《གཞོན་ནུ་མ་ཞིག་གི་ཁྱོ་ག》ཞེས་པའི་སྒྲུང་ཐུང་གི་ཁྱད་ཆོས་ཅུང་ཟད་གླེང་བ།

དཔལ་ལྡན་རྒྱལ། (མཚོ་སྔོན་མི་རིགས་སློབ་ཆེན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06


        ནང་དོན་གནད་བསྡུས། དཔྱད་རྩོམ་འདིར《གཞོན་ནུ་མ་ཞིག་གི་ཁྱོ་ག》ཞེས་པའི་སྒྲུང་ཐུང་འདིའི་བྱུང་རིམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྗོད་ཡོད་ལ། སྒྲུང་ཐུང་དེའི་བྱུང་རིམ་གྱི་ཁྱད་ཆོས་ཏེ་འཛམ་གླིང་རྩོམ་རིག་གི་སྐྱེལ་ཚལ་དུ་སྐད་གྲགས་ཆོད་པའི་སྒྲུང་ཐུང་གྲགས་ཅན་ནང་གི་བྱུང་རིམ་མཚར་བོ་དེ་དག་དང་ཅུང་འདྲ་བོ་འདུག་པའི་ཆ་དེ་ཡིག་ངོར་བཀོད་ཅིང་། བྱུང་རིམ་ལེགས་པོ་དེས་བསྐྱེད་པའི་རྩོམ་གྱི་བརྗོད་སྙིང་གི་ལེགས་ཆའང་ཞོར་ལ་གླེང་ཁུལ་བགྱིས་ཡོད།
བརྡ་ཆད་གཙོ་བོ། གཞོན་ནུ་མ་ཞིག་གི་ཁྱོ་ག བྱུང་རིམ། བསྟན་དོན།
གཅིག སྒྲུང་ཐུང་འདིའི་བྱུང་རིམ་གྱི་ཁྱད་ཆོས།
        བྱུང་རིམ་ནི་སྒྲུང་གཏམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྒྲུང་གཏམ་གྱི་དོན་དག་སྔ་ཕྱིའི་འཕེལ་རིམ་སོ་སོ་རྒྱུ་འབྲས་གཏན་ཚིགས་ཀྱི་འཕལ་ཀ་འཕྲོད་བྱེད་ཅིག་ཡིན་ཏེ། རྒྱལ་བོ་ཤི་ཟིན། གཞུག་ནས་བཙུན་མོའང་ཤི་སོང་། ཞེས་པ་དང་། རྒྱལ་བོ་ཤི་སོང་། གཞུག་ནས་བཙུན་མོའང་སྡུག་བསྔལ་གྱི་སྟབས་ཀྱིས་ཤི་སོང་ཞེས་པ་འདི་ལས་སྔ་མ་གཏམ་རྒྱུད་དང་ཕྱི་མ་བྱུང་རིམ་ཡིན་པར་ལྟར། གཏམ་རྒྱུད་དང་བྱུང་རིམ་གྱི་ཁྱད་པར་གཙོ་བོ་དོན་དག་སྔ་ཕྱིའི་བར་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་བཙན་མིན་གྱི་སྟེང་ན་ཡོད་དོ། །
《གཞོན་ནུ་མ་ཞིག་གི་ཁྱོ་ག》ཞེས་པའི་སྒྲུང་ཐུང་འདི་ནི༢༠༡༧ལོའི《སྦྲང་ཆར》དེབ་དང་བོར་བཀོད་ཡོད་ཅིང་། རྩོམ་པ་བོ་ནི་འཁྱམ་རུ་གནམ་ལྷ་རྒྱལ་རེད། སྒྲུང་ཐུང་འདིར་གཙོ་བོ་མངལ་སྦྲུམ་པའི་གཞོན་ནུ་མ་ཞིག་མཆོག་སྤྲུལ་ཚང་གི་ལུང་བསྟན་བཞིན་མཚོ་སྔོན་པོར་གནས་སྐོར་ལ་འགྲོ་བཞིན་ཡོད་ཅིང་། གནས་སྐོར་རྫོགས་ལ་ཉེ་བའི་མཇུག་མཐའི་ཉིན་དེའི་མཚན་མོར་བྱེ་མ་རྔ་རྡུང་ཞེས་པའི་གནས་ཆེན་དེ་རུ་བསམ་ཡུལ་འདས་པའི་དོན་དག་ཅིག་བྱུང་བ་བརྗོད་ཡོད།
