སྙན་ངག་ལོ་ཙཱ་ལས་དཔེ་རྒྱན་དང་གཟུགས་རྒྱན་གཉིས་ཀྱི་སྒྱུར་སྟངས་ སྐོར་ལ་མདོ་ཙམ་དཔྱད་པ།

པདྨ་སྐྱིད། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06


        ནང་དོན་གནད་བསྡུས།  སྤྱིར་རྩོམ་རིག་བརྩམས་ཆོས་གང་དང་གང་ཞིག་ཡིན་ཡང་གཙོ་བོ་སྒྱུ་རྩལ་སྣང་བརྙན་གསར་བཞེངས་བྱས་པ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་ངེས་ཅན་ཞིག་མཚོན་པར་བྱེད་ཅིང་། ཡང་ན་རྩོམ་པ་བོ་གང་གི་ཡིད་ཀྱི་དགའ་སྐྱོ་ཆགས་སྡང་ལ་སོགས་པའི་འགྱུར་བ་སྣ་ཚོགས་སོགས་འཆར་ཡན་གྱིས་ཡུལ་ལྗོངས་གཞན་ཞིག་ཏུ་འཕྱོར་འབྲི་བྱེད་པ་ཞིག་ཡིན་ཞིང་། དེའི་ཚིག་སྦྱོར་ལ་གསོན་ཉམས་ལྡན་ཞིང་དབྱངས་ཉམས་ཀྱིས་མཛེས་ལ། རྩོམ་མཁན་གང་གི་བརྩེ་དུང་གི་སེམས་ཀྱིས་བརླན་ཞིང་ཕྱུར་བུར་གཏམས་པའི་ཁྱད་ཆོས་དང་ལྡན་པས། རྩོམ་རིག་བརྩམས་ཆོས་ལོ་ཙཱ་བྱེད་རྒྱུ་ནི་ཁག་པའི་གནས་ཤིག་ཡིན་ལ། དེ་ལས་ཀྱང་སྙན་ངག་ལོ་ཙཱ་བྱེད་རྒྱུ་ནི་རྩོམ་པ་བོ་ཞིག་གི་བརྩམས་ཆོས་དེ་རྩོམ་པའི་དུས་ཀྱི་ཡིད་ཀྱི་འགྱུར་བའམ་བརྩེ་དུང་གང་འདྲ་ཞིག་བཅིངས་ཡོད་པ་སོགས་ལ་རྒྱུས་མངའ་ཡོད་དགོས་པ་ཞིག་ཡིན་པས་ཧ་ཅང་དཀའ། ལྷག་པར་དུ་བོད་ཀྱི་སྙན་ངག་ཁྲོད་ཀྱི་དཔེ་རྒྱན་དང་གཟུགས་རྒྱན་གཉིས་ནི་རྩ་བའི་ཆ་ནས་མ་འདྲ་བའི་རྒྱན་གྱི་རིགས་གཉིས་ཏེ། ཡིན་ནའང་དེ་གཉིས་རྒྱ་ཡིག་ཏུ་བསྒྱུར་དུས་ནི་མང་བོ་ཞིག་གིས་དེ་འདྲའི་སྣང་འཇོག་གམ་དོ་ཁུར་མི་བྱེད་པར་གང་བདེ་བདེ་ཡི་སྒོ་ནས་བསྒྱུར་གྱིན་འདུག་པས། གཤམ་ནས་ཕྲན་གྱིས་དེ་གཉིས་ཀྱི་བསྒྱུར་སྟངས་ཐད་ལ་མདོ་ཙམ་དཔྱད་པར་བྱའོ། །
བརྡ་ཆད་གཙོ་བོ། སྙན་ངག་བསྒྱུར་ཐབས། དཔེ་རྒྱན། གཟུགས་རྒྱན། བསྒྱུར་སྟངས་ཀྱི་ཁྱད་པར།
