ལི་ཁེ་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 11-16


        ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་13ཉིན་ནས་སྤྱི་ཚེས་14ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་ཚོགས་འདུར་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་ཐུན་མོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཐུན་མོང་དང་། ཕྱོགས་བསྡུས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བདེ་འཇགས་ལྟ་བའི་གྲོས་འགོ་བཏོན་གནང་ཡོད་པ་རེད། 
        ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྥེ་ལི་ཕིན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་བཅུ་ཐོག་གཅིག་སྣོན་གྲོས་ཚོགས་སྐབས་ཉི་ཤུ་པའི་འགོ་ཁྲིད་པའི་ཚོགས་འདུར་ཞུགས་ཡོད། ལི་ཁེ་ཆང་གིས་ཧྥེ་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་ལྷན་དུ་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་རེད།
        ལི་ཁེ་ཆང་གིས་གཏམ་བཤད་སྤེལ་གནང་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་བཞིན་ཡོད། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འགྲོར་འཇོག་བཞིན་ཡོད་ཅེས་གསུངས་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འབྲེལ་བ་སྔར་བས་གོང་འཕེལ་འགྲོ་བའི་ཐད་གྲོས་འགོ་ལྔ་བཏོན་གནང་ཡོད་པ་སྟེ།
དང་པོ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུམ་ལམ་འཆར་གཞི་ཐུན་མོང་ཐོག་འགོད་པ་དང་། སྤྱི་ལོ་2030ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་མདུན་ལྗོངས་བཟོ་བ་དང་། གཉིས་ཐོག་བདུན་སྣོན་གྱི་མཉམ་ལས་སྒྲོམ་གཞི་དེ་གསུམ་ཐོག་Xསྣོན་པའི་མཉམ་ལས་སྒྲོམ་གཞིར་རིམ་སྤོར་བྱ་རྒྱུ་དང་། ཆབ་སྲིད་བདེ་འཇགས་དང་། དཔལ་འབྱོར་ཉོ་ཚོང་། མི་ཆོས་རིག་གནས་སྤེལ་རེས་སོགས་འདེགས་སྐྱོར་གཙོ་བོ་གསུམ་གཙོ་བོར་བྱས་ཏེ། ཁྱབ་ཁོངས་མང་པོའི་མཉམ་ལས་འདེགས་སྐྱོར་དུ་བྱས་པའི་མཉམ་ལས་ཀྱི་སྒྲོམ་གཞི་གསར་པ་སྐྲུན་དགོས་པ་དང་།
གཉིས་པ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་སྤྱི་ལོ་2025ལོའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་མཉམ་འབྲེལ་མཉམ་མཐུད་ཀྱི་སྤྱིའི་འཆར་འགོད་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ།
གསུམ་པ། ཕྱོགས་གཉིས་པོའི་ཆབ་སྲིད་བདེ་འཇགས་ཀྱི་མཉམ་ལས་ལ་བརྟན་པོའི་ངང་ཤུགས་སྣོན་རྒྱག་པ།
བཞི་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འབྲེལ་ཐག་སྔར་ལས་དམ་པར་འཆིང་བ།
ལྔ་པ། མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པ་གཏོང་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཡུལ་སྐོར་མཉམ་ལས་སྐས་རིམ་གསར་པའི་ཐོག་སླར་ཡང་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཡིན་པ་རེད།
ལི་ཁེ་ཆང་གིས། ཀྲུང་གོས་ད་རེས་ཀྱི་གྲོས་ཚོགས་བརྒྱུད་ནས་ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི་གོམ་སྟབས་རྗེས་མའི་གྲོས་དོན་ཡི་གེའི་གྲོས་མོལ་དངོས་སུ་བྱ་རྒྱུ་ཁྱབ་བསྒྲགས་བྱེད་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
        ཚོགས་འདུར་ཞུགས་མཁན་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཕྱོགས་གཉིས་པོསི་ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི་གྲོས་མོལ་དངོས་སུ་བྱེད་པར་གདེང་འཇོག་གང་ལེགས་བྱས་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་བཏང་ནས། མཚོ་ཐོག་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་ཐོག་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་གོང་འཕེལ་འགན་ལེན་བྱེད་པའི་རེ་བ་ཡོད་ཅེས་བསྟན་ཡོད།
ཚོགས་འདུའི་ཐོག་(ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱིས་རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་བྱ་རྒྱུ་སྔར་བས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་)སོགས་གྲུབ་འབྲས་ཡིག་ཆར་གྲོས་འཆམ་བྱུང་ཡོད་པ་རེད།
        ལི་ཁེ་ཆང་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་བཅུ་དང་དེ་བཞིན་སྐད་ཆ་ཤོད་རེས་རོགས་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ད་དུང་སྤྱི་ཚེས་12ཉིན་གྱི་དགོང་མོ་གཉེར་བའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དབུ་བརྙེས་ནས་ལོ་ངོ་50འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དང་སྤྱི་ཚེས་13ཉིན་གྱི་སྔ་དྲོ་གཉེར་བའི་སྐབས་འདིའི་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་མུ་འབྲེལ་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1