        དེ་ཡང་གཞོན་ནུ་མ་དེ་མོ་གཅིག་པུ་མཚོ་སྔོན་པོར་གནས་སྐོར་ལ་འགྲོ་བར་མོའི་ཁྱོ་ག་རྩ་བ་ནས་མོས་མཐུན་མེད་ནའང་། མོས་མངལ་གྱི་ཕྲུ་གུ་དེ་གེགས་དང་བར་ཆད་ལས་ཡོངས་སུ་གྲོལ་ཏེ་བདེ་བླག་ངང་བཙའ་ཐུབ་པར་གསུངས་པའི་ལུང་བསྟན་དེ་དང་། ཁྱོ་ག་དང་མཉམ་དུ་ཕྱིན་ཚེ་ཁྱིམ་གྱི་སྒོ་ཟོག་ལ་ལྟ་མཁན་དང་རྐུན་མ་སླེབས་ཚེ་འགོག་མཁན་མེད་པ་སོགས་རྒྱུ་མཚན་མང་བོ་བཤད་དེ་རང་ཉིད་གཅིག་པུ་ལམ་ལ་ཆས་པ་རེད།
        ཡིན་ནའང་། སྒྲུང་གཏམ་ནང་དུ་དོན་དག་དེ་གནའ་གཏམ་ལྟར་དུས་ཀྱིས་སྔ་ཕྱིའི་གོ་རིམ་ལྟར་བྲིས་པ་མ་ཡིན་པར། བཀོད་འབྲི་དང་ལྷུག་བརྗོད་སོགས་བྱས་པ་བརྒྱུད་ནས་བྱུང་རིམ་དེ་གཏམ་རྒྱུད་དང་ཁ་བྲལ་ནས་རང་ཉིད་ཀྱི་ཁྱབ་ཁོངས་ནས་བག་ཡངས་སུ་འཕེལ་བར་བྱས་ཡོད་པ་རེད། སྒྲུང་གཏམ་ནང་གི་བྱུང་རིམ་ནི་གོང་སྨོས་བཞིན་གོ་རིམ་ངེས་ཅན་ཞིག་གི་སྒོ་ནས་བྲིས་པ་མ་ཡིན་པར། བྱུང་རིམ་གྱི་སྒྲིག་གཞི་བསྣོལ་མར་བྲིས་པ་སྟེ། རྩོམ་པ་བོས་མུན་རུབ་ལ་ཉེ་བ་སྟེ་དུས་ཚོད་ཅིག་དང་དུས་ཚོད་དེའི་བར་སྐབས་སུ་ལྡང་བའི་རླུང་འཁྱག་པོ་ཞིག་བྲིས་པ་བརྒྱུད་ནས་སྒྲུང་གཏམ་གྱི་འགོ་དངོས་སུ་བརྩམས་ཡོད་པས། ཀློག་པ་བོར་སུན་སྣང་མི་སྟེར་བར་མ་ཟད། དེ་ལྟར་བྲིས་པ་དེས་སྒྲུང་གཏམ་གྱི་བྱུང་རིམ་ཧྲིལ་བོས་ཐག་གཅོད་དགོས་པའི་མཇུག་འབྲས་ལ་རོགས་རམ་ཆེན་པོ་གནང་ཞིང་། ཀློག་མཁན་ལ་ཐོག་མ་ཉིད་ནས་ཁྱད་མཚར་བའམ་ཡང་ན་དོན་དག་ངན་པ་ཅི་ཞིག་འབྱུང་བར་ཐོག་མའི་རྨང་ལེགས་པོ་ཞིག་བཏིང་ཐུབ་སོང་བར་སྙམ།
        དེ་ནས་རིམ་བཞིན་རྩོམ་པ་བོས་གཞུང་ལམ་གྱི་རླངས་འཁོར་དང་གཞོན་ནུ་མ་མ་གཏོགས་པའི་རྐང་ཐང་གིས་འགྲོ་མཁན་སོགས་ཧ་ཅང་སེམས་ཆུང་གིས་བྲིས་ཡོད་ཅིང་། བྱེ་མ་རྔ་རྡུང་ཞེས་པའི་མིང་གི་ཐོགས་ཚུལ་སོགས་གང་ལ་གང་འཚམ་གྱིས་བྲིས་ཡོད་ནའང་། བྱུང་རིམ་གྱི་ཚན་པ་སྔ་ཕྱི་བསྟན་དོན་གཅིག་གི་སྟེང་དུ་མི་འདྲིལ་བ་སོགས་ཀྱི་གནད་དོན་མ་བྱུང་བར་རྒྱུ་འབྲས་གཏན་ཚིགས་ཀྱི་འབྲེལ་བ་ངེས་ཅན་གྲུབ་འདུག་པས། བྱུང་རིམ་སྤེལ་བ་ཚགས་དམ་ཞིང་བག་ལ་ཞ་མེད་པར་གསོན་ཤུགས་ཀྱིས་ཁེངས་ཡོད།
