུ་གླེང་ཟིན་པ་ལྟར་ལགས་པ་ཕུད། འབྲི་ཐབས་དེའི་རིགས་བཀོལ་སྤྱོད་བྱས་པ་ཅུང་མང་བའི་རྩོམ་ལུས་ནི་སྙན་ངག་གི་ནང་སྟེ། དེ་ནི《མེ་ལོང་མ》ལས་དཔེ་རྒྱན་སོ་གཉིས་པོའི་ཤུགས་རྐྱེན་ཐེབས་པ་ཧ་ཅང་གསལ་ཏེ། དཔེར་ན་རྗེ་ཙོང་ཁ་པ་ཆེན་པོས“དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྤུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པ་དགོས། །རྣམ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱོད་དང་དེ་བཞིན་བསྐྱང་འཚལ་ལོ”ཞེས་པ་ལྟ་བུ་དང་། ཡང་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས“ནེའུ་གསིང་གཡུ་ཡི་མཎྜལ་ཕྱིས་འདྲར་སྔོ། །མེ་ཏོག་ཕྲེང་མཛེས་སྐར་ཚོགས་བཞིན་དུ་བཀྲ། །བུང་བའི་མགྲིན་སྒྲ་རྒྱུད་མངས་ལྟར་སྙན་པའི། །དཔྱིད་ཀྱི་དུས་འདི་ལྷ་ཡུལ་ལྟ་བུར་མཛེས”ཞེས་དང་། གཞན་དུ་ན་རྗེ་བཙུན་ཤེས་རབ་རྒྱ་མཚོས“ངེས་པའི་ཚིག་ལ་གོ་བ་མཁའ་ལྟར་ཡངས། །གནད་ཀྱི་དོན་ལ་དགག་སྒྲུབ་ཐོག་ལྟར་རྣོ། །རང་གི་ལུགས་ལ་པད་མའི་ལྗོན་ལྟར་གཙང་། །དེ་འདྲ་མི་འཇིགས་སེང་གེ་སྒྲ་སྒྲོགས་ཡིན”ཞེས་སོགས་གསུངས་པ་ལ་མཚོན་ན། དཔེ་འཇལ་གྱི་འབྲི་ཐབས་དེ་བཀོལ་སྤྱོད་བྱས་པ་ཧ་ཅང་འཚམ་པས། ཚིག་གི་སྡེབ་ཇེ་ལེགས་དང་གོ་བ་ལེན་ཇེ་བདེ། དོན་གྱི་གནད་ཇེ་ཟབ་ཏུ་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད་པའི་དུས་མཚུངས་སུ། བཀླགས་པས་རྣ་ལ་སྙན་ཞིང་བསམས་པས་ཡིད་ལ་འཇེབས་པར་བརྟེན། མིའི་ཡིད་ལ་མཛེས་ཚོར་གྱི་བྲོ་བ་ཟད་མི་ཤེས་པ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་འོང་བ་ལྟ་བུའོ། །
