ཡིད་འོང་ཀན་ལྷོའི་ནོར་འཛིན་གཞིར། ། སྙན་ངག་སྨྲ་བ་ལྷན་འཛོམས་བྱུང་། །
(ཆས་པ་རྟ་མགྲིན་ཚེ་རིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06
—— རྒྱལ་ཡོངས་བོད་སྐད་སྙན་རྩོམ་འགྲན་བསྡུར་གྱི་བྱ་དགའི་ཚོགས་འདུའི་གནས་ཚུལ་རགས་བཀོད།
དབྱར་ཟླ་བདུན་པའི་ཀན་ལྷོའི་སྤང་ཐང་ནི་རི་མོ་མཁན་གྱིས་བྲིས་པ་ལྟར་མཛེས་ཤིང་ཡིད་དུ་འོང་བ་ཞིག་སྟེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་བོ་འཚང་ཁ་ཤིག་ཤིག་གིས་མ་བོས་མགྲོན་དུ་འདུ། སྟབས་ལེགས་པ་ལ་རྒྱལ་ཡོངས་བོད་སྐད་སྙན་རྩོམ་འགྲན་བསྡུར་གྱི་བྱ་དགའི་ཚོགས་འདུ་དེའང་དེ་འདྲའི་དགེ་མཚན་ལྡན་པའི་གནམ་ཟླ་རུ་བདེ་བླག་ངང་སྤེལ།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་ཀྲུང་གོའི་རིག་རྩལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བ་དང་། རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དགུ་བའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་པར་དགའ་བསུ་བྱེད་ཅིང་། མི་རིགས་གྲངས་ཉུང་ཁག་གི་རྩོམ་རིག་སྒྱུ་རྩལ་གྱི་ལས་དོན་གོང་འཕེལ་གཏོང་བར་སྐུལ་སློང་དང་། བོད་ཀྱི་སྙན་ངག་གསར་རྩོམ་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་ཆེད་དུ། ཟླ༧པའི་ཚེས༧ལ། ཀྲུང་གོའི་རྩོམ་པ་བོའི་མཐུན་ཚོགས་ཀྱི《མི་རིགས་རྩོམ་རིག》དུས་དེབ་ཁང་དང་ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་མཉམ་དུ་བསྒྲུབས་པའི་རྒྱལ་ཡོངས་བོད་སྐད་སྙན་རྩོམ་འགྲན་བསྡུར་གྱི་བྱ་དགའི་ཚོགས་འདུ་གཙོས་སུ་ཚོགས། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་བསྒྲགས་པུའུ་ཀྲང་བཀྲ་ཤིས་འཚོ་དང་།《མི་རིགས་རྩོམ་རིག》དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ་ཀྲའོ་ཡན་པའོ་བྱ་དགའི་ཚོགས་འདུར་ཞུགས་ཤིང་། པེ་ཅིན་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ས་ཁུལ་ནས་ཕེབས་པའི་བྱ་དགའ་འཐོབ་མཁན་གྱི་འཐུས་ཚབ་དང་ཀན་ལྷོ་ཁུལ་གྱི་རྩོམ་པ་བོའམ་སྙན་ངག་པ་མི༥༠ལྷག་ཚོགས་འདུར་ཞུགས། ལོ་ཕྱེད་ལྷག་གི་རྩོམ་བསྡུ་དང་དཔྱད་འདེམས་བརྒྱུད་མཐར་བོད་ལྗོངས་ཀྱི་འཆི་མེད་རབ་བརྟན་གྱི་སྙན་རྩོམ《ཡར་ཀླུང་ན། ངའི་རུས་པ་ཡོད》ཅེས་པར་བྱ་དགའ་ཨང་དང་བོ་ཐོབ། མཚོ་སྔོན་གྱི་བྱམས་པ་དགེ་ལེགས་ཀྱི་སྙན་རྩོམ《མྱང་ཚ་དཀར་རྒྱན》ཞེས་པ་དང་། ཀན་ལྷོའི་ཀླུ་འབུམ་བཀྲ་ཤིས་ཀྱི་སྙན་རྩོམ《ཞེན་ཆགས་ཀྱིས་བཞུར་བའི་ཡར་ཀླུང་གཙང་བོ》ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ། བོད་ལྗོངས་ཀྱི་རྒྱལ་ལོ་ཚེ་རིང་གི་སྙན་རྩོམ《ལྷ་སའི་རབ་བྱེད》ཅེས་པ་དང་། མཚོ་སྔོན་གྱི་ཀླུ་བྱམས་རྒྱལ་གྱི་སྙན་རྩོམ《གཤོག་པ། གཤོག་པ》ཅེས་པ། སི་ཁྲོན་རྔ་བའི་ཕུན་ཚོགས་ཀྱི་སྙན་རྩོམ《ཕ་ཡུལ་ལ་དབང་བའི་སྙན་ངག》ཅེས་པར་བྱ་དགའ་ཨང་གསུམ་པ་ཐོབ། པེ་ཅིན་གྱི་མོག་ཆུང་ཕུར་ཁོའི་སྙན་རྩོམ《རྟ་ཕུར་དང་འོ་ཇ》ཞེས་པ་དང་། བོད་ལྗོངས་ཀྱི་དོན་གྲུབ་ཚེ་རིང་གི་སྙན་རྩོམ《རི་ཁྲོད་ཀྱི་སྣང་བ》ཞེས་པ། མཚོ་སྔོན་གྱི་ཁྱུང་ཐར་རྒྱལ་གྱི་སྙན་རྩོམ《རྨི་ལམ་ཁྲ་ཁྲ》ཞེས་པ། ཀན་ལྷོའི་རྩིང་བ་དཀོན་བྷེའི་སྙན་རྩོམ《གཙོད་ཀྱི་དཔྱིད་ཀ》བཅས་ལ་མཚན་སྙན་བྱ་དགའ་ཐོབ། བོད་ལྗོངས་ཀྱི་བཀྲ་ཤིས་ཚེ་རིང་གི་སྙན་རྩོམ《བརྩེ་དུང་གི་འཕྲུལ་སྣང》ཞེས་པ་དང་། བློ་བཟང་རྒྱ་མཚོའི་སྙན་རྩོམ《ཀུན་བདེ་གླིང་གི་ཕུག་རོན》ཞེས་པ། མཚོ་སྔོན་གྱི་བདེ་སྐྱིད་སྒྲོལ་མའི་སྙན་རྩོམ《ཁྱོད་ནི་མ་ཞིག་གི་མིག་དང་ཕ་ཞིག་གི་སྙིང་ཡིན》ཞེས་པ། དཔའ་སྐྱབས་རྒྱལ་གྱི་སྙན་རྩོམ《ཕ་ས་ཕ་ཡུལ་དང་གཙང་གསུམ་འགོ་ཁུངས》ཞེས་པ། འབྲུག་ཐར་རྒྱལ་གྱི་སྙན་རྩོམ《ཉི་འོད་ཀྱིས་བསླེས་པའི་པོ་ཏཱ་ལ》ཞེས་པ། སི་ཁྲོན་རྔ་བའི་བསྟན་འཛིན་རྒྱ་མཚོའི་སྙན་རྩོམ《རང་སེམས་ལ་ཅེར་བ》ཞེས་པ། འཆི་མེད་རྡོ་རྗེའི་སྙན་རྩོམ《ཚོར་བའི་ཉིན་སྲིབ》ཞེས་པ། ཀན་སུའུ་དཀོན་མཆོག་བཀྲ་ཤིས་ཀྱི་སྙན་རྩོམ《མཚེར་ཤུལ་གྱི་དྲན་པ་དང་རྨི་ལམ》ཞེས་པ་དང་། ཅོ་ནེ་རྡོ་རྗེ་དོན་གྲུབ་ཀྱི་སྙན་རྩོམ《ནོར་འཛིན་མའི་རྨི་ལམ》ཞེས་པ་དང་། བཎ་དེ་ཚེ་རིང་གི་སྙན་རྩོམ《བདག་གི་སྤུན་ཟླ་ཚོ》བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ།