        རྒྱལ་མོ་ཤི་སོང་། སུས་ཀྱང་རྒྱུ་མཚན་གང་གིས་ཡིན་པ་མི་ཤེས། གཞུག་ནས་མི་རྣམས་ཀྱིས་རྒྱལ་བོ་ཤི་བའི་སྡུག་བསྔལ་གྱི་སྟབས་ཀྱིས་ཡིན་པ་ཤེས་ཟེར་བ་ལྟར། གཞོན་ནུ་མ་ཞིག་གི་ཁྱོ་ག་ཞེས་པའི་སྒྲུང་གཏམ་འདིའི་མཇུག་ཏུ། གཞོན་ནུ་མའི་ཁྱོ་ག་ཤི་སོང་། སུས་ཀྱང་རྒྱུ་མཚན་གང་གིས་ཡིན་པ་མི་ཤེས། མ་གཞི་གཞོན་ནུ་མའི་ཁྱོ་གས་གཞོན་ནུ་མ་མ་བུ་གཉིས་ཀ་སྐྱོབ་ཆེད་སྤྱང་ཚོགས་ཀྱིས་ཟོས་སོང་བ་རེད། དེ་ཡང་གོང་སྨོས་བཞིན་ཐད་ཀར་དུ་རྒྱལ་བོ་ཤི་བའི་སྡུག་བསྔལ་གྱི་སྟབས་ཀྱིས་རྒྱལ་མོ་ཤི་སོང་ཞེས་པ་ལྟར་ཚིག་ཉུང་དོན་བསྡུས་ཀྱིས་བརྗོད་མེད་ནའང་། སྒྲུང་གཏམ་འདི་མགོ་རྩོམ་དུས་ནས་མུན་རུབ་ལ་ཉེ་བ་ནས་གཞོན་ནུ་མ་བྱེ་མ་རྔ་རྡུང་དུ་སླེབས་པ། དེ་ནས་མོས་སྤྱང་ཚོགས་ཀྱིས་འོ་དོད་སྒྲོག་པའི་སྒྲ་ཐོས་པ། དེ་ནས་ལག་འཁྱེར་ཁ་པར་བླངས་ནས་ཁྱོ་གར་བརྡ་བཏང་བ་དང་། ཁྱོ་གས་འཕྲུལ་རྟར་ཁ་ལོ་བསྒྱུར་ནས་བྱེ་མ་རྔ་རྡུང་ལ་ཐོན་པ་དང་གཞོན་ནུ་མ་བཙལ་ནས་བྱེ་མ་རྔ་རྡུང་གི་གང་སར་ཕྱིན་པ་སོགས་ཀྱིས་གཞོན་ནུ་མའི་ཁྱོ་གས་གཞོན་ནུ་མ་སྐྱོབ་སླད་འཇིག་རྟེན་དང་གཏན་དུ་གྱེས་སོང་བ་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་།
        རྩོམ་པ་བོས་བྱུང་རིམ་སྤེལ་དུས། བྱུང་རིམ་གྱི་སྐབས་སུ་དུས་ཀྱི་གོ་རིམ་མི་འགྱུར་ཡང་། རྒྱུ་འབྲས་ཀྱི་འབྲེལ་བའི་འདུ་ཤེས་ཀྱིས་དུས་ཀྱི་གོ་རིམ་གྱི་འདུ་ཤེས་མག་མོག་ཏུ་བྱས་འདུག་པས་ཀློག་པ་བོར་ངོ་མཚར་བའམ་ཤ་སྒྲིམ་པར་བྱེད་པའི་ཅུང་ཀྱ་ཀྱུ་ཅན་ནམ་གསང་མཚར་ཅན་གྱི་བྱུང་རིམ་ཞིག་སྤེལ་འདུག་པས། འདིས་ནི་བོད་ཀྱི་སྒྲུང་ཐུང་མང་བོ་ཞིག་ལ་མེད་པའམ། ཡང་ན་ཚགས་དམ་པོར་འབྲི་མ་ཐུབ་པའི་བྱུང་རིམ་གྱི་སྟོང་ཆ་ཞིག་བསྐངས་སོང་བར་འདོད། ཡིན་ནའང་། རྩོམ་པ་བོས་བྱུང་རིམ་གྱི་སྒྲིག་གཞི་བསྣོལ་མར་སྤེལ་དུས་བཀོད་འབྲི་ཉུང་ཞིང་ལྷུག་བརྗོད་ཅིག་གིས་སྒྲུང་གཏམ་གྱི་གཏམ་རྒྱུད་ལ་འཕལ་ཀ་འཕྲོད་པར་བྱས་པ་དེ་ཅུང་མི་འཚམ་པར་སྙམ་སྟེ། “གཞོན་ནུ་མ་དེ་ནི་སྦྲུམ་མ་ཞིག་ཡིན་ལ། མོར་མངལ་ཆགས་ནས་ཟླ་བ་བདུན་ལྷག་འགོར་སྟབས། ལྟོ་བའང་རང་བཞིན་གྱིས་ཕྱི་རུ་མངོན་པར་དོད་འདུག①”ཅེས་དང་། “བྱེ་མ་རྔ་རྡུང་ནི་མཚོ་སྔོན་པོའི་མཐའ་སྐོར་དུ་ཡོད་པའི་ཁྱད་མཚར་བའི་གནས་ཆེན་ཞིག་ཡིན། ངག་རྒྱུན་དུ”②སོགས་ལྷུག་བརྗོད་དེ་དག་གིས་ཕྱི་ངོས་ནས་སྒྲུང་གི་བྱུང་རིམ་འཕེལ་བ་ལ་རམ་འདེགས་ལྟ་བུ་བྱས་ཡོད་ནའང་། སྒྲུང་གི་བྱུང་རིམ་སྤེལ་བ་དང་བསྟུན་ནས་བསམ་བློའི་རང་སྟེང་གི་རྣོ་ངར་གྱི་ཆ་དང་། ཟབ་རྒྱས་ཕུན་ཚོགས་ཀྱི་ཆ་སོགས་གནད་དུ་འདོན་པར་གེགས་རྒྱ་མི་འགྲོའམ་སྙམ་པའི་སྣང་བ་ཞིག་སྦྱིན་སོང་། “སྤྱིའི་ཆ་ནས་རྩོམ་པ་བོས་ལྷུག་རྗོད་དང་བཀོད་འབྲི་ནི་སྤྱིར་ན་བརྩམས་སྒྲུང་གི་རྩ་བའི་འབྲི་ཐབས་གཉིས་ཡིན”③ཞེས་པ་བཞིན་སྒྲུང་གཏམ་ནང་གི་བཀོད་འབྲི་རེ་ཞིག་མཇུག་རྫོགས་རྗེས་ཡང་བྱུང་རིམ་གྱི་ལྷུག་རྗོད་ཀྱི་རྒྱུན་མཐུད་པས། གཏམ་རྒྱུད་མུ་མཐུད་དུ་མདུན་དུ་བསྐྱོད་ནས་བརྩམས་སྒྲུང་གི་སྒྱུ་རྩལ་གྱི་ནམ་མཁའ་གྲུབ་པར་བྱས་པ་ཅུང་ལེགས་གྲུབ་བྱུང་འདུག་སྙམ།
གཉིས། གཞོན་ནུ་མ་ཞིག་གི་ཁྱོ་ག་ཞེས་པའི་སྒྲུང་ཐུང་གི་བསམ་བློའི་བསྟན་དོན།
“        སྤྱིར་རྩོམ་རིག་གི་དགོངས་དོན་ནི་ལོ་རྒྱུས་འབྲི་བའི་སྟེང་ན་མེད་པར་ལོ་རྒྱུས་མཚོན་པའི་སྟེང་ན་དང་། ལོ་རྒྱུས་འཚོ་བར་གོ་ལོན་དང་མྱོང་རྟོག་བྱས་པའི་རྗེས་ཀྱི་མཛེས་རྟོག་གི་གསར་མཐོང་ཞིག་གི་སྟེང་ན་དང་། བཞུད་ཟིན་པའི་ལོ་ཟླ་ལས་བརྩམས་ཏེ་འཇིག་རྟེན་གསར་བ་ཞིག་བསྐྱར་དུ་བཞེངས་བསྐྲུན་བྱ་བའི་སྟེང་ན་ཡོད”④ཅེས་པ་བཞིན་གཞོན་ནུ་མ་ཞིག་གི་ཁྱོ་ག་ཞེས་པའི་སྒྲུང་ཐུང་འདིས་ནི་དུས་རབས་ཉེར་གཅིག་གི་བོད་མིའི་སྤྱི་ཚོགས་ཀྱི་གྲུ་ཟུར་ཆུང་ཆུང་ཞིག་ལ་མངོན་ཆུང་གིས་བསྙབས་པའི་ཞོར་དུ། དེ་དང་འབྲེལ་བའི