ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པར་ཅུང་ཟད་དཔྱད་པ།

དགྲ་ལྷ་བཀྲ་ཤིས། (མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06


        ནང་དོན་གནད་བསྡུས། དཔྱད་བརྗོད་འདིར་ལྷད་མེད་ཀྱི་བརྩེ་དུང་དང་ཁ་ཕྱོགས་མི་གཅིག་པའི་འཚོལ་སྙེག ཡིད་དབང་རབ་ཏུ་འཕྲོག་པའི་སྒྱུ་རྩལ་གྱི་མཚོན་ཐབས་བཅས་དམིགས་སུ་བཟུང་སྟེ། ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པར་དཔྱད་པ་ཅུང་ཟད་བཏང་ཡོད།
        བརྡ་ཆད་གཙོ་བོ། བརྩེ་དུང་། འཚོལ་སྙེག མཚོན་ཐབས།
        བདག་གིས་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་མང་བོ་ཞིག་བཀླགས་མྱོང་ལ། ལྷག་པར《ལམ་གྱི་ཉི་འོད》དང《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》《ལོ་དེ་ལ》ལྟ་བུ་སོགས་ཀྱིས་ཡིད་སེམས་དབང་མེད་དུ་བཀུག་མྱོང་བར་མ་ཟད། བག་ཆགས་གཏིང་ཟབ་ཏུ་བཞག་མྱོང་། ད་ཐེངས་ཀྱང《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པའི་སྒྲུང་གཏམ་འདི་ཐེངས་ཁ་ཤས་ལ་བཀླགས་པ་ཡིན། བཀླགས་པའི་གོ་རིམ་ཁྲོད་དུ་གཅིག་ནས་སྒྲུང་གཏམ་འདིའི་འབྲི་ཐབས་ལ་ཁོའི་སྒྲུང་གཏམ་གཞན་དག་ལས་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་འདུག་པས། ཐོལ་བརྒལ་བྱུང་ཡོད་པར་འདོད་པ་དང་། གཉིས་ནས་རྩོམ་པ་བོ་ཁོང་གིས་ནམ་རྒྱུན་གཙིགས་སུ་འཛིན་པའི་བོད་པའི་སྤྱི་ཚོགས་སྟེང་རང་རང་གི་ལག་ཟུང་ལ་བརྟེན་ནས་འཚོ་བ་རོལ་མཁན་བོད་རིགས་དེ་ཚོའི་འགྱུར་ལྡོག་དང་། ལས་དབང། མི་ཚེ། ལྟ་ཚུལ་སོགས་བྲིས་ཏེ་ད་ལྟའི་མངོན་སུམ་གྱི་སྣང་བརྙན་མང་བོ་ཞིག་ཕྱིར་བཏོན་ནས་ང་ཚོ་ལ་འདང་རྒྱག་ཅིག་སྟེར་བ་དང་། འཁྱོག་གཟུགས་ཀྱིས་གྲུབ་པའི་མིའི་ནང་སེམས་ཀྱི་འཇིག་རྟེན་ལ་ཞེད་སྣང་དང་། དེས་བསྐྱེད་པའི་མཇུག་འབྲས་ཀྱིས་མི་ཞིག་གི་གནས་བབས་ཉམས་དམས་སུ་གཏོང་བ་སོགས་ཞིབ་ཏུ་བསྟན་ཡོད་པར་འདོད་དོ། །
གཅིག ལྷད་མེད་ཀྱི་བརྩེ་དུང་།