        དེར་མ་ཟད། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་སོགས་རྩོམ་གྱི་ལུས་ལྷུག་མའི་ཁྲོད་དུའང་དཔེ་འཇལ་གྱི་འབྲི་ཐབས་དེ་བཀོལ་སྤྱོད་བྱས་པ་མང་དུ་མཐོང་རྒྱུ་འདུག་ནའང་། འདིར་དེ་ལས་ཚབ་མཚོན་རང་བཞིན་ལྡན་པའི་དཔེ་ཞིག་འདྲེན་པར་བྱེད་པ་ལ། 《རྒྱལ་རབས་གསལ་བའི་མེ་ལོང》དུ། “རྗེའི་མངའ་ཐང་ནི་དགུན་ཁའི་འབབ་ཆུ་བཞིན་བྲི། དགེ་བཅུའི་རྒྱལ་ཁྲིམས་ནི་སོག་རུལ་གྱི་ཕོན་ཐག་བཞིན་ཞིག བོད་འབངས་ཀྱི་བསོད་ནམས་ནི་སྣུམ་ཟད་ཀྱི་མར་མེ་བཞིན་སོང་། ཆབ་སྲིད་ཀྱི་ཕན་བདེ་ནི་ནམ་མཁའི་འཇའ་བཞིན་ཡལ། ནག་ཕྱོགས་ཀྱི་སྤྱོད་པ་ནི་ཡུལ་ངན་གྱི་འཚུབ་མ་བཞིན་ལངས། བཟང་བྱེད་ཀྱི་བསམ་བློ་ནི་མདང་སུམ་གྱི་རྨི་ལམ་བཞིན་བརྗེད”ཅེས་བཀོད་པས་ཀྱང་། བོད་ཀྱི་སྐབས་དེའི་ལོ་རྒྱུས་ཀྱི་གནས་བབ་ནི་ཕྱོགས་ཡོངས་ནས་ཉམས་རྒུད་དུ་འགྲོ་བཞིན་པའི་ཚུལ་དེ་དགུན་གྱི་འབབ་ཆུ་དང་སོག་རུལ་གྱི་ཕོན་ཐག སྣུམ་ཟད་ཀྱི་མར་མེ། ནམ་མཁའི་འཇའ་ཚོན། ཡུལ་ངན་གྱི་འཚུབ་མ། མདང་སུམ་གྱི་རྨི་ལམ་སོགས་སུ་རིམ་པར་དཔེར་བཀོད་པས་ན། དཔེ་ཡིས་དོན་དང་དོན་གྱིས་གནས་ཚུལ་དངོས་ཇི་བཞིན་མཚོན་པར་མེ་ལོང་ལ་གཟུགས་བརྙན་ཤར་འདྲའི་ཕན་ནུས་ཐོན་ཡོད་པ་མ་ཡིན་ནམ།
        གོང་དུ་བཀོད་པའི་དཔེ་གང་དང་གང་ལ་དཔྱད་ཀྱང་། དཔེ་འཇལ་གྱི་འབྲི་ཐབས་དེ་མི་རིགས་སོ་སོའི་སྐད་ཆའི་ཁྲོད་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་སིམ་ཡོད་པར་མ་ཟད། འབྲི་ཐབས་དེ་ཡིས་གནའ་དེང་ཀྲུང་ཕྱི་ཡི་རྩོམ་རིག་ལས་སྐད་ཆའི་སྒྱུ་རྩལ་དེ་གསོན་ཉམས་ལྡན་ཞིང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་ནི་ཧ་ཅང་གསལ་ནའང་། བོད་ཀྱི་དེང་རབས་རྩོམ་རིག་དང་སྒོས་སུ་སྒྲུང་གཏམ་གསར་རྩོམ་གྱི་ཚིག་སྦྱོར་སྤེལ་སྟངས་ཁྲོད་འབྲི་ཐབས་དེ་རིགས་ཅུང་ཉུང་བ་ནི་རྩོམ་མཁན་གྱིས་མ་ཤེས་པའམ། ཡང་ན་ཚུལ་དེར་སྣང་འཇོག་མ་བྱས་པ་གང་ལྟར“འཇིག་རྟེན་གྱི་བྱ་བ་མཐའ་དག་ནི་སྟོན་ཀའི་གནམ་ངོ་དང་འདྲ་བར་འགྱུར་ལྡོག་ཧ་ཅང་ཆེ”ཞེས་པའམ། ཡང་ན“ཁོ་བྱ་འཕུར་བ་ལྟར་རྩྭ་རའི་ཕྱོགས་སུ་བརྒྱུགས”ཞེས་བཀོད་པ་ལྟ་བུ་ལས་གཞན། “གླང་ཆེན་ས་ལ་ཉལ་འདྲའི་རི་བོ”དང“སྤྲིན་དཀར་ཐང་ལ་ལྷུང་འདྲའི་ལུག་ཁྱུ”སོགས་རྒྱུན་མཐོང་དུ་སྣང་བའི་དཔེ་འཇལ་གྱི་འབྲི་ཐབས་འགའ་རེར་འཕྲད་དུ་སྲིད་ཀྱང་། དེ་ནི་སྤྱིར་བཏང་དུ་སོང་བས་ཁྱད་ཆོས་ཆེན་པོ་མ་མཐོང་ལ། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་མཁན་པོ་དག་གིས་སྤེལ་པའི་དཔེ་འཇལ་གྱི་འབྲི་ཐབས་དག་ལ་བསྡུར་རྒྱུ་ལྟ་ཞོག བོད་རང་གི་གནའ་རྩོམ་དག་ལས་མཐོང་བའི་དཔེ་འཇལ་གྱི་འབྲི་ཐབས་དང་ཡང་བསྡུར་ཐབས་ཡེ་ནས་མི་འདུག
        དེ་ཡང་འདི་ནི་བོད་ཀྱི་དེང་རབས་རྩོམ་རིག་ལས་སྒྲུང་གཏམ་གསར་རྩོམ་གྱི་ཚིག་སྦྱོར་སྤེལ་སྟངས་ཁྲོད་དཔེ་འཇལ་གྱི་འབྲི་ཐབས་ལེགས་ཤོས་གཅིག་ཀྱང་སྟོན་རྒྱུ་མི་འདུག་ཅེས་པ་མ་ཡིན་ཏེ། དཔེར་ན་བན་དེ་བཀྲ་ཤིས་ཀྱིས་བརྩམས་པའི་སྒྲུང་ཐུང《འཆི་བདག་གི་ཞགས་པས་ཟིན་དུས》ཞེས་པའི་མགོར“ཕ་གིའི་རྩིག་པ་དཀར་པོའི་ངོས་ན། འོད་སེར་བོའི་ཕུང་བོ་བྱ་སྒོང་ལྟ་བུ་ཞིག་ཟེར་མ་འཁྱུག་འཁྱུག་བྱེད། ཟེར་མ་རེ་རེ་ཡང་འོད་ཕུང་རེ་རེར་གྱུར། འོད་ཕུང་དེ་རྣམས་རིམ་བཞིན་ཇེ་ཆེ་ཇེ་ཆེར་སོང་བ་ལས། ཨ་ལོང་དུ་གྱུར་ནས་འོད་གོར་གྲངས་མེད་པ་ཞིག་གྲུབ། འོད་གོར་གྱི་ཨ་ལོང་གཅིག་ལ་གཅིག་སྦྲེལ། མགལ་མེ་ལྟར་འོད་ལམ་ལམ་དུ་འཁོར་བས་སྔ་ཕྱིའང་རྟོགས་དཀའ”ཞེས་གཟབ་འབྲི་བྱས་ཡོད་པ་ལས། “འོད་སེར་བོའི་ཕུང་བོ་བྱ་སྒོང་ལྟ་བུ་ཞིག”ཅེས་དང་། ཡང“མགལ་མེ་ལྟར་འོད་ལམ་ལམ་དུ་འཁོར”ཞེས་དཔེ་འཇལ་གྱི་འབྲི་ཐབས་སྔ་ཕྱི་ལན་གཉིས་བྱུང་བ་ཡིས། དྲན་པ་སླར་སོས་བཞིན་པའི་མི་ཞིག་གི་རྟོག་སྣང་དེ་གསལ་རྗེན་དུ་མཚོན་པར་བྱས་པ་དང་མཉམ་དུ། རྟོག་སྣང་དེ་སྔར་ལས་གཏིང་ཇེ་ཟབ་ཏུ་གཟབ་འབྲི་བྱེད་པར་རྨང་གདན་བརྟན་པོ་བཏིངས་ཏེ། བརྗོད་བྱའི་སྙིང་བོ་འབུར་དུ་དོད་པའམ་སྒྱུ་རྩལ་གྱི་ཕན་འབྲས་ཇེ་མཐོར་གཏོང་བར་ནུས་པ་མི་དམན་པ་ཞིག་བཏོན་ཡོད་པ་དང་། ཡང་རྣམ་སྲས་ཀྱི《མི་རབས་གསུམ་གྱི་ཕྲུག་ལྭ》ཞེས་པའི་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་ཕ་རྒན་ལྷུན་གྲུབ་ཀྱི་སྣང་བརྙན་སློང་སྐྲུན་བྱེད་དུས་ཀྱང“ཁོས་ཞིབ་ཏུ་བལྟས་པར་སྔོ་ལ་སྐྱ་བའི་མིག་འབྲས་ཟུང་ནི་ཟླ་གཟུགས་རྫིང་བུར་འཕོས་པ་བཞིན་འདར་བ་དང་། ལ་ཕུག་ཉི་མར་བསྲོས་ཤིང་རྒྱ་སྐྱེགས་ཁུ་བས་བྱུགས་པ་དང་མཚུངས་པའི་མདངས་མངོན་པའི་གདོང་ལས་སྐྱིད་ལ་སྡུག་པའི་འཇིག་རྟེན་འདིར་ཞེན་ཅིང་ཆགས་པའི་རྣམ་འགྱུར་མངོན”ཞེས་བཀོད་ཡོད་པར་མཚོན་ན། འགྱུར་བག་རྒོད་པའི་དུས་ཀྱི་ཆར་རླུང་བརྒྱུད་ཟིན་པའི་ཞིང་པ་རྒད་པོ་ཞིག་གིས་བྱད་བཞིན་དེ་དཔེ་འཇལ་གྱི་འབྲི་ཐབས་སྔ་ཕྱི་ལན་གཉིས་ཏེ། “སྔོ་ལ་སྐྱ་བའི་མིག་འབྲས་ཟུང་ནི་ཟླ་གཟུགས་རྫིང་བུར་འཕོས་པ་བཞིན་འདར་བ”འམ། “ལ་ཕུག་ཉི་མར་བསྲོས་ཤིང་        རྒྱ་སྐྱེགས་ཁུ་བས་བྱུགས་པ་དང་མཚུངས་པའི་མདངས་མངོན་པའི་གདོང”ཞེས་བཀོད་འདུག་པ་ཡིས། ཀློག་མཁན་གྱི་ཡིད་ལ་མི་སྣ་གཙོ་བོ་དེའི་སྣང་བརྙན་ནི་གཟུགས་ཅན་བཞིན་དུ་འཆར་རྒྱུ་ཡོད་པར་བྱས་ཏེ། དཔེ་གཞིའི་མི་སྣའི་སྣང་བརྙན་སློང་སྐྲུན་བྱེད་པའི་ཕྱོགས་སུ་གོམ་སྟབས་ཆེན་པོ་ཞིག་སྤོས་ཡོད་པར་སེམས། དེ་དག་ནི་དཔེ་འཇལ་གྱི་འབྲི་ཐབས་ལས“མཚོན་བྱ་དོན་གྱི་དངོས་པོ་དང་མཚོན་བྱེད་དཔེ་ཡི་དངོས་པོ་གཉིས་རིགས་གཅིག་ཡིན་མི་ཉན་པ་དང་། དེ་གཉིས་ཀར་མཚུངས་ཆོས་ཅི་རིགས་ཡོད་དགོས”ཞེས་བླང་བྱ་བཏོན་ཡོད་པ་དང་ཀུན་ནས་འཚམ་པ་རེད།