་དུས་རབས་ཀྱི་དགོངས་པའང་ཟ་ཟུར་གང་རུང་ནས་སྟོན་ཅི་ཐབས་ཡོད་འདུག་སྙམ། རྒྱུ་མཚན་ནི། སྤྱིར་རྩོམ་པ་བོས་མདོ་སྨད་མཚོ་སྔོན་ཕྱོགས་ཀྱི་འབྲོག་ཁྱིམ་ཞིག་གི་གནས་ཚུལ་གཏམ་རྒྱུད་དུ་སྒྲིག་པ་སྟེ། བུད་མེད་ཅིག་གི་མངལ་དུ་འཁོར་བའི་ཚེ་སྲོག་ཆུང་ཆུང་དེ་བདེ་བླག་ངང་འཇིག་རྟེན་མི་ཡུལ་དུ་འབྱོན་ཐུབ་པའི་ཆེད་དུ། མཆོག་སྤྲུལ་ཚང་གི་ལུང་བསྟན་བཞིན་གནས་འགངས་ཆེན་ལ་གནས་སྐོར་དུ་སོང་བའི་ལམ་བར་ནས་བྱུང་བའི་ཡ་ང་བའི་དོན་དག་ཅིག་བྲིས་ཡོད་ནའང་། དེ་ལས་ང་ཚོར་ངོས་ཟིན་ཟབ་མོ་ཞིག་ཐོབ་ཐུབ་པ་ནི་མིའི་རིགས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་ཕྱིན་ནས་ཉི་མའི་ཁྱིམ་རྒྱུད་བརྒལ་ཞིང་། ས་ཡི་བུ་ག་ཉུལ་ནས་སྲིད་རྩེར་སླེབས་ནའང་། མིའི་རིགས་ནི་སྔར་བཞིན་གདོད་མའི་རང་བྱུང་གི་སྣང་ཚུལ་ལ་ལ་ཞིག་གི་འགྲེལ་ཐབས་དང་ད་དུང་འབྲལ་མེད་དུ་གནས་ཡོད་ཅིང་། ཡང་སྙིང་ཅི་ཞིག་གི་དགོས་མཁོ་ཚད་མེད་དུ་འབར་ཞིང་ཚིམ་པ་མེད་པའི་མིའི་ནང་སེམས་ཀྱི་ཆགས་སྲེད་ནི་ཐོག་མ་ཉིད་ནས་ལྷན་སྐྱེས་སུ་ཡོད་པའི་མཛེས་སྡུག་གི་ངོ་བོ་དེ་རྙེད་ཐུབ་པ་སྟེ། ད་ལྟ་ག་ས་གང་དུ་འཕྲོད་སྟེན་ཤེས་བྱ་ནི་དབྱར་གྱི་ཆུ་སྤྲིན་བཞིན་འཁྲིགས་གིན་ཡོད་ནའང་། སྒྲུང་གཏམ་ནང་གི་གཞོན་ནུ་མ་དེར་དེས་མི་ཚིམ་པར་མཆོག་སྤྲུལ་ཚང་གི་ལུང་བསྟན་བཞིན་བསྒྲུབ་དགོས་པར་འདོད་པ་དེས་ནི་མོའི་དད་པ་དག་སྣང་གི་སེམས་ཀྱི་འཇིག་རྟེན་གཙང་མ་ཞིག་རྩོམ་པ་བོས་འབྲི་བཞེངས་བྱས་ཤིང་། དུས་ལ་འགྱུར་བ་ཅི་འདྲ་བྱུང་ཡང་། མོ་དང་མོ་ལྟ་བའི་བོད་ཁུལ་གྱི་མི་མང་བོ་ཞིག་གིས་སྔར་བཞིན་དད་མོས་གཙོ་བོར་འཛིན་ཅིང་། དེ་ལྟ་བུའི་གདོད་མའི་རིན་ཐང་གི་ལྟ་ཚུལ་མང་བོ་ཞིག་དུས་ཀྱི་རླབས་ངོགས་སུ་འཕྱོ་བར་མ་བྱས་པར་དམ་སྲུང་བྱས་ཡོད་པའི་སྤྱི་ཁྱབ་ཀྱི་ཆོས་ཉིད་ཅིག་སྟེ། མདོ་དབུས་མཐོ་སྒང་དུ་འཚོ་བ་རོལ་བཞིན་པའི་མི་རྣམས་ལ་མཚོན་ན། ད་ལྟའི་དུས་འདིར་གདོད་མའི་དད་མོས་བྱེད་སྟངས་མང་བོ་ཞིག་ལ་ལྟ་ཚུལ་འབྱུང་གིན་ཡོད་