        བརྩེ་དུང་ནི་གསེར་གྱི་ཐག་པ་ཞིག་རེད། དེས་འཛམ་གླིང་ཡོངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཞེས་པ་ལྟར། མི་སུ་ཞིག་ཡིན་རུང་ལྷད་མེད་ཀྱི་བརྩེ་དུང་ཞིག་ནམ་ཡང་ཐོབ་འདོད་ཡོད་ངེས་སྙམ། ཡིན་ནའང་། མི་ཚེའི་གོ་རིམ་ཁྲོད་ནས་ཕྱི་ནང་གི་རྐྱེན་མང་བོ་ཞིག་གི་དབང་གིས་དེ་ཉིད་མངོན་འགྱུར་འབྱུང་བར་ཧ་ཅང་དཀའ། ལྷག་པར་དེང་གི་སྤྱི་ཚོགས་ཏེ་དངོས་པོའི་དཔལ་ཡོན་ཁོ་ན་བླ་རུ་བཀུར་ཞིང་ཁེ་ཕན་འབའ་ཞིག་གི་ཆེད་དུ་གདོང་འབག་སྣ་ཚོགས་གོན་པའི་སྐྱོ་གར་འདིའི་ཀློང་ནས་ལྷད་མེད་ཀྱི་བརྩེ་དུང་ཞིག་ཇི་ལྟར་བྱུང་ཐུབ་བམ།
        སྒྲུང་གཏམ་མང་བོ་ཞིག་གི་ཁུངས་སྣེ་ལྷད་མེད་ཀྱི་བརྩེ་དུང་འདི་གཞིར་བྱས་འདུག་པས། ཀློག་པ་བོ་གང་མང་ཞིག་གི་མིག་དབང་འཕྲོག་ཡོད་སྲིད། དཔེར་ན། རྒྱ་གར་གྱི་ར་བྷན་ཏ་ར་ན་ཐ་ཐེ་ཀོར་གྱི་སྒྲུང་གཏམ་《བུ་མོ་མ་ཧ་མ་ཡ》དང་རང་རེའི་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ《སད་ཀྱིས་བཅོམ་པའི་མེ་ཏོག》ལྟ་བུ་འདི་གཉིས་ཀའི་ནང་དུ་ཡང་ན་གཞོན་ཕོ་མོ་དག་གིས་ལྷད་མེད་ཀྱི་བརྩེ་དུང་ཇི་ལྟར་བཅངས་ཀྱང་མཐའ་མར་བར་ཆད་ཀྱི་རླུང་བུ་གཡོས་ཏེ་མྱ་ངན་གྱི་ན་བུན་འཐིབས་པའི་སྣང་ཚུལ་བྲིས་འདུག
        སྒྲུང་གཏམ་འདིའི་ཁུངས་སྣེ་ཡང་ཡར་འབྲོག་གཡུ་མཚོའི་འགྲམ་གྱི་བུ་མོ་དཔལ་ལྷའི་ལྷད་མེད་ཀྱི་བརྩེ་དུང་དེ་ཡིན་པར་སེམས། ‘དྭངས་གསལ་ཡར་འབྲོག་གཡུ་མཚོ། ། གཡུ་མཚོའི་འགྲམ་གྱི་ཆུང་འདྲིས། ། ཆུང་འདྲིས་བརྩེ་བ་མཚོ་རེད། ། མཚོ་ལས་ཟབ་ཅིག་ཡིན་སོང་། ། མཚོ་ལས་དྭངས་ཤིག་ཡིན་སོང་། །’ ང་གཞས་འདི་ལ་ཉན་པར་ཤིན་ཏུ་དགའ་བོ་ཡོད་ཅིང་། གཞས་འདི་གཏོང་མཁན་གྱི་ཕོ་གསར་དེ་ཡང་ཐེངས་མང་བོ་ཞིག་ལ་རྨི་ལམ་དུ་རྨིས་མྱོང་།” ཞེས་དང་།“རྒྱུ་མཚན་ནི་ངས་སུམ་པ་ཟེར་བའི་གཞས་པ་དེའི་གནས་ཚུལ་གོ་བས་ཡིན། སྔོན་ཆད་གྲོང་ཚོའི་ནང་ནས་ངས་ཁོའི་གཞས་ཀྱི་འོད་སྡེར་ལ་བལྟས་མྱོང་བ་དང་། ངའི་ཡིད་ནི་བརྙན་ཤེལ་ནང་གི་ཕོ་གསར་དེའི་སྣང་བརྙན་དང་སྐད་ངག་གིས་ཡོངས་སུ་བཀུག་སོང”ཞེས་པ། མཐའ་མར“ལྷ་སའི་ཉི་འོད”ཟེར་བའི་པེ་ཅིན་གྱི་གླུ་གར་གསོལ་ཁང་དེ་ནས་དངོས་སུ་འཕྲད་དུས་ཀྱང“དཔལ་ལྷ་ཟེར་བའི་བུ་མོ་ཞིག་སུམ་པ་ཟེར་བའི་ཕོ་གསར་འདིར་སེམས་པ་ཤོར་ཡོད་པ་ངའི་མཐའ་སྐོར་གྱི་མི་ཀུན་གྱིས་གསལ་བོར་ཤེས་ཡོད” སྐད་ཆ་འདི་དག་ལས་ཤེས་ཐུབ་པ་ནི་བུ་མོ་དཔལ་ལྷ་ནི་ཅི་འདྲའི་བརྩེ་དུང་རྣམ་དག་ཡོད་མཁན་ཞིག་རེད་ཨང་། འོན་ཀྱང་ཡིད་ཆེས་བྱེད་ཐབས་བྲལ་བའི་སྤྱི་ཚོགས་ཀྱི་སྣང་བརྙན་མང་བོ་ཞིག་མོས་ཤེས་མེད་ལས་ཆེ་སྟེ། ལྷག་པར་སུམ་པ་ཟེར་བའི་གླུ་བ་དེ་ཡང་ཨ་ཅག་པའེ་ལགས་ཟེར་བ་དེའི་གྲིབ་གཟུགས་ཤིག་ཏུ་གྱུར་ནས་ཡོད་པས་ཁོ་ལ་རང་ཚུགས་བརྟན་པོ་ཞིག་མེད་པ་ཡང་མོས་ཐོག་མར་ཤེས་མེད་པར་སྣང་། བརྩེ་དུང་གི་འཕེལ་རླབས་ཁྲོད་ནས་མོས་ཁོ་ལ་བསྟུན་ཅི་ཐུབ་བྱས་མོད། “དེ་འདྲ་ཞིག་ཡིན་སྲིད་ཀྱི་མ་རེད”ཅེས་པ་ནས་འགོ་བརྩམས་ཏེ་མོའི་ལྷད་མེད་ཀྱི་བརྩེ་དུང་ལ་འགྱུར་ལྡོག་བྱུང་འགོ་ཚུགས་སོང་བར་མ་ཟད། མནར་གཅོད་ཐེབས་པའི་བརྒྱུད་རིམ་གནད་འགག་ཅིག་ནི་མཚན་མོ་དེར་མོའི་སེམས་ནང་གི་ཕོ་སར་སུམ་པ་ཨ་ཅག་པའེ་ལགས་ཟེར་བ་དེའི་ཕྱོགས་སུ་སོང་ཤུལ་ནས་མོ་ར་བཟི་བའི་གོ་སྐབས་དང་བསྟུན་ནས་རྣམ་གྲོལ་གྱིས་མོ་མགྲོན་ཁང་ཞིག་ཏུ་ཁྲིད་ཅིང་། དེ་ནས་ལུས་འབྲེལ་བྱུང་བའི་དོན་དག་དེ་རེད། “ལས་བསམ་སར་མི་འགྲོ་གསེག་སར་འགྲོ”ཞེས་པའི་དཔེ་བཞིན་དུ་མི་འདོད་པ་དེ་དག་མོའི་ཐོག་ལ་བཟློག་མེད་ཀྱིས་བབས་པ་རེད། མོའི་ཨ་མས་ཀྱང་ཡར་འབྲོག་གཡུ་མཚོའི་འགྲམ་ནས་བློ་ལ་བབས་པའི་ཕོ་སར་དེ་དང་ལུས་འབྲེལ་བྱུང་བ་ནས་ཉིན་མཚན་ཀུན་ཏུ་དེ་ལ་རེ་སྒུག་ཇི་ལྟར་བྱས་ཀྱང་ཕྱིར་ལོག་མ་བྱུང་བ་རེད། དངོས་ཡོད་དང་རེ་བ་གཉིས་ནམ་ཡང་གཞི་གཅིག་ཏུ་མཐུན་དཀའ་བ་འདི་ནས་ཀྱང་གསལ་བཤད་བྱས་འདུག
        སྒྲུང་གཏམ་ནི་སྣང་བརྙན་གྱི་ཚོགས་པ་ཞིག་ཡིན་ཟེར་བ་ལྟར། མི་སྣའི་སྣང་བརྙན་སྣ་ཚོགས་ནི་སྒྲུང་གཏམ་འཕེལ་རྒྱས་ཀྱི་སྒུལ་ཤུགས་རེད། སྒྲུང་གཏམ་འདིའི་ནང་དུ་མི་སྣ་གཞན་དག་གི་བརྩེ་དུང་དང་མི་གཤིས་ནི་རྙོག་ཅིང་རྫོབ་པ་ཞིག་སྟེ། འཛུམ་མདངས་ཀྱི་ཕུགས་ན་གཡོ་སྒྱུ་དང་ཚིག་འཇམ་གྱི་ཁྲོད་ན་ཧམ་སེམས། དམ་བཅའ་ཡི་རྗེས་ན་ཐེ་ཚོམ་ཡོད་མཁན་ཏག་ཏག་རེད་འདོད་པས། འདིས་དུས་སྐབས་འདིའི་ཞེ་མེར་བའི་བྱ་སྤྱོད་དག་ལ་སུན་འབྱིན་བྱས་ཡོད་ཅིང་། ཤུགས་ནས་ང་ཚོ་ལ་གོ་རྟོགས་གསར་བ་ཞིག་སྟེར་བཞིན་མཆིས་ཏེ། དེ་ནི་འདི་ལྟ་བུའི་གནས་བབས་ཀྱི་ཁྲོད་དུ་ང་ཚོ་དོན་དངོས་སུ་མི་ཅི་ལྟ་བུ་ཞིག་བྱ་དགོས་པ་འདི་ཡིན་པར་སྣང་།
གཉིས། ཁ་ཕྱོགས་མི་གཅིག་པའི་འཚོལ་སྙེག
        བརྩམས་ཆོས་གཅིག་ལ་མཚོན་ནའང་། “ཀློག་པ་བོ་སྟོང་གི་མིག་ལམ་ན་ཧ་མི་ལེ་ཐི་སྟོང་ཞིག་ཡོད”①ཅེས་ཟེར་བ་དང་། ཡང་ན་ལུའུ་ཞུན་གྱིས“འཚོ་བའི་བརྗོད་བྱ་ནི་རྩོམ་པ་བོ་སོ་སོ་བ་ལ་སོ་སོར་སྣང་བ་ཡིན”②ཞེས་ཟེར་བ་བཞིན། བརྩམས་ཆོས་ཤིག་ལ་མྱོང་རོལ་བྱེད་དུས་ཀློག་པ་བོས་ཚུར་སྣང་བྱས་པའི་མི་སྣའི་སྣང་བརྙན་གཅིག་མཚུངས་ཡིན་མི་སྲིད། ཕྲན་གྱིས་བལྟས་ན་སྒྲུང་གཏམ་འདིའི་ནང་གི་ཁ་ཕྱོགས་དང་འཚོལ་སྙེག་མི་གཅིག་པའི་མི་སྣའི་སྣང་བརྙན་རེ་རེ་ནི་འགལ་འདུས་གྲུབ་པའི་ཕུང་བོ་ཞིག་རེད། ཕྱི་ཚུལ་དང་ནང་སྙིང་ནམ་ཡང་གཅིག་ཏུ་མི་ཁེལ་ཞིང་། ཕྱི་ཚུལ་དང་ནང་སྙིང་གི་ཁྱད་པར་ནི་ངོས་གཉིས་སམ་ཆེ་ས་ནས་བཤད་ན་འཇིག་རྟེན་གཉིས་རེད། དེ་བས་སྤྱི་ཚོགས་འདིའི་ནང་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་ཐབས་བྲལ་བའི་མི་དང་མིའི་བར་གྱི་བར་ཐག་ནི་ཉིན་ནས་ཉིན་རེར་ཇེ་རིང་དུ་འགྲོ་བཞིན་འདུག་པས། ཁ་ཧྥུ་ཁས“མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་ནའང་། མི་རེ་རེ་ནི་ཁུ་སིམ་དང་ཁེར་རྐྱང་ཡིན”③ཞེས་པ་དོན་ཐོག་ཏུ་འབབ།
        བུ་མོ་དཔལ་ལྷ་དང་མོའི་ཨ་མ་གཉིས་ཀྱི་འཚོལ་སྙེག་ནི་དགའ་བ་ངོ་མ་ཞིག་གི་ངོས་ཐད་ནས་རང་གི་མཛའ་བོ་དེ་ཐོབ་ན་འདོད་པ་ལས་དམིགས་ཡུལ་གཞན་མེད་པར་འདོད། འོན་ཀྱང་། ཡར་འབྲོག་གཡུ་མཚོའི་འགྲམ་རྒྱུད་དང་པེ་ཅིན་གྲོང་ཁྱེར་གཉིས་ནི་འཚོ་བའི་ཁོར་ཡུག་དང་གོམས་སྲོལ་སྤྱོད་ལམ། ས་གནས་རིག་གནས་སོགས་ལ་ཧེ་བག་ཆེན་པོ་ཡོད་པ་ཞིག་ཡིན་པས་བུ་མོ་དཔལ་ལྷའི་མི་ཚེའི་བརྒྱུད་རིམ་ལ་ཡང་ས་གནས་གཉིས་ཀྱི་ཤུགས་རྐྱེན་གྱིས་འགལ་འདུ་ཞིག་ངང་གིས་བསྐྲུན་ཡོད། དཔེར་ན་སུམ་པས “དཔལ་ལྷ། ཁྱོད་གྲོང་ཁྱེར་དུ་འཚོ་བ་རོལ་བར་མི་འཚམ། དེ་བས་ཕྱིར་ཕ་ཡུལ་དུ་ལོག་ན་ཡག་པོ་ཡོད་པ་རེད”ཅེས་པ་ལྟ་བུ་ལས་མོ་དངོས་གནས་གྲོང་ཁྱེར་གྱི་འཚོ་བ་ལ་འཚམ་གྱིན་མེད་པ་རྟོགས་ཡོང་།
        གྲོང་ཁྱེར་ན་རང་ཚུགས་བོར་བའི་སུམ་པ་དང་རྣམ་གྲོལ། གཡུ་སྒྲོན་སོགས་ཀྱི་འཚོལ་སྙེག་ནི་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱེད་པ་མིན་པར། ནམ་ཡང་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེ་ཞིང་རང་བཞིན་ངོ་མ་བག་ལ་ཞ་བར་བྱས་ནས་ཟོལ་བཅོས་ཀྱི་ཀློང་ན་མགོ་བོ་འཐོམས་འདུག་པར་མ་ཟད། རྒྱུ་ནོར་གྱི་བྲན་གཡོག་ཏུ་སྔ་མོ་ནས་གྱུར་ཚར་བ་འདི་དག་ལས་ཤེས་ཐུབ་སྟེ། སུམ་པའི་སྐད་ཆ“ཨ་ཅག་པའེ་ལགས་ནི་ངའི་དྲིན་ཅན་ཡིན་པས། ཁྱོད་ཀྱིས་ངའི་ཚབ་བྱས་ནས་ཆང་ཞིག་དྲོངས་དང”ཞེས་དང་། པའེ་ལགས་ཀྱི་སྐད་ཆ“སུམ་པ། དེས་ན་ཁྱོད་ཀྱིས་དཔལ་ལྷ་དང་དགའ་རོགས་སྒྲིགས་དང་། མོས་གཟི་མིག་དགུ་མ་དེ་བཙོངས་ན་ཁྱེད་གཉིས་ཀྱིས་པེ་ཅིན་དུ་ཁང་བ་ཉོ་ཐུབ་པར་མ་ཟད། ད་དུང་ཁྱོད་ཀྱི་གཞས་ཀྱི་འོད་སྡེར་པར་སྐྲུན་བྱེད་པར་ཡང་མ་དངུལ་ཡོད་པ་མ་ཡིན་ནམ།”གཡུ་སྒྲོན་གྱི་སྐད་ཆ“དཔལ་ལྷ། ཁྱོད་ཀྱིས་ཆ་ག་ཆག་གེ་མ་བྱེད། སུམ་པ་དང་རྣམ་གྲོལ་ལྟ་བུའི་བོད་ཕྲུག་དབུལ་བོ་དེ་ཚོར་ཉལ་བ་ལས། ཝང་ཙུང་ལྟ་བུའི་ཕྱུག་པོ་ཞིག་གི་འགྲོགས་བཟང་དུ་གྱུར་ན་ཡག་པོ་མེད་དམ”ཞེས་པ་སོགས་རེད།
        གཞན་ཡང་མོའི་སྐེ་ཡི་གཟི་མིག་དགུ་མ་དེ་ལ་ཧམ་པ་ལངས་མཁན་ཆུང་དུས་སུ་མོའི་ཨ་ཕ་ཡིན་ཟེར་མཁན་གྱི་ལམ་འགྲོ་བ་དེ་དག་དང“གཟི་མིག་དགུ་མར་ད་ལྟ་ཚོང་རར་མ་མཐའ་ཡང་སྒོར་ཁྲི་བརྒྱ་ཕྲག་ཁ་ཤས་རི་བ་རེད། བུ་མོ། ཁྱོད་ཀྱིས་དེ་སྐེ་ནས་བཀྲོལ་ཏེ་ངས་བལྟས་ན་ཆོག་གམ་”ཞེས་ཟེར་མཁན་གྱི་ཝང་ཙུང་། ད་དུང་མོའི་གླ་དངུལ་སློབ་ཆེན་ན་གང་འདོད་དུ་བཀོལ་བཞིན་པའི་མོའི་གཅུང་བོ་དཔལ་རྣམ། མཐའ་མར་ཇ་ཁང་དེ་རུ་མོས་གཟི་མིག་དགུ་མ་དེ་རྫུན་མ་རེད་