ལྷག་དོན་གཅན་ཚའི་རྡོ་རྗེ་རིན་ཆེན་གྱིས་བརྩམས་པའི་སྒྲུང་འབྲིང《ལྷན་དུ་འཛོམས་པ》ཡི་ནང་དུ“སྡེ་བ་འདིར་དཔྲལ་བ་ན་གཉེར་མ་ཟ་ཡིག་ལྟར་ཆགས་ཤིང་མགོ་སྐྲ་དཀར་བའི་རྒན་རྒོན་སྐོར་ཞིག་ཡོད་པ་དེ་དག་ནི་ཡུལ་འདིའི་མི་རབས་སྔོན་མའི་ཁྲོད་ཀྱི་ཆེས་རྗེས་མའམ། ཡང་མི་རབས་རྗེས་མའི་ཁྲོད་ཀྱི་ཆེས་མགོ་མ་ཡིན”ཞེས་གཟབ་འབྲི་བྱས་ཡོད་པར་མཚོན་ན། མི་སྣ་མང་བོ་ཞིག་གི་སྣང་བརྙན་དེ་ལྟར་སློང་སྐྲུན་བྱས་པ་ཡིས་དཔེ་གཞིའི་མི་སྣར་འགྱུར་དཀའ་བའི་སྐྱོན་འབབ་པ་མ་གཏོགས། རྒན་རྒོན་གང་རུང་གི་དཔྲལ་བའི་གཉེར་རིས་དེ་བོད་ཡིག་གསལ་བྱེད་སུམ་ཅུ་ལས“ཟ”ཡིག་གིས་དཔེ་འཇལ་བྱས་པ་ནི་འོས་ཤིང་འཚམ་ལ་གསར་གཏོད་རང་བཞིན་ལྡན་པས་ན། ཀུན་གྱིས་བསླབ་པའི་གཞི་དང་བརྩོན་པའི་གནས་སུ་འཛིན་པར་འོས་ལ། ཡང་སྟག་འབུམ་རྒྱལ་གྱི་སྒྲུང་རིང《རྒུད》ཅེས་པའི་ནང་དུ“ད་ལྟ་དཔོན་ཚང་གི་རུ་སྐོར་བབས་ཡོད་སའི་ལྷས་ལེབ་མོ་འདིའི་མིང་ལ་སོག་ལྷས་སྟེང་ཟེར་ཞིང་། རྒྱང་རིང་ནས་བལྟས་ན་ལུག་གི་སོག་པ་ཞིག་དང་གཉིས་སུ་མ་མཆིས”ཞེས་བྲིས་འདུག་པའང་ལེགས་གྲུབ་བྱུང་བའི་དཔེ་འཇལ་གྱི་འབྲི་ཐབས་ཤིག་སྟེ། འདི་ལྟ་བུ་ནི་བོད་རིགས་རྩོམ་པ་བོ་རྣམས་ལ་རྒྱུན་ལོབས་སུ་སོང་བའི་དཔེ་འཇལ་གྱི་འབྲི་ཐབས་ཏེ། བརྗིད་པའི་དཔེ་ལ་འབིགས་བྱེད་ཀྱི་རི་བོ་དང་། གཙང་བོའི་དཔེ་ལ་ཆུ་བོ་གངྒཱ། བསིལ་བའི་དཔེ་ལ་མ་ལ་ཡ་རླུང་སོགས་འཇོག་པ་དང་གཏན་ནས་མི་འདྲ་བར། བོད་རང་སྐད་ཀྱིས་བྲིས་པའི་སྒྲུང་གཏམ་ཁྲོད་ཀྱི་ས་དབྱིབས་དེ། བོད་རིགས་མང་ཚོགས་ལ་ཆེར་རྒྱུས་མངའ་ཡོད་པའི་ལུག་གི་སོག་པར་དཔེ་འཇལ་བྱས་པ་ནི། སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་འཚོ་བ་དེ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་བཞིན་པས་ན། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་མོས་པའམ་མཛེས་ཚོར་དང་ཨ་ལོང་སྦྲེལ་འདྲའི་བྱེད་ནུས་ཐོན་ཡོད་དེ། འདི་ནི་མའོ་ཏུན་གྱིས“ང་ཚོས་རོལ་མྱོང་