པ་རེད། ཡིན་ནའང་། དུས་སྐབས་འདི་ལྟའི་ནང་དུ་སྔར་བཞིན་དད་མོས་གཙུག་ནས་མི་འདོར་བའི་མཐོ་སྒང་གི་མིའི་ཡོངས་ཁྱབ་ཀྱི་ཆོས་ཉིད་ཅིག་རྩོམ་པ་བོས་སྒྲུང་གཏམ་ནང་ཡོངས་སུ་མ་བསྟན་ནའང་མཚོན་དོན་ཆུང་ཆུང་ཞིག་ལ་དཔེ་བྱས་ཏེ་གནས་ལུགས་ཤིག་བརྗོད་ཡོད་པ་རེད་དེ། སྒྲུང་གཏམ་ནང་གི་གཞོན་ནུ་མ་ནི་གནས་སྐོར་གྱི་ཆེད་དུ་ཕ་ཡུལ་དང་ཁ་བྲལ་ཞིང་། དེ་ནས་སྤྱང་ཚོགས་ལ་ཐུག་པ་དང་། མོའི་ཁྱོ་ག་ནི་མོ་སྐྱོབ་སླད་དུ་འཇིག་རྟེན་དང་ཁ་གྱེས་པ་རེད། མདོར་ན། དད་མོས་ནི་ཚེ་སྲོག་ལས་ཀྱང་ལྷག་པ་རེད་དེ། སྒྲུང་གཏམ་ནང་གི་གཞོན་ནུ་མའི་ཁྱོ་ག་འཇིག་རྟེན་དང་བྲལ་སོང་བར་ཚད་ངེས་ཅན་ཞིག་ནས་ཁོ་ཚོའི་རྣམ་དག་གི་དད་མོས་དང་བརྒྱུད་པའི་འབྲེལ་བ་ཨེན་ཙམ་ཡོད་པ་རེད་དེ། དེ་མ་ཟད། ད་ལྟའི་དུས་སུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བྱུང་སྟེ་ས་ཡི་ཤར་ནུབ་ཀུན་ཏུ་ལྗོངས་རྒྱུ་བ་མོད་ཅིང་། ལྗོངས་རྒྱུ་ལ་འགྲོ་བ་ནི་ད་ལྟའི་དུས་ཀྱི་མི་མང་བོ་ཞིག་གི་བསམ་ཕྱོགས་གལ་ཆེན་ཞིག་ཡིན་པའི་རིན་ཐང་ལྟ་ཚུལ་དེའང་སྒྲུང་གཏམ་གྱི་ཟ་ཟུར་གང་རུང་དུ་བསྐུངས་ཡོད་པ་རེད། ཕྱོགས་གཞན་ནས་བཤད་ན། རླབས་ཆེན་གྱི་དངོས་ལུགས་རིག་པ་བ་ཨེན་སི་ཐན་གྱིས་གསུངས་པ་བཞིན་ཚན་རིག་མེད་པའི་ཆོས་ལུགས་ནི་ཞ་བོ་དང་། ཆོས་ལུགས་མེད་པའི་ཚན་རིག་ནི་ལོང་པ་ཡིན་ཞེས་པ་བཞིན་ད་ལྟའི་ཚན་རིག་ལག་རྩལ་ཡར་རྒྱས་ཆེན་པོ་ཕྱིན་པའི་དུས་རབས་འདིའི་ནང་དུའང་། མི་རྣམས་ཀྱིས་ཆོས་ལུགས་ནི་གཙུག་ཏུ་བཀུར་ཡོད་པ་རེད། སྤྱིར་རླབས་ཆེན་གྱི་ཨེན་སི་ཐན་གྱི་སྐད་ཆ་དེའི་དགོངས་དོན་ནི་དེ་མིན་ཡང་སྲིད་མོད། ཚད་ངེས་ཅན་ཞིག་ནས་བཤད་ན་མཐོ་སྒང་གི་མི་རྣམས་ཀྱི་སེམས་སུ་ཚན་རིག་དང་ཆོས་ལུགས་ནི་དུས་མཉམ་དུ་དང་ལེན་བྱེད་དགོས་པ་ཞིག་ཀྱང་རེད་སྙམ་གྱི་ཡོད་པ་སྟེ། སྒྲུང་གཏམ་ནང་གི་གཞོན་ནུ་མས་མཚན་མོ་དེར་ཁ་པར་བླངས་ནས་ཁྱོ་གར་འབྲེལ་གཏུག་བྱས་པ་དེ་ལས་ཀྱང་མཚོན་ཐུབ་པ་མ་ཟད། “ལམ་བར་དུ། གཞོན་ནུ་མའི་ཁྱོ་གས་ངག་ནས་གཟུངས་སྔགས་གང་རུང་ཞིག་མཚམས་མེད་དུ་ཟློ་ཞིང་། ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་རྣམས་ལ་གསོལ་བ་ཡང་ཡང་བཏབ། ཉིན་བདུན་གྱི་ཡར་སྔོན་གྱི་ཞོགས་པ་དེར་ཡང་། གཞོན་ནུ་མས་དེ་ལྟར་ཨུ་ཚུགས་མཐའ་སྐྱེལ་གྱིས་མཚོ་སྔོན་པོར་གནས་སྐོར་དུ་ཕྱིན་རྗེས། ཁོ་དེའི་མུར་ཉེ་འཁོར་གྱི་དགོན་པ་ཁ་ཤས་ལ་སོང་སྟེ་སྐྱབས་འཇུག་དང་རིམ་གྲོ་རབ་དང་རིམ་པ་བསྒྲུབས་པར་མ་ཟད། ཉིན་རེར་མཆོད་མདུན་དུ་མཆོད་མེ་རྐོང་བུ་གསུམ་རེ་ཆད་དུ་མ་བཅུག”⑤ཅེས་པས་མཚོན་སྟེ། མདོར་ན། མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ། ཆོས་ལུགས་དང་ཚན་རིག་ནི་གཅིག་ལ་གཅིག་བརྟེན་དུ་ཡོད་པ་རེད།
        སྒྲུང་ཐུང་འདིས་གནད་དོན་དེ་དག་གཙོ་བོར་བརྗོད་པ་མ་ཡིན་ཁུལ་བྱས་ཤིང་། ཆོས་ལུགས་པའི་དགེ་སྐྱོན་དང་ཚན་རིག་གི་བཟང་ངན་གང་ཡང་མ་གླེང་བར་སྒྲུང་ཐུང་གི་ཁྱད་ཆོས་སྟེ་ཐུང་བའི་སྟེང་ལ་འབབ་ཅི་ཐབས་བྱས་ཤིང་། འཚོ་བའི་གཏུབ་ངོས་ཤིག་མཚོན་པ་ལྷུར་བླངས་ནས་མི་སྣའི་གཤིས་ཀའི་ཁྱད་གཤིས་གཙོ་བོ་དམིགས་ཀྱིས་བཟུང་སྟེ་མདོ་དབུས་མཐོ་སྒང་གི་ད་ལྟའི་སྤྱི་ཚོགས་འཚོ་བའི་རྩ་བའི་ངོ་བོ་མཚོན་པར་བྱས་ཡོད་པ་རེད་སྙམ་སོང་ལ། སྒོས་སུ་གནས་སྐོར་དང་ལྗོངས་རྒྱུ་སོགས་གང་ལ་འགྲོ་ནའང་གཟབ་དགོས་སར་གཟབ་དགོས་ཤིང་། རིག་གནས་སྣ་མང་དང་སྤྱི་ཚོགས་རྙོག་འཛིང་ཅན་དུ་འགྱུར་བཞིན་པའི་དུས་འདིར། ལྷག་ཏུ་གཟབ་ནན་བྱ་དགོས་པའི་དོན་དག་མང་བོ་ཞིག་ལ་གཟབ་དགོས་པར་སྐུལ་བ་རེད་དེ། མཚན་མོ་དེར། གཞོན་ནུ་མས་ཁྱོ་གས་གཞོན་ནུ་མར་ཁ་པར་ཅི་ཙམ་བཏང་རུང་འཕྲོད་ཐབས་མེད་སོང་བས་མཚན་མོ་དེར་བྱུང་བའི་སྐྱོ་གར་གྱིས་ཀྱང་ཟུར་སྣེ་ཐུང་ཐུང་ཞིག་བསྟན་འདུག་སོང་སྙམ།
གསུམ་པ། མཇུག་སྡུད་པ།