དང་པོ། རྩོམ་རིག་ལས་སྙན་ངག་གི་ལོ་ཙཱའི་ཐབས་ལམ།
        བཤད་རྒྱུན་ཞིག་ལ། དེང་རབས་ཀྱི་ལོ་ཙཱ་བ་དག་གིས་སྙན་ངག་གི་བརྩམས་ཆོས་རྣམས་ཡིག་བསྒྱུར་བྱེད་དུས་མང་བོ་ཞིག་ཡིག་བསྒྱུར་གྱི་གོ་རིམ་ཁྲོད་དུ་འབོར་གྱིན་ཡོད་ལ། དེ་ལས་བསྒྱུར་ཟིན་པ་དག་ནི་སྙན་ངག་མ་ཡིན་པར། བོར་ཟིན་པ་དེ་ནི་ད་གཟོད་རྩོམ་པ་བོའི་སྨྱུག་རྩེ་ནས་ཐོན་པའི་སྙན་ངག་ཡིན་པར་བཤད། དོན་དངོས་སུ་དེ་ནི་ལོ་ཙཱ་བ་དག་གི་མ་འདང་བའི་ཆའམ་ཡང་ན་མ་འཁྱོངས་ས་དེ་ཡིན་སྲིད། སྙན་ངག་ཅེས་པའི་སྒྱུ་རྩལ་བརྩམས་ཆོས་འདིའི་རྩོམ་སྟངས་ཐད་ལ་འཛམ་གླིང་གི་མི་རིགས་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་ཁྱད་པར་ལྡན་ནའང་། རྩ་བའི་འབྲི་ཐབས་ཀྱི་ཆ་ནས་མང་བོ་ཞིག་རིགས་མཚུངས་སུ་མཆིས་ཏེ། རྒྱ་མི་རིགས་ཀྱི་སྙན་ངག་གི་སྲོལ་རྒྱུན་ལྟར་ན་དེའི་རྩོམ་སྟངས་ལ་གཙོ་བོ“赋比兴”ཞེས་རིགས་གསུམ་དུ་འབྱེད་ལ། དེ་ལས“赋”(铺陈直叙,描摹事物,直接陈述事物的表现手法)ཞེས་པ་ནི་སྐྱ་འབྲིའམ་ཚུལ་ལུགས་ཇི་བཞིན་བརྗོད་པ་སྟེ། ཕལ་ཆེར་བོད་ཀྱི་སྙན་ངག་ལས་རང་བཞིན་བརྗོད་པའི་རྒྱན་དང་ཧ་ལམ་མཚུངས་པ་དང་། “比”(用比喻的方法描绘事物,表达思想感情)ཞེས་པ་ནི་གཙོ་བོ་དཔེ་འགོད་པ་ལ་བརྟེན་ནས་བརྗོད་དོན་གང་ཉིད་གསལ་བར་བྱས་ཏེ་བསམ་བློའི་བརྩེ་དུང་མཚོན་པ་ཡིན། “兴”(托物起兴,即借某一事物开头来引起正题要描述的事物和表现思想感情的写法,是隐喻的形象)ཞེས་པ་ནི་བྱ་དངོས་གང་ཞིག་ལ་བརྟེན་ནས་རྩོམ་པ་བོའི་ཡིད་ཀྱི་ཀུན་སློང་གཡོས་ཤིང་། དེ་ལས་བརྗོད་བྱ་དངོས་གང་ཡིན་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྩོམ་སྟངས་ཤིག་ཡིན། རྒྱའི་སྙན་ངག་ལ་ཡང་བྱུང་རབས་བརྗོད་པའི་སྙན་ངག (叙事诗)དང་བརྩེ་དུང་བརྗོད་པའི་སྙན་ངག(抒情诗)ཡང་ན་ཚིགས་བཅད་སྙན་ངག(格律诗)དང་རང་མོས་སྙན་ངག(自由诗) ལྷུག་རྩོམ་སྙན་ངག(散文诗)སོགས་རིགས་མི་འདྲ་བ་སྣ་ཚོགས་ཡོད་ལ། དེ་དག་བོད་ཡིག་ཏུ་བསྒྱུར་བ་ལ་ཐོག་མར་རྩོམ་ལུས་ཀྱི་ཆ་ནས་བོད་རང་ལ་སྲོལ་རྒྱུན་དུ་བྱུང་བའི་སྙན་ངག་གི་ལུས་མི་འདྲ་བ་སྟེ། ང་ཚོས་རྒྱུན་དུ་བརྗོད་བཞིན་པའི་མེ་ལོང་ལུགས་ཀྱི་སྙན་ངག་གི་ལུས་དང་། མགུར་གླུའི་ལུས། དེང་རབས་རང་དབང་སྙན་ངག་གི་ལུས་གང་རུང་ཞིག་སྤྱད་རུང་ལ། བྱེ་བྲག་གི་ཚིག་རྒྱན་སྦྱོར་སྟངས་ནི་སྐབས་བབ་དང་བསྟུན་ནས་གང་ལ་ཅི་འབྱོར་དེ་ལ་དེར་བསྟུན་བྱ་དགོས། དེ་ཡང་རྒྱ་ཡིག་གི་སྙན་ངག་རིགས་གང་ཞིག་བོད་ཡིག་ཏུ་རྩོམ་ལུས་འདི་དང་དེ་ལ་བསྒྱུར་དགོས་ཞེས་པའི་བཀག་རྒྱའམ་ཚད་གཞི་ནི་གང་ཡང་མེད་པར། རྩོམ་ལུས་གསུམ་ཀ་མེ་ལོང་ལུགས་ཀྱི་སྙན་ངག་ལ་བསྒྱུར་བ་དང་། ཡང་ན་མགུར་མའི་ལུགས་སུ་དང་རང་མོས་སྙན་ངག་གི་ལུགས་སུ་བསྒྱུར་རུང་བ་སོགས་ནི། ད་ལྟའི་བར་བོད་དུ་འགྱུར་བའི་རྒྱའི་སྒྲུང་གཏམ་གྲགས་ཅན་བཞི་སྟེ། 《 ཆུ་ངོགས་གཏམ་རྒྱུད》 《 ཁང་ཆེན་དམར་པོའི་རྨི་ལམ》 རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》དང《ཐང་སིན་བླ་མའི་རྟོགས་བརྗོད》བཅས་ལས་ཀྱང་ར་སྤྲོད་གང་ལེགས་བྱས་ཡོད། མི་རིགས་གང་དང་གང་གི་སྐད་ཡིག་གི་ནང་དུ་སྙན་ངག་བསྒྱུར་ན་ཡང་། གཞུང་ལུགས་ཀྱི་ཆ་ནས་གཙོ་བོ་མི་རིགས་རང་གི་ཚིག་རྒྱན་རིག་པའི་གཞུང་ལུགས་ཚད་གཞིར་འཛིན་པ་ལས། མི་རིགས་གཞན་གྱི་ཚིག་རྒྱན་རིག་པའི་གཞུང་ལུགས་ཚད་གཞིར་བཟུང་ནས་རང་མི་རིགས་ཀྱི་ཚིག་རྒྱན་ལ་དཔྱད་པ་བཏང་ན་མི་འགྲིག དེ་བས་གཞན་གྱི་མི་རིགས་ཀྱི་སྙན་ངག་བོད་ཡིག་ཏུ་བསྒྱུར་ན་བོད་ཀྱི་ཚིག་རྒྱན་རིག་པའི་གཞུང་ལུགས་ཚད་གཞིར་བཟུང་ནས་བསྒྱུར་ན་སྙན་ངག་ལེགས་པོ་ཞིག་བསྒྱུར་ཐུབ་སྙམ། འགྱུར་ཡིག་བཟང་ངན་དབྱེ་ཞིབ་བྱེད་སྐབས་གཙོ་བོ་མི་རིགས་རང་གི་ཚིག་རྒྱན་རིག་པའི་གཞུང་ལུགས་ཚད་གཞིར་འཛིན་པ་ལས། མི་རིགས་གཞན་གྱི་ཚིག་རྒྱན་གྱི་གཞུང་ལུགས་ཚད་གཞིར་བཟུང་ན་མི་འོས། དེ་ཡང་མ་ཡིག་གི་ཚིག་རྒྱན་དང་ཉམས་འགྱུར་ལ་གཏན་ནས་དོ་སྣང་བྱེད་མི་དགོས་པའི་དོན་མ་ཡིན་ཏེ། ཐོག་མར་མ་ཡིག་གི་སྐད་ཁོངས་ཀྱི་ཚིག་རྒྱན་དང་ཉམས་འགྱུར་ལ་གོ་བ་ཡག་པོ་ཞིག་ལེན་དགོས་པ་དང་། དེ་ནས་མི་རིགས་རང་གི་ཡི་གེར་བསྒྱུར་དགོས། བོད་ཀྱི་སྙན་ངག་གི་གཞུང་ལུགས་ཀྱི་ནང་དོན་གཙོ་བོ་ལུས་རྒྱན་སྲོག་གསུམ་ཡོད་པས། རྒྱ་བོད་སྙན་ངག་ཡིག་སྒྱུར་བྱེད་པ་ལ་ལུས་རྒྱན་སྲོག་གསུམ་ལ་ཡིད་འཇོག་བྱེད་དགོས་སྙམ། གཅིག་ནི་སྙན་ངག་གི་བརྗོད་སྙིང་ངམ་སྲོག་གང་ཡིན་པ་དེ་ཇི་མ་ཇི་བཞིན་དུ་མཚོན་པར་བྱེད་དགོས། གཉིས་ནི་མ་ཡིག་གི་ནང་དུ་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་ཇི་བཞིན་མཚོན་པར་བྱེད་དགོས། གསུམ་ནི་མ་ཡིག་དང་འགྱུར་ཡིག་གཉིས་ཀྱི་རྩོམ་ལུས་འདྲ་མཚུངས་ཡོང་བ་ཙམ་བྱ་དགོས།
གཉིས་པ། དཔེ་རྒྱན་གྱི་བསྒྱུར་ཐབས་མདོར་བསྡུས།
        སྙན་ངག་མེ་ལོང་གི་གཞུང་ལས། དཔེ་དོན་ཐ་དད་བཀོད་པ་ལས། །མཚུངས་པར་རྟོགས་བྱེད་དཔེ་རྒྱན་ཡིན། །ཞེས་དཔེ་དང་དཔེ་ཅན་གཉིས་པོ་ངོ་བོ་ཐ་དད་པར་བཀོད་པ་ལ་བརྟེན་ནས་དེ་གཉིས་མཚུངས་པར་རྟོགས་པར་བྱེད་པ་ནི་དཔེ་རྒྱན་ཞེས་བྱ་བའི་མཚན་ཉིད་དེ། དེ་ཡང་དཔེ་རྒྱན་ལ་ནང་གསེས་སུམ་ཅུ་སོ་གཉིས་ཡོད་ཅིང་སོ་སོར་དཔེ་དོན་འགོད་ཐབས་མི་འདྲ་བ་སྣ་ཚོགས་ཤིག་མཆིས་ཏེ། དེ་དག་ལས་ཅུང་ཐུན་མོང་གི་ཁྱད་ཆོས་ཤིག་ནི་དཔེ་དོན་གཉིས་སོ་སོ་ངོ་བོ་གཅིག་ཏུ་མ་འདྲེས་པར་དབྱེ་རྒྱུ་ཡོད་པ་ཞིག་ཡིན་ཅིང་། ད་དུང་མཚུངས་སྒྲ་ངེས་ཅན་དགོས་པ་ཞིག་ཡིན་པས། ང་ཚོས་དཔེ་རྒྱན་བཀོལ་ཡོད་པའི་ཚིག་དང་ཤོ་ལོ་ཀ་སོགས་བསྒྱུར་དུས། འགྱུར་ཡིག་ཏུ་ཡང་དཔེ་དོན་སོ་སོ་དབྱེ་རྒྱུ་ཡོད་པ་དང་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡོད་པ་ཞིག་ཡིན་དགོས་པར་སྙམ། དེ་ཡང་ནང་གསེས་དང་བོ་ཆོས་དཔེ་ཡི་མཚན་གཞིའི་དཔེ་བརྗོད་ལ། མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར། །ཞེས་པ་ཀྲའོ་ཁང་གིས《སྙན་ངག་མེ་ལོང་ཞེས་བྱ་བ་ཡིག་རིགས་བཞིའི་ཤན་སྦྱར》ཞེས་པའི་ཁྲོད་དུ(美女啊!你的手心,像莲花一样微红。)ཞེས་པ་དང་། ཡང་གཉིས་པ་དངོས་དཔེ་ཡི་མཚན་གཞིའི་དཔེ་བརྗོད་དེ། ཁྱོད་ཀྱི་གདོང་ནི་པད་མ་བཞིན་། །མིག་དག་ཨུཏྤལ་སྔོན་པོ་བཞིན། །ཞེས་པ་ལ(你的面庞似莲花,一双眼睛似青莲。)སོགས་སུ་བསྒྱུར་བ་ལས་དཔེ་དང་དཔེ་ཅན་གཉིས་ངོ་བོ་གཅིག་ཏུ་མ་འདྲེས་པར་སོ་སོར་དབྱེ་ཞིང་། གཙོ་ཆེ་བ་ཞིག་ནི་དཔེ་རྒྱན་གཉིས་པོའི་ཁྲོད་ཀྱི་མཚུངས་པ་གསལ་བྱེད་ཀྱི་སྒྲ་སྟེ། བཞིན་སྒྲ་སྤྱད་ཅིང་འགྱུར་ཡིག་གི་ཁྲོད་དུ་ཡང(像)དང(似)གཉིས་སོ་སོ་སྦྱར་ཡོད་པས། མེ་ལོང་མའི་ཁྲོད་ཀྱི་དཔེ་རྒྱན་དེར་རྒྱའི་སྙན་ངག་ཁྲོད་དུ(比喻修饰)ཞེས་ཟེར་ཞིང་དེ་ནི་སྤྱིར་བཏང་གི་སྐད་ཆའམ་ཚིག་དུམ་ཁྲོད་ཀྱི(比喻)ཞེས་པ་དང་ཅུང་ཙམ་མི་འདྲ་བར་སྙམ། སྤྱིར་བཏང་གི(比喻)ཞེས་པ་ལ(明喻)དང(暗喻)སོགས་སུ་དབྱེ་རྒྱུ་ཡོད་ལ། འོན་ཀྱང་འདིའི་སྐབས་ཀྱི་(比喻修饰)ཞེས་པ་ནི་རྒྱའི་སྐད་ཆའམ་ཚིག་རྒྱན་ཁྲོད་ཀྱི(明喻)ཁོ་ན་ལ་འཇུག་པ་དང་། (暗喻)ཞེས་པ་ནི་བོད་ཀྱི་སྙན་ངག་གི་རྒྱན་ལས་ཅུང་གཟུགས་རྒྱན་གྱི་ཕྱོགས་གཏོགས་ཤིག་ཡིན་པར་སྙམ་པས། ང་ཚོས་མ་ཡིག་བོད་ཡིག་གི་ཁྲོད་ཀྱི་དཔེ་རྒྱན་ནི་རྒྱ་ཡིག་ཏུ་བསྒྱུར་དུས(像)དང(似)སོགས་རྒྱ་ཡིག་ཁྲོད་ཀྱི་མཚུངས་པ་གསལ་བྱེད་ཀྱི་སྒྲ་དག་ཡོད་པར་འོས་ཤིང་། རྒྱ་ཡིག་ཁྲོད་ཀྱི་དཔེ་བཀོད་ཅིང་མཚུངས་སྒྲ་ཡོད་པ་དག་བོད་ཡིག་ཏུ་བསྒྱུར་དུས་ཀྱང་རིགས་མཚུངས་ཡིན་པར་སྙམ། དོན་དངོས་སུ་དེ་འདྲ་ཡིན་མིན་ནི་ཤེས་ལྡན་ཀུན་གྱིས་དཔྱད་པའི་གནས་སོ། །