ཐེངས་འདིའི་སྙན་རྩོམ་འགྲན་བསྡུར་ལ་རྒྱལ་ཡོངས་མི་རིགས་ཁག་གི་སྙན་ངག་པ་གང་མང་སྤྲོ་སེམས་འཁོལ་བས་ཞུགས་ཤིང་། ཟླ༦པའི་ཚེས༡༥བར་དུ། པེ་ཅིན་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ཀྱི་འགྲན་ཞུགས་བརྩམས་ཆོས༥༡༥འབྱོར། དེར་བརྟེན། བྱ་འགུལ་རྩ་འཛུགས་བྱེད་མཁན་གྱིས་མངོན་གསལ་དང་འདྲ་མཉམ། དྲང་བདེན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ《མི་རིགས་རྩོམ་རིག》དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ་ཀྲའོ་ཡན་པའོ་དང་རྩོམ་སྒྲིག་པ་ལྕགས་རྡོར་རྒྱལ། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཀྱི་གཙོ་སྒྲིག་པ་ཨོ་རྒྱན་རྡོ་རྗེ། ཀན་ལྷོ་ཁུལ་གྱི《ཟླ་ཟེར》དུས་དེབ་ཀྱི་གཙོ་སྒྲིག་པ་ཕྱག་རྡོར་ཚེ་རིང་དང་གཙོ་སྒྲིག་གཞོན་པ་ཆས་པ་རྟ་མགྲིན་ཚེ་རིང་བཅས་གདན་འདྲེན་ཞུས་ཏེ་དཔྱད་འདེམས་ཨུ་ཡོན་ལྷན་ཁང་བཙུགས། བདམས་ཐོན་བྱུང་བའི་སྙན་རྩོམ༢༠ཡི་ནང་དོན་ཕུན་སུམ་ཚོགས་པ་དང་། བསམ་བློའི་ལྟ་བ་ཡང་དག་ཅིང་། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་མ་ཟད། དེ་དག་གིས་དེང་རབས་བོད་ཀྱི་རྩོམ་རིག་ཕུན་སུམ་ཚོགས་ཤིང་གོང་འཕེལ་ཆེན་པོ་བྱུང་བ་མཚོན་ནོ། །
བྱ་དགའི་ཚོགས་འདུར་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་བསྒྲགས་པུའུ་པུའུ་ཀྲང་བཀྲ་ཤིས་འཚོས་ཤིས་ཚིག་ཕུལ་ཏེ། ཀན་ལྷོ་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་ལས་དོན་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གོང་འཕེལ་ལ་རེ་བ་ཆེན་པོ་བཅངས་ཡོད་པའི་བསམ་ཚུལ་བསྟན། ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཝང་ཡོན་ཅུག་གིས་ཚོགས་འདུའི་གཙོ་འགན་ཁུར། 《མི་རིགས་རྩོམ་རིག》དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ་ཀྲའོ་ཡན་པའོ་ཡིས་གཏམ་བཤད་གནང་སྟེ་རྒྱ་ཆེའི་རྩོམ་པ་བོའམ་སྙན་ངག་པ་རྣམས་ལ་སྔར་ལས་ལྷག་པའི་རེ་འདུན་བཏོན་པ་མ་ཟད། ཐེངས་འདིའི་བྱ་དགའི་ཚོགས་འདུའི་སྤེལ་ཐེངས་ཐོག་མ་ཡིན་པ་དང་། འཕྲོ་ཕྱིན་རྒྱུན་མཐུད་དུ་སྤེལ་རྒྱུ་སྐུལ་འདེད་བགྱིས་སོ། །