ཟེར་བ་ཐོས་རྗེས། མོའི་སེམས་ཁོང་ནས་སྡུག་བསྔལ་གྱི་མེ་ལྕེ་འབར་ཞིང་མིག་མདུན་གྱི་ཡོད་ཚད་ལ་རློམ་སེམས་བྲལ་བར་བྱས་ཤིང་། “ངས་རང་ཉིད་པེ་ཅིན་དུ་ཁྲིད་ཡོང་མཁན་གྱི་གྲོགས་མོ་གཡུ་སྒྲོན་དྲན་བྱུང་། ངས་མིག་ཤེལ་གྱི་ཤེལ་ལེབ་ངོས་སུ་དུས་ནམ་ཡང་རབ་རིབ་ཀྱི་དྲེགས་པ་འགོས་ཡོད་པའི་རྣམ་གྲོལ་དྲན་བྱུང་། ངས་རྨི་ལམ་གྱི་བར་གསེང་ནས་ལག་པ་བརྐྱངས་ཡོང་དུས་གམ་དུ་དཔལ་ལྷ། དཔལ་ལྷ་ཞེས་འབོད་པའི་ངའི་སེམས་ནང་གི་མི་སྟེ་སུམ་པ་དྲན་བྱུང་། ངས་ཇི་ལྟར་བསམས་ཀྱང”ཞེས་པ་ལྟར་མོས་ལྐོག་གྱུར་གྱི་སྣང་བརྙན་མང་བོ་ཞིག་ཡིད་ལ་དྲན་ཐབས་མ་བྱུང་བ་རེད། དེ་བས། འདི་ནི་འགལ་བ་དངོས་རེད་ལ། འགལ་བ་འདི་བྱུང་རྐྱེན་གཙོ་བོ་ནི་བུ་མོ་དཔལ་ལྷའི་ངོས་ཟིན་རེད། དྲང་ཕྱོགས་ཁོ་ན་ལ་བཟུང་བའི་ངོས་ཟིན་འདི་དང་། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀ་ལ་བཟུང་བའི་མི་སྣའི་ངོས་ཟིན་རེ་རེ་ནི། བརྩམས་ཆོས་ལ་མཚོན་ན། བརྩམས་ཆོས་ཕུན་སུམ་ཚོགས་པའི་རྟགས་ཤིག་ཏུ་འདོད།
གསུམ། ཡིད་དབང་རབ་ཏུ་འཕྲོག་པའི་སྒྱུ་རྩལ་གྱི་མཚོན་ཐབས།
        ཧེ་གོར་གྱིས“མཛེས་པ་ཞེས་པ་ནི་འདུ་ཤེས་གཟུགས་སུ་བསྒྱུར་ནས་དབང་ཤེས་ལ་མངོན་སུམ་དུ་འདྲེན་སྟངས་ཀྱི་རྣམ་པ་ལ་ཟེར”④ཞེས་པ་བཞིན་དུ། སྒྲུང་གཏམ་འདི་ལ་མྱོང་རོལ་བྱས་པའི་གོ་རིམ་ཁྲོད་ནས། རྩོམ་པ་བོ་ལྷ་བྱམས་རྒྱལ་གྱིས་སྐྱོ་བའི་དོན་དག་ཅིག་ཀྱང་མཛེས་པའི་ཚོར་བ་ཞིག་གི་ལམ་ནས། ཀློག་པ་བོའི་སྣང་ངོར་འཇོག་ཐུབ་པ་ནི་རྩོམ་པ་བོ་གཞན་དག་གི་སྒྲུང་གཏམ་དང་བསྡུར་ན་དམིགས་སུ་ཡོད་པའི་ཁྱད་ཆོས་ཤིག་ཏུ་མཐོང་།
ད་དུང་། བལྟས་ཚོད་ཀྱིས་འབྲི་ཐབས་ཀྱི་ཐད་ནས་ཁ་སྐད་དང་ལུང་སྐད་ཁོ་ནའི་དབང་དུ་མ་སོང་བར་བོད་མི་སྤྱིས་གོ་ཐུབ་པ་ལྟ་བུ་ཞིག་བྲིས་འདུག་པས་འདི་ཡང་བརྩམས་ཆོས་འདིའི་ཕུལ་དུ་བྱུང་བའི་ཁྱད་ཆོས་ཤིག་རེད།
