ཡེ་ཤེས་ཀུན་བཟང་གི་ཕྱུར་འགྱུར་ལམ་བུ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-14


     ཟླ11པའི་ཚེས་8ཉིན་གྱི་ཕྱི་དྲོར། གསར་འགོད་པས་དགུན་གྱི་ཁ་བ་གདོང་གིས་བསུས་ཏེ་རྔ་བ་རྫོང་དམེ་སྐོར་ཡུལ་ཚོའི་བུ་ནང་སྡེ་བའི་རྔ་བ་རྫོང་གི་དམངས་དར་བཟའ་བཅའ་ཤ་མོའི་རིགས་འདེབས་འཛུགས་ཚད་ཡོད་ཀུང་སིའི་རྟེན་གཞི་རུ་སོང་།
      རྟེན་གཞི་དེ་རུ་ཐོན་མ་ཐག བོད་ཀྱི་ཕོ་སར་ཡེ་ཤེས་ཀུན་བཟང་གིས་སྤྲོ་སེམས་འཁོལ་བའི་ངང་ནས་ང་ཚོར་བསུ་མ་བྱས། ཡེ་ཤེས་ཀུན་བཟང་ནི་རྔ་བ་རྫོང་སྡེ་གུ་ཡུལ་ཚོའི་མཐའ་བ་ནས་ཡིན་ལ། 2013ལོར་རོང་མ་འབྲོག་གི་ཕ་ཡུལ་ནས་རྒྱང་ཐག་སྤྱི་ལེ་སུམ་ཅུ་ཙམ་གྱིས་ཆོད་པའི་རྟེན་གཞི་འདི་རུ་ཐོན་ནས་བྱ་བ་བསྒྲུབ། ཁོ་ནི་ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བས། ཚོང་བདག་གིས་ཁོང་ལ་གཅེས་མཐོང་ཆེན་པོ་བྱེད། རྟེན་གཞི་འདི་ན་བོད་པ་མང་ལ། གྲོང་ཁྱེར་ཏུའུ་ཅང་ཡན་ནས་ཡོང་བའི་ཚོང་བདག་ཧུའུ་ཀྲིང་ཅེན་གྱིས་བོད་སྐད་མི་ཤེས་པས། ཡེ་ཤེས་ཀུན་བཟང་ལ་ལོ་ཙཱ་བྱེད་དུ་བཅུག ཁོས་བྱ་བ་དེ་གཉེར་ནས་ད་བར་ལོ་བཞི་འགོར་འདུག
       ལོ་བཞི་ཡི་རིང་ལ་ཡེ་ཤེས་ཀུན་བཟང་གིས་གྲོང་ཁྱེར་ཁྲེང་ཏུའུ་དང་ཏེ་དབྱང་། གཡག་རྔ་སོགས་ནས་ཡོང་བའི་ལག་རྩལ་བ་དག་དང་མཉམ་དུ་བསྡད་ཅིང་། རང་འཁྲིས་ལས་ཀ་བསྒྲུབ་པའི་དུས་མཚུངས་སུ་བརྩོན་སེམས་ཆེན་པོས་ཤ་མོའི་རིགས་འདེབས་འཛུགས་དང་གསོ་སྐྱོང་ལག་རྩལ་སྦྱོང་བརྡར་བྱས་པས། ཐུམ་ཟུང་ཤ་མོ་དང་། དངུལ་ཤ་རྐང་རིང་། གསེར་ཤ་རྐང་རིང་སོགས་ཀྱི་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་ཡོད། དེ་བས་ཁོ་ནི་རྟེན་གཞི་འདི་ཡི་བོད་པའི་རྐང་འཛིན་ལག་རྩལ་པ་གཅིག་པུར་གྱུར་པ་རེད། 

     བཅར་འདྲི་བྱེད་སྐབས། ཡེ་ཤེས་ཀུན་བཟང་ནི་ཁ་བདེ་ཞིང་དགའ་སྣང་ཆེ། ཁོས་བྱང་ཆུབ་པའི་རྒྱ་སྐད་ལམ་ནས་གསར་འགོད་པར་བཤད་རྒྱུར། ཁོའི་བཟའ་ཟླས་ཀྱང་འདི་རུ་བྱ་བ་ལས་བཞིན་ཡོད་ལ། ཚོང་བདག་གིས་ཟས་མལ་འགན་ལེན་པ་དང་། ཉིན་རེར་ཡོང་འབབ་རྐྱང་བ་སྒོར་དགུ་བཅུ་ཙམ་ཡོད། སྔོན་ཆད་ཁོས་ལས་ཀ་གཞན་པ་བསྒྲུབས་མྱོང་ལ། དབྱར་རྩ་དགུན་འབུ་ཡང་འཐུ་མྱོང་མོད། ཡོང་འབབ་ཁྱོན་ནས་གཏན་འཇགས་མ་རེད། འདི་ནས་ལས་ཞུགས་བྱས་ན། ཁོ་བཟའ་ཟླ་གཉིས་ཀྱིས་ལོ་གཅིག་ལ་སྒོར་ཁྲི་ལྔ་དྲུག་ཙམ་གསོག་ཐུབ་ཀྱིན་འདུག ཁོས་ད་རུང་གསར་འགོད་པར་བཤད་རྒྱུར། འདིར་ཡོང་ནས་བྱ་བ་བསྒྲུབས་ནས་ལོ4འགོར་ཡོད། ཁྱིམ་གྱི་འཚོ་བ་ལོ་རེ་བཞིན་ཇེ་སྐྱིད་དང་། ད་སྐབས་ནི་ཁང་བ་གསར་བ་བསྐྲུན་ཅིང་ཁྱིམ་ཆས་ཀྱང་གསར་བ་བསྒྲིགས་ཡོད་པས་ཁོང་ཚང་གི་ཁྱིམ་ཚང་བདེ་ཞིང་སྐྱིད་ཅེས་བཤད། 


        གསར་འགོད་པས་བཅར་འདྲི་ལས་རྒྱུས་ལོན་པ་ལྟར་ན། རྟེན་གཞི་དེ་ནི2013ལོར་གསར་དུ་བཙུགས་ཤིང་། སྐབས་དེར་སའི་ཆེ་ཆུང་ལ་མུའུ150ལས་མེད་མོད། 2017ལོར་རྒྱ་བསྐྱེད་ནས་མུའུ480ལྷག་འདུག ད་ལོར་ཤ་མོའི་རིགས་མང་པོ་ཐོན་ཚད་ཏུན4575ཡོད་ཅིང་། སྤྱིའི་ཡོང་འབབ་སྒོར་ཁྲི2200ལ་བསླེབས་ཡོད།
      རྟེན་གཞི་ཡི་ས་རྒྱུ་བཟང་ཞིང་མཁའ་དབུགས་གཙང་ལ། དེའི་ཁར་ལུད་གཙོ་བོ་ལྕི་བ་ཡིན་པས། ཐོན་རྫས་ལ་ལྷད་མེད་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ། ཐོན་རྫས་དེ་དག་རྔ་བ་རྫོང་གི་མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར་ལ་འཚོང་བར་མ་ཟད། བརྒྱུད་འཚོང་བྱས་ཏེ་པེ་ཅིང་དང་། ཧྲང་ཧེ། ཀོང་ཀྲུའུ་སོགས་སུ་ཡང་བཙོང་ཡོད། རྔ་བ་རྫོང་གི་རྫོང་མཁར་གཅིག་པུར་ཆ་བཞག་ན། ཡེ་ཤེས་ཀུན་བཟང་ཉིན་རེར་ལྡུམ་ཚོང་ཁྲོམ་ར་རུ་ཐེངས་གསུམ་རེར་འགྲོ་དགོས་ལ། འགྲོ་ཐེངས་རེ་རེར་སྡེབ་ཚོང་ཁང་ལ་སོགས་པས་ཤ་མོ་འཐེན་རྩོད་བྱས་ཏེ་འཕྲལ་དུ་ཉོས་ནས་ཚར་འགྲོ་བ་རེད། 

       ཡེ་ཤེས་ཀུན་བཟང་གིས་གསར་འགོད་པ་ཁྲིད་དེ་རྟེན་གཞི་རུ་ཤ་མོ་བཏབ་པའི་སྤྱིལ་བུ་དང་མཛོད་ཁང་ལ་བལྟ་རུ་སོང་། ཁོས་གསར་འགོད་པར་བཤད་རྒྱུར། ནམ་ཟླ་ཇེ་འཁྱག་ཏུ་སོང་བ་དང་བསྟུན་ནས་ཤ་མོ་འདེབས་ཚད་ཀྱང་ཉུང་བས་ལག་རྩལ་མི་སྣ་ལས་གཞན་ཉེ་འཁོར་གྱི་ངལ་ལས་པ་དག་ལ་གནང་བ་གཏོང་བ་རེད། ངལ་ལས་བ་མི55ཡོད་ཅིང་མི་རེས་ལོ་རེར་མ་མཐར་སྒོར་ཁྲི2ཙམ་གྱི་གླ་ཡོན་བླངས་ནས་ཁྱིམ་དུ་ལོག་སྲིད། དོན་དངོས་ཀྱི་འཚོ་བའི་ཁྲོད། ལས་གླ་དུས་ཐོག་ཏུ་མི་སྤྲོད་པའི་གནས་ཚུལ་རྒྱུན་དུ་འབྱུང་སྲིད་མོད། 2016གི་ཟླ12བ་ནས་བཟུང་། འདི་ནས་ཉིན་རེར་ལས་མཚམས་འཇོག་རན་དུས། དངུལ་སྨར་གྱི་ལམ་ནས་ཉིན་རེའི་གླ་ཆ་རྩིས་རྒྱག་པ་རེད། ད་བར་དུ་ཉིན་གཅིག་ལ་ཡང་འགོར་འགྱང་བྱེད་མ་མྱོང་བས་ལས་ཀ་བ་དག་ཤིན་ཏུ་དགའ་སྤྲོ་སྐྱེ་བཞིན་ཡོད། 