གསུམ་པ། གཟུགས་རྒྱན་གྱི་བསྒྱུར་ཐབས་མདོར་བསྡུས།
        གཟུགས་རྒྱན་ནམ་གཟུགས་ཅན་གྱི་རྒྱན་ནི་སྙན་ངག་མེ་ལོང་གི་རྩ་བར། བརྗོད་འདོད་དེ་ཉིད་དཔེ་དེ་ཡི། །གཟུགས་སུ་བཀོད་པ་གཟུགས་ཅན་རྒྱན། །ཞེས་དཔེ་དང་དཔེ་ཅན་གཉིས་ངོ་བོ་ཐ་དད་དུ་མ་བྱས་པར། བརྗོད་པར་འདོད་པའི་དོན་དེ་ཉིད་དཔེའི་གཟུགས་སུ་བཀོད་པ་ཞིག་ལ་ཟེར་ཞིང་། དེ་ལ་ཡང་ནང་གསེས་སུ་ཉི་ཤུ་ཡོད་ཅིང་སོ་སོར་དཔེ་དོན་འགོད་ཐབས་མི་འདྲ་བ་ཡོད་མོད་ཀྱི། དེ་དག་ལ་ཡང་ཐུན་མོང་གི་ཁྱད་ཆོས་ཤིག་ནི་གོང་སྨྲས་ཀྱི་དཔེ་རྒྱན་དང་མི་འདྲ་བར་དཔེ་དཔེ་ཅན་ངོ་བོ་གཅིག་ཏུ་འདྲེས་པ་དང་། མཚུངས་པ་གསལ་བྱེད་ཀྱི་སྒྲ་མེད་པ་ཞིག་གོ །
དེ་བས་ན་གཟུགས་རྒྱན་སྤྱད་ཡོད་པའི་ཚིག་དུམ་མམ་ཤོ་ལོ་ཀ་སོགས་བསྒྱུར་དུས་ཀྱང་དཔེ་དང་དཔེ་ཅན་སོ་སོར་དབྱེ་བ་དང་མཚུངས་གསལ་གྱི་སྒྲ་སྦྱོར་བ་སོགས་ནི་མ་རིགས་སོ། དེ་ལ་ཡང་རྒྱ་སྐད་དུ(形象化修饰)ཞེས་ཏེ། དེའི་ནང་གསེས་དང་བོ་བསྡུས་པའི་གཟུགས་ཅན་གྱི་མཚན་གཞིའི་དཔེ་བརྗོད། དཔུང་པ་འཁྲི་ཤིང་ལག་པ་ནི། །པདྨ་རྐང་པ་ཡལ་འདབ་བོ། །ཞེས་པ་ལ་ཀྲའོ་ཁང་གིས(臂膀藤条手莲花,腿脚叶片树枝杈。)ཞེས་དང་། གཉིས་པ་མ་བསྡུས་པའི་གཟུགས་ཅན་གྱི་དཔེ་བརྗོད། ལག་པའི་འཁྲི་ཤིང་སོར་མོ་རྣམས། །ཡལ་འདབ་སེན་མོའི་འོད་ཟེར་ནི། །མེ་ཏོག་ཏུ་གྱུར་དཔྱིད་ཀྱི་དཔལ། །ཁྱེད་ནི་ངེད་ལ་མངོན་སུམ་རྒྱུ། །ཞེས་པ་ནི(有着一双手臂的藤条,五指枝叶、指甲的光芒,您这朵花儿春风满面,在我面前不停地奔忙。)