དགའ་ལྡན་ལྔ་མཆོད་ཀྱི་ཡུལ་དངོས།
ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། དགུན་དུས་ཀྱི་ལྷ་སའི་དགོང་དྲོའི་གནམ་ངོ་རིམ་བཞིན་ཇེ་ནག་ཏུ་སོང་། ཉི་མའི་འོད་ཐིག་དྲོད་མོ་རིམ་གྱིས་ཡལ། འཁྱགས་སིལ་སིལ་གྱི་གྲང་ངར་གྱིས་མི་རྣམས་ལ་ས་མཐོའི་གནམ་གཤིས་ཀྱི་དྲན་སྐུལ་བྱེད། གནའ་བོའི་བར་སྐོར་གྱི་ཁྲོམ་གཞུང་གི་གློག་སྒྲོན་ལྷག་པར་མཛེས་ལ། སྐད་གྲགས་ཆེ་བའི་ཡུལ་སྐོར་གྱི་ལམ་འདི་རུ་མཚན་མོ་འདིར་ལྷག་ཏུ་འཚང་ཁ་ཆེ། བགྲོད་ལམ་གྱི་གཡས་གཡོན་དང་བགྲོད་ཟམ་སྟེང་དུ། གྱོན་ཆས་མཐུག་པོ་ཁྲ་རིག་གྱོན་པའི་ཡུལ་སྐོར་བའི་མི་ཚད་གཙུག་ལག་ཁང་གི་ཇོ་བོར་མཇལ་དུ་འགྲོ་བའི་དད་མང་ཚོགས་དེ་བས་མང་། བར་སྐོར་དཀྱིལ་གྱི་གཙུག་ལག་ཁང་དུ་མི་ཚོགས་ཀྱིས་བཀང་ཞིང་མཚན་མོ་འདིའི་གྲང་ངར་གྱིས་མཇལ་སྐོར་གྱི་མདུན་པ་འགོག་ཐབས་བྲལ།
ཟླ་12ཚེས་12ཉིན་ནི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་ཡིན། ཉིན་དེ་ནི་བོད་བརྒྱུད་ནང་བསྟན་གྱི་རི་བོ་དགེ་ལུགས་པའི་གྲུབ་མཐའི་ལོ་རེའི་སྲོལ་རྒྱུན་ཆོས་ལུགས་ཀྱི་སྨོན་ལམ་གལ་ཆེན་ཏེ་དགའ་ལྡན་ལྔ་མཆོད་ཆེན་མོ་ཡིན། དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་གཏོད་མཁན་རྒྱལ་བ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་ཉིན་མོ་རྗེས་དྲན་ཞུ་བ་རེད། དམིགས་བསལ་གྱི་ཉིན་མོ་འདི་ལ་དགེ་ལུགས་པའི་དགོན་སྡེ་ཡོངས་ཀྱིས་མར་མེ་གྲངས་མེད་ཀྱི་ཞལ་ཞུས་ནས་དྲན་གསོ་ཞུ་བ་ཡིན།
དགེ་འདུན་པ་རྣམས་ཀྱིས་མཆོད་མེ་ཞལ་ཞུ་བཞིན་པ།
ཉིན་དེའི་དགོང་མོའི་ཆུ་ཚོད་7སྟེང་། དགེ་འདུན་པ་རྣམས་ཀྱིས་སྐོར་ལམ་གྱི་གཡས་གཡོན་དང་མཆོད་རྟེན་གྱི་མཐའ་འཁོར། ལྷ་ཁང་གི་ཡང་སྟེང་། སྒེའུ་ཁུང་གི་སྟེགས་བུ། གཞིས་ཁང་གི་མཆོད་ཁང་། ལྷ་སྒམ། མཆོད་སྟེགས་སོགས་མཆོད་མེ་སྤར་ཐུབ་པའི་སྟེགས་བུར་ཡོད