     རྟེན་གཞིའི་ས་ཁུལ་དང་ཚོང་བདག་ཧུའུ་གླེང་ན་ཡེ་ཤེས་ཀུན་བཟང་ལ་ལྷག་པར་སྤྲོ་སྣང་གིས་ཁེངས་འདུག་ལ། ཁོས་བཤད་ན་རྟེན་གཞི་འདི་རུ། ཚོང་བདག་ཧུའུ་ལགས་ཀྱིས་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་བརྒྱུད་དེ། ཨ་འདུས་ཡུལ་ཚོའི་འཕེལ་ཁེ་སྡེ་བ་དང་བར་མ་ཡུལ་ཚོའི་ཐེའུ་ཆུང་སྡེ་བ། དམེ་སྐོར་ཡུལ་ཚོའི་བུ་ནང་སྡེ་བ་བཅས་དབུལ་ཕོངས་སྡེ་བ་གསུམ་དུ་ཤ་མོ་འདེབས་སའི་སྤྱིལ་བུ་བཟོས་ཤིང་། ལག་རྩལ་མཁོ་འདོན་དང་ཁྲོམ་ར་བཀོད་སྒྲིག་བྱས་ཏེ། དབུལ་ཕོངས་ཀྱི་སྡེ་བའི་ཡོང་འབབ་འཕར་བར་རོགས་རམ་བྱས། ད་ལོ་གཅིག་པུར། འཕེལ་ཁེ་སྡེ་བ་དང་ཐེའུ་ཆུང་སྡེ་བ། བུ་ནང་སྡེ་བ་བཅས་ཀྱི་ཡོང་འབབ་རྐྱང་བ་ནི་རེ་རེ་བཞིན་སྒོར་ཁྲི5.2དང་4དང་4.16བཅས་ལ་བསླེབས་ཡོད། འདི་ནི་སྡེ་བ་འདི་དག་ལ་མཚོན་ན་འཁྱག་དུས་གོས་དང་ལྟོགས་དུས་ཟས་ལྟ་བུའི་དཔེ་རུ་ཅི་ལ་མི་འགྲོ། 

     བཅར་འདྲི་མཇུག་རྫོགས་ནས་གསར་འགོད་པ་རྟེན་གཞིའི་སྒོ་ཆེན་ལས་བུད་དུས། ཕྱི་རུ་མཐོ་ཚད་སྨི་གཉིས་ཙམ་གྱི་སྨྱུག་སྒྲོམ་མང་དུ་བསྒྲིགས་འདུག ཡེ་ཤེས་ཀུན་བཟང་གིས་བཤད་ན། དེ་ནི་ཚོང་བདག་གིས་རྔ་བ་རྫོང་གི་ཞིང་འབྲོག་མང་པོ་ཞིག་དབུལ་ཐར་ཡོང་ཆེད་བསྒྲུབ་པའི་ལས་གཞི་ཆེན་པོ་ཞིག་སྟེ། སང་ལོ་ནས་ཁོས་འདི་ནས་འདམ་མྱུག་གསོ་དགོས་ལ། དམེ་སྐོར་ཡུལ་ཚོ་ནས་མགོ་བཟུང་སྟེ་རིམ་གྱིས་རྫོང་ཡོངས་ལ་ཁྱབ་གདལ་གཏོང་སྲིད། ཚོང་བདག་ཧུའུ་ལགས་ཀྱིས་ལག་རྩལ་མཛུབ་སྟོན་དང་འཚོང་འགན་གཙང་ལེན་བྱེད་པ་རེད། ཡེ་ཤེས་ཀུན་བཟང་གིས་བཤད་རྒྱུར། ཚོང་བདག་གིས་བཤད་ན། འདམ་མྱུག་འཛུགས་པར་ལག་རྩལ་མང་བོ་མི་དགོས་ལ། སྐྱོང་རྒྱུ་ཡང་རྙོག་འཛིང་མིན་པ་དང་། ཐེངས་གཅིག་ལ་བཏབ་ན་ལོ་བཅུ་ལྷག་རིང་བསྡུ་ལེན་བྱེད་ཆོག་ཅིང་། ཕྱིར་འཚོང་གི་རིན་གོང་བཟང་བས་བོད་ཁུལ་ལ་ཤིན་ཏུ་འཕྲོད་ཟེར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1