བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་བླ་སྤྲུལ་ཡང་སྲིད་སྐོར་གྱི་ཆེད་དོན་འགྲེམས་སྟོན་ལ་གཟིགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-27


 
        སྤྱི་ཟླ་11  ཚེས་23 ཉིན་གྱི་སྔ་དྲོར། 《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་བྱ་ཐབས》ཞེས་པ་འགྲེམས་སྤེལ་བྱས་ནས་ལོ་བཅུ་འཁོར་བའི་མཚམས་སུ།  པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་དགའ་ལྡན་བྱིན་ཆགས་གླིང་ནས་ཕེབས་པའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་60 ལྷག་ཙམ་དང་ལྷན་དུ།  པེ་ཅིང་བོད་ལྗོངས་རིག་གནས་འགྲེམས་སྟོན་ཁང་དུ་གཉེར་བའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་སྐོར་གྱི་ཆེད་དོན་འགྲེམས་སྟོན་ལ་གཟིགས་གནང་བ་རེད།  འགྲེམས་སྟོན་དེས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་།  དེ་བཞིན་ཏཱ་ལ་དང་པཎ་ཆེན་སོགས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་སོགས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད། 
        འགྲེམས་སྟོན་གཟིགས་རྗེས།  པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རིམ་བྱོན་དག་ལ་ཆོས་ལུགས་ཀྱི་མཁྱེན་རྒྱ་ཟབ་མོ་ཡོད་པ་ཙམ་མ་ཟད།  རྒྱལ་ཁབ་གོང་བུ་གཅིག་གྱུར་དང་།  སྐབས་དེའི་སྤྱི་ཚོགས་དར་རྒྱས་དང་བརྟན་ལྷིང་གི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས།  རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ཡང་གཏོད་ཡོད་ཅེས་གསུངས།
        《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་བྱ་ཐབས》ཞེས་པ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པ་དང་།  སྤྱི་ལོ་2007 ལོའི་ཟླ་9 ཚེས་1 ཉིན་ནས་ལག་བསྟར་བྱེད་འགོ་ཚུགས།  ལོ་10 ཡི་རིང་བོད་རང་སྐྱོང་ལྗོངས་ཁོ་ནར་བླ་སྤྲུལ་གྱི་ཡང་སྲིད་60ལྷག་ཙམ་བྱ་ཐབས་འདི་གཞིར་བཟུང་ངོས་འཛིན་ཞུས་པ་དང་ཆོག་མཆན་སྤྲད་ཡོད་པས།  བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་བའི་ལས་དོན་ཡང་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་དུ་གྱུར་ཡོད།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1