་ཚད་དུ་མཆོད་མེ་ཞལ་ཞུས། མཆོད་མེའི་འོད་སྣང་ལྷབ་ལྷུབ་ཀྱིས་གཡོ་ཞིང་གཙུག་ལག་ཁང་ཧྲིལ་པོར་གསལ་ལེར་བཏང་ལ། བར་སྐོར་གྱི་དད་ལྡན་མང་ཚོགས་རྣམས་ཀྱིས་གསོལ་འདེབས་བྱ་བཞིན་པ་གསལ་བོ་མཐོང་ཐུབ། དད་ལྡན་མང་ཚོགས་ཚོས་ལག་ཏུ་མ་ཎི་ལག་འཁོར་བསྐོར་ཞོར་གོམ་སྟབས་དལ་ལ་བབ་ཆགས། ལག་ཏུ་བསྣམས་པའི་ཐང་ཤིང་གི་ལོ་མ་བསང་མགོར་ཕུལ་བ་དང་། དུ་བ་དཀར་བོ་དེ་ཐང་ཤིང་གི་དྲི་དང་མཛེས་སྡུག་གི་འཚོ་བའི་སྨོན་ལམ་དང་བསྡོངས་ནས་གཙུག་ལག་ཁང་གི་གྲུ་ཟུར་ཡོངས་སུ་འཁྱིལ་ལ་དད་ལྡན་མང་ཚོགས་རེ་རེའི་ལུས་སྟེང་ཀུན་དུ་ཁྱབ།
ན་གཞོན་དགེ་འདུན་པས་མཆོད་མེ་ཞལ་ཞུ་བཞིན་པ།
དགོང་མོའི་དུས་ཚོད་8ཙམ་ལ། དུང་ཆེན་དང་དུང་དཀར། རྒྱ་གླིང་གི་འབུད་སྒྲའི་ཁྲོད་གཙུག་ལག་ཁང་གི་དགེ་འདུན་པ་བཅུ་ཕྲག་ཁ་ཤས་ཀྱིས་《རྗེ་ཙོང་ཁ་པའི་གསོལ་འདེབས།》དབྱངས་སུ་གྱེར།“གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།……”བར་སྐོར་གྱི་དད་ལྡན་མང་ཚོགས་ཀྱི་གོམ་འགྲོས་ཇེ་དལ་དུ་སོང་། ལོ་ན་བགྲེས་པའི་དད་ལྡན་པས་ལག་ཏུ་ཐོགས་པའི་མ་ཎི་འཁོར་ལོ་མགྱོགས་པོར་བསྐོར་བ་དང་། སྐད་གསེང་མཐོན་པོས་གསོལ་འདེབས་མཉམ་འདོན་བྱས།
ལོ་ན་གཞོན་པའི་དད་ལྡན་རེ་འགས་ཁ་པར་དང་པར་ཆས་མཐོན་པོར་བཟུང་ནས་དགའ་ལྡན་ལྔ་མཆོད་ཀྱི་གཟབ་རྒྱས་རྣམ་པ་ཕྱི་རོལ་དུ་ཐད་གཏོང་བྱས། ལོ་ན་རྒན་གཞོན་ཀུན་གྱིས་ལག་ཏུ་དངོས་པོ་འདྲ་མིན་སྣ་ཚོགས་བསྣམས་ཡོད་ཀྱང་། ངག་ཏུ་མ་བགྲོས་རང་མཐུན་གྱིས་རྗེ་ཙོང་ཁ་པའི་གསོལ་འདེབས་དབྱངས་སུ་གྱེར། རྔམ་ཞིང་བརྗིད་པའི་ཆོས་དུང་གི་སྒྲ་དང་གསོལ་འདེབས་དབྱངས་སུ་གྱེར་པའི་སྒྲས་བར་སྣང་ཁེངས།
དད་ལྡན་པས་ཁ་པར་བཟུང་ནས་གཟབ་རྒྱས་རྣམ་པ་བརྙན་ཕབ་བཞིན་པ།
ཆོས་དུང་གི་སྒྲ་རིམ་གྱིས་འཇགས་སུ་ཕྱིན། གསོལ་འདེབས་དབྱངས་སུ་གྱེར་པའི་སྒྲ་སྔར་བཞིན་སྐོར་ལམ་ཀུན་དུ་གྲགས། མཚན་གུང་ཉེ་སྐབས་