བྱེད་པ་ནི་མཛེས་པའི་ཚོར་སྣང་སློང་ཆེད་ཡིན་ལ། དེ་ཡང་མཛེས་པ་ནི་མི་རེ་རེའི་བློ་ཁ་དང་རང་གཤིས། མོས་པ་བཅས་ལས་འབྱུང་བཞིན་ཡོད་པ་དང་། ཡང་བློ་ཁ་དང་རང་གཤིས། མོས་པ་བཅས་ཀྱིས་འཚོ་བ་ཐག་གཅོད་བྱེད་བཞིན་ཡོད”ཅེས་གསུངས་པ་དང་འཕལ་ཀ་འཕྲོད་ནས་ཡོད། དེ་ལས་དཔེ་འཇལ་བྱེད་པར་ཡང་མཚོན་བྱེད་ཀྱི་དཔེ་དེ་ལ་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་བྱ་རྒྱུ་ནི་གཙོ་ཆེ་བ་ཞིག་ཡིན་པར་མ་ཟད། དེས་མིའི་ཡིད་ལ་མཛེས་ཚོར་དཔེ་མེད་པ་ཞིག་སྦྱིན་པར་བྱ་རྒྱུའང་ཤིན་ཏུ་གལ་ཆེ་བས། འདི་དག་ནི་ཕུལ་བྱུང་རྩོམ་པ་བོའི་དཔུང་གྲལ་ཟིན་འདོད་ཀྱི་རྩོམ་མཁན་ཞིག་ལ་མཚོན་ན་རེ་སྙེག་བྱེད་སའི་གཞི་དམ་པའོ། །
        མདོར་ན། ཀོར་ཅི་ཡིས“རྩོམ་རིག་གསར་རྩོམ་གྱི་མན་ངག་ནི་ཐོག་མར་སྐད་ཆ་ལ་ཞིབ་འཇུག་བྱ་རྒྱུ་རང་ཡིན་ཏེ། སྐད་ཆ་ནི་བརྩམས་ཆོས་མཐའ་དག་དང་ཁྱད་པར་རྩོམ་རིག་གི་བརྩམས་ཆོས་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ”ཞེས་གསུངས་པ་ལྟར། བོད་ཀྱི་དེང་རབས་རྩོམ་རིག་དང་སྒོས་སུ་སྒྲུང་གཏམ་གསར་རྩོམ་གྱི་ཆུ་ཚད་དེ་གང་མྱུར་གྱིས་འཕེལ་རྒྱས་གཏོང་བ་ལ། ངེས་པར་རྩོམ་རིག་གི་སྐད་ཆ་ལས་མགོ་བརྩམ་དགོས་ཏེ། རྩོམ་རིག་གི་སྐད་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དཔེ་འཇལ་གྱི་འབྲི་ཐབས་ནི་སྣང་ཆུང་བྱེད་མི་རུང་བའི་གནད་དམ་པ་ཞིག་ཡིན་པས། ང་ཚོ་ངེས་པར་མང་ཚོགས་ཀྱི་གྲས་སུ་ཟབ་ཞུགས་བྱེད་དགོས་ལ། མང་ཚོགས་ལས་དཔེ་འཇལ་གྱི་རང་བཞིན་མངའ་བའི་ཚིག་སྦྱོར་སྡུད་ལེན་བྱེད་དགོས་པར་མ་ཟད། མང་ཚོགས་རྣམས་ལྟ་བར་དགའ་ཞིང་ཉན་པར་སྤྲོ་བའི་དཔེ་འཇལ་གྱི་ཁྱད་ཆོས་ཡོངས་སུ་ཚང་བའི་ཚིག་སྦྱོར་གང་ལེགས་གསར་གཏོད་བྱེད་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1