ཞེས་སོགས་སུ་བསྒྱུར་བ་ལས། མ་ཡིག་དང་འགྱུར་ཡིག་སོ་སོའི་ཁྲོད་དུ་དཔེ་དང་དཔེ་ཅན་གཉིས་ངོ་བོ་གཅིག་ཏུ་བྱས་ཏེ་སོ་སོར་མ་ཕྱེས་པ་ཞིག་ཡིན་ལ། མཚུངས་གསལ་གྱི་སྒྲ་ཡང་མཐོང་རྒྱུ་མེད་པ་ཞིག་ཡིན་པས། དེ་བས་ན་རྒྱའི་རྩོམ་གྱི་རིགས་སོ་སོའི་ཁྲོད་ཀྱི(暗喻)ཡང་ན(隐喻)ཞེས་པ་ཡང་གཟུགས་རྒྱན་དང་ཆ་འདྲ་བོ་ཡོད་པས། གཟུགས་ཅན་གྱི་རྒྱན་ནང་བཞིན་བསྒྱུར་ན་ལེགས་པར་སྙམ།
བཞི་བ། མཇུག་གི་གཏམ།
        གོང་བརྗོད་ཀྱི་དཔེ་རྒྱན་དང་གཟུགས་རྒྱན་གཉིས་ཀྱི་བསྒྱུར་ཐབས་སྐོར་ནི་ཕྱོགས་ཡོངས་ལ་ཁ་ཕྱོགས་པའི་བསྒྱུར་ཐབས་ཆ་ཚང་བ་ཞིག་མིན་ནའང་། ཕྲན་གྱིས་ནི་དེ་གཉིས་ཀྱི་རྩ་བའི་ཁྱད་པར་ཏེ་དཔེ་དཔེ་ཅན་གཉིས་ངོ་བོ་གཅིག་ཏུ་འདྲེས་མ་འདྲེས་དང་། མཚུངས་པ་གསལ་བྱེད་ཀྱི་སྒྲ་སྦྱར་མིན་ཐད་ནས་དེབ་འགའ་ལ་བལྟས་རྗེས་ལོ་ཙཱ་བྱེད་དུས་ཀྱི་ཞིབ་ཕྲའི་གནད་དོན་ཁ་ཤས་ལ་དབྱེ་ཞིབ་བྱས་ཏེ་རྒྱ་བོད་དམ་བོད་རྒྱའི་ཡིག་སྒྱུར་སྐོར་ལས། དཔེ་རྒྱན་དང་གཟུགས་རྒྱན་གཉིས་ཀྱི་སྒྱུར་སྟངས་ཐད་ལ་ཅུང་ཟད་ཙམ་བརྗོད་པ་ལགས་ཀྱི། འགྲིག་མིན་ནི་ལོ་ཙཱ་བ་དག་གིས་དཔྱད་པར་མཚལ་ལོ། །
 
དཔྱད་གཞི།
①《རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན》 [Z] འབྲུག་ལྷ་དང་ཟླ་བ་ཚེ་རིང་། མི་རིགས་དཔེ་སྐྲུན་ཁང་། 2009ལོར།
②《རྒྱ་བོད་ལོ་ཙཱའི་རྣམ་བཤད་བློ་གསལ་དགའ་སྟོན》 [M] འབའ་སྟོད་ཚེ་དབང་རྡོ་རྗེ། མི་རིགས་དཔེ་སྐྲུན་ཁང་། 2012ལོར།
③《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》 [M] དུང་དཀར་བློ་བཟང་འཕྲིན་ལས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོར།
④《སྙན་ངག་མེ་ལོང་ཞེས་བྱ་བ་ཡིག་རིགས་བཞིའི་ཤན་སྦྱར》 [Z] ཀྲའོ་ཁང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1