        སྒྱུ་རྩལ་གྱིས་མི་རྣམས་ཀྱི་ལྟ་ཚུལ་དང་རེ་བ། འཚོ་བ་དང་བརྩེ་དུང་སོགས་མཚོན་པ་ཡིན། དེ་དག་སྤྱིར་བཏང་གི་བྱ་དངོས་ཤིག་ལ་བརྟེན་ནས་ཕྱིར་མཚོན་པ་མ་ཡིན་པར། གསོན་ཉམས་དང་ལྡན་པའི་སྣང་བརྙན་ལ་བརྟེན་ནས་ཕྱིར་མཚོན་པ་ཡིན། དེ་བས་ཚད་མཐོ་བའི་སྒྱུ་རྩལ་གྱི་སྣང་བརྙན་དེ་ཇི་ལྟར་བཞེངས་བསྐྲུན་བྱེད་པའི་མཚོན་ཐབས་ནི་སྒྲུང་གཏམ་ལེགས་པར་འགྲུབ་བྱེད་ཀྱི་རྨང་གཞི་ཞིག་ཏུ་འཁུམས།
        ཐོར་སི་ཐེད་ཀྱིས “སྒྱུ་རྩལ་བྱ་འགུལ་ནི་སྔོན་ཆད་ཉམས་སུ་མྱང་མྱོང་བའི་ཚོར་འདུ་དེ་དངོས་པོའི་རྒྱུ་ཆ་དང་ཐིགས་རྩ། དབྱངས་འགྲོས། ཚོན་རྩི་སོགས་ལ་བརྟེན་ནས་སྣང་བརྙན་ངེས་ཅན་ཞིག་བསྐྲུན་རྒྱུ་དང་། སྣང་བརྙན་དེ་ལ་བརྟེན་ནས་ནང་གི་ཚོར་འདུ་དེ་སླར་ཡང་ཕྱིར་སྒྲོག་པ་དང་། ཀློག་པ་བོ་ལ་ཡང་དེ་དང་ཆ་མཚུངས་ཀྱི་ཚོར་འདུ་བསྐྱེད་པར་བྱེད་རྒྱུ་དེ་ཡིན”⑤ཞེས་པ་ལྟར་དུ་ཡང་ཕྱིའི་ཁོར་ཡུག་གི་སྣང་བརྙན་མང་བོ་ཞིག སྙན་པའི་རོལ་དབྱངས་ཤིག་གམ་ཚོར་འདུའི་འཕྱོ་རླབས་ཤིག་གི་ངོས་ནས་བདེ་ལེགས་ངང་སྟོན་ཐུབ་པ་ནི་ལེགས་པའི་བརྩམས་ཆོས་ཤིག་ཏུ་བགྲང་ཆོག
        སྒྲུང་གཏམ་འདིའི་ནང་དུ་ཡར་འབྲོག་གཡུ་མཚོ་དང་དེའི་ནང་གི་ཉ་ནི་མིའི་ནང་སེམས་དང་ཕྱི་རོལ། མི་སྣ་སོགས་མཚོན་ཐབས་གཙོ་བོ་ཞིག་ཏུ་གྱུར་ཡོད། མིའི་ནང་སེམས་མཚོན་པ་ལ“མཚོ་དེར་མ་གཞི་འཁྱིལ་ཡོད་པ་ནི་རྙོག་པ་མེད་པའི་ཆུ་རེད། ཆུ་དེ་ནི་ཕྱི་གསལ་ནང་གསལ་རེད། འོན་ཀྱང་ཕྱི་ཚུལ་ནས་བལྟས་དུས་གཡུ་ཡི་མཚོ་མོ་དེ་ནི་དུས་ནམ་ཡང་དྭངས་གསལ་གྱིས་འཁྱིལ་བ་ཞིག་མ་ཡིན་པར། དུས་མཚམས་ལ་ངེས་པ་མེད་པར་མཚོ་མདོག་སྣ་ཚོགས་ཤིག་བསྟན་ཡོང་”ཞེས་དང་། ཕྱི་རོལ་གྱི་ཁོར་ཡུག་མཚོན་པ་ལ་“དེ་ནི་མེ་ལོང་ངོས་སུ་ཧ་བཏབ་པ་ལྟར་རེད། དེ་ནི་མེ་ལོང་ལྟ་བུའི་ཡར་འབྲོག་གཡུ་མཚོའི་ནང་དུ་སྨུག་སྤྲིན་གཏིབས་པའི་བར་སྣང་གི་ལྡོག་གཟུགས་ཤར་བ་ལྟ་བུ་རེད།”ཅེས་པ། དཔལ་ལྷས“ངས་རང་ཉིད་ཉ་ཞིག་ཏུ་འགྱུར་བཞིན་པར་མཐོང་བ་ནི། ང་ལ་ངོས་གཉིས་ཡོད་པ་ལྟར། ངོས་གཅིག་གིས་ངོས་གཞན་དེ་ཉ་ཞིག་ཏུ་འགྱུར་བཞིན་པར་མིག་གིས་བལྟས་ཡོད་པ་དང་མཚུངས། ཉ་དེ་ནི་གསེར་ཉ་ཞིག་རེད”ཅེས་དང་སྒྲུང་གཏམ་གྱི་མཇུག་བསྡུ་དུས་སུ“པེ་ཅིན་གྱི་ལམ་ནང་དུ་རླངས་འཁོར་གྱི་ཚོགས་ནི་འོད་ཀྱི་གཙང་བོ་བཞིན་བཞུར། ངས་རང་ཉིད་ཀྱི་རྣམ་ཤེས་ཉ་ཞིག་ཏུ་གྱུར་པ་མཐོང་། འོད་ཀྱི་གཙང་བོའི་གཞུང་དུ་འཁྱུག་འགྲོས་ཀྱིས་སྐྱོད་པ་མཐོང་། དེ་ནས་ངས་མདུན་ཕྱོགས་ནས་མེ་ལོང་ལྟ་བུའི་ཡར་འབྲོག་གཡུ་མཚོ་མཐོང་བྱུང”ཞེས་པ་སོགས་རེད།
མཚོན་ཐབས་གཞན་དག་སྟེ་རབ་བེ་རིབ་བེ་ཡིན་པའི་རྣམ་གྲོལ་གྱི་མིག་ཤེལ་དང་གམ་པ་ལ་ཡི་ཉག་ཁར་རླུང་གིས་སྐྱོད་པའི་དར་ལྕོག་སོགས་ཀྱིས་ཀྱང་མི་གཤིས་ཀྱི་འགྱུར་བ་ཇི་བཞིན་དུ་བསྟན་འདུག མདོར་ན། གོང་དུ་བཤད་པ་བཞིན་ཚིག་སྦྱོར་གྱི་མཛེས་སྡུག་དང་བབ་ཆགས། སྙན་ཆ་སོགས་བཏོན་ཏེ་མི་སྣ་སོ་སོའི་སྣང་བརྙན་ལེགས་པར་མཚོན་འདུག་ཅིང་། སྒྱུ་རྩལ་གྱི་མཐོ་ཚད་དང་ཕྱོགས་སྒོ་མོ་ནས་ཟབ་འཇུག་བྱས་ཏེ་བརྩམས་སྒྲུང་ཞིག་བཞེངས་བསྐྲུན་བྱས་ཡོད་པར་སྙམ་མོ། །
དཔྱད་གཞི།
①བུ་བཞི་བསམ་པའི་དོན་འགྲུབ། 《རྩོམ་རིག་གཞུང་ལུགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་11པར་པར་དུ་བཏབ། ཤོག་ངོས53པ།
②བུ་བཞི་བསམ་པའི་དོན་འགྲུབ། 《རྩོམ་རིག་གཞུང་ལུགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་11པར་པར་དུ་བཏབ། ཤོག་ངོས150པ།
③ཁ་ཧྥུ་ཁས“མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་ནའང་། མི་རེ་རེ་ནི་ཁུ་སིམ་དང་ཁེར་རྐྱང་ཡིན”
④བུ་བཞི་བསམ་པའི་དོན་འགྲུབ། 《རྩོམ་རིག་གཞུང་ལུགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་11པར་པར་དུ་བཏབ། ཤོག་ངོས83པ།
⑤བུ་བཞི་བསམ་པའི་དོན་འགྲུབ། 《རྩོམ་རིག་གཞུང་ལུགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ11པར་པར་དུ་བཏབ། ཤོག་ངོས་78པ།
⑥《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ12པར་པར་དུ་བཏབ།
⑦རྣམ་སྲས། 《བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག》མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ7པར་པར་དུ་བཏབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1