        《གཞོན་ནུ་མ་ཞིག་གི་ཁྱོ་ག》ཞེས་པའི་སྒྲུང་ཐུང་འདི་ནི་རྩ་བའི་ཆ་ནས་ཅུང་ལེགས་གྲུབ་བྱུང་འདུག་སྙམ་སོང་། སྒྲུང་གཏམ་གྱི་བྱུང་རིམ་དང་བརྗོད་སྙིང་གང་གི་ཆ་ནས་བལྟས་ཀྱང་ལེགས་གྲུབ་བྱུང་སོང་བར་སྙམ་སྟེ། བོད་ཀྱི་སྲོལ་རྒྱུན་སྒྲུང་གཏམ་ལྟར་སྒྲུང་གཏམ་ལྷུག་རྗོད་ཀྱི་ཤུགས་ཆེ་བར་བྱས་པའི་གཏམ་རྒྱུད་ལྟ་བུ་མིན་པར་ལྷུག་རྗོད་དང་བཀོད་འབྲི་སྤེལ་བར་བྲིས་ནས་སྒྲུང་གཏམ་གྱི་ནམ་མཁའ་ལྷུར་བླངས་པ་མཚར་སྣང་དོད་ཅིང་མཛེས་ཉམས་ལྡན་ལ། གཏམ་རྒྱུད་དང་གནས་ལུགས་ཀྱིས་སྤུད་པའི་བརྗོད་བྱས་གྲུབ་པའི་བརྗོད་སྙིང་གཙོ་བོ་གཏིང་ཟབ་ཅིང་བརྗིད་ཆེ་བ་ཞིག་རེད་ཅིང་། ཀློག་པ་བོར་བསམ་གཞིག་གི་བར་སྟོང་གི་ངེས་ཅན་ཞིག་ཀྱང་བྱིན་ཡོད་པ་རེད་དེ། དཔེར་ན། མཚན་མོ་དེར་གཞོན་ནུ་མའི་ཁྱོ་གས་བྱེ་མ་རྔ་རྡུང་ནས་ཡུན་རིང་ཀི་བཏབ་ནས་གཞོན་ནུ་མ་རྙེད་མ་སོང་མོད། ཕྱི་ཉིན་གང་ཞིག་ནས་ལྗོངས་རྒྱུ་བ་སྐོར་ཞིག་དང་ལྷན་དུ་འཇུར་འོང་བ་དེའི་སྔ་གཞུག་ཏུ་ཀློག་པ་བོས་ཡང་སྙིང་ཞག་གང་བོར་གཞོན་ནུ་མ་དེ་གང་ཞིག་ལ་སོང་བ་ཡིན་ནམ་སོགས་ཀྱི་དྲི་བ་རབ་དང་རིམ་པར་དྲིས་འོང་སྲིད་པ་རེད། དེ་ནི་སི་ཐོ་ཁུ་ཧྥུའི“མཛེས་མ་རེད་དམ། རྒྱ་སྟག་རེད”⑥ཅེས་པའི་སྒྲུང་གི་མཇུག་འབྲས་དང་འདྲ་བར་སུས་ཀྱང་མཚན་མོ་དེར་གཞོན་ནུ་མ་གར་སོང་ལ་རང་རང་གི་སེམས་ནས་གཏམ་རྒྱུད་མང་བོ་བྲིས་ཆོག་པ་ནི་ཀློག་པ་བོར་ཐད་ཀར་བྱིན་པའི་བསམ་གཞིག་གི་བར་སྟོང་ཞིག་རེད་ཅིང་། བར་སྟོང་དེ་ནས་སྒྲུང་གི་ཕྱོགས་སོ་སོའི་དགེ་སྐྱོན་མཐའ་དག་རྩོམ་རིག་གི་བློ་སྦྱོང་ཨེན་ཙམ་ཡོད་པའི་མིའི་སྣང་ངོར་འཆར་ཐུབ་པ་འདྲ་སྙམ་མོ། །
དཔྱད་གཞི།
①②འཁྱམ་རུ་གནམ་ལྷ་རྒྱལ། 《གཞོན་ནུ་མ་ཞིག་གི་ཁྱོ་ག》〔J〕2017ལོའི་སྦྲང་ཆར་དེབ་དང་བོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། p5
③周政保,《文学格局与作家选择》〔M〕,江西人民出版社,1990年2月。p26
④汪政、晓华《涌动的潮汐》〔M〕,百花文艺出版社,1994年11月。p30
⑤འཁྱམ་རུ་གནམ་ལྷ་རྒྱལ། 《གཞོན་ནུ་མ་ཞིག་གི་ཁྱོ་ག》〔J〕2017ལོའི་སྦྲང་ཆར་དེབ་དང་བོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། p9
⑥弗兰克•理查德•斯托克顿《美女还是老虎》〔M〕,东南大学出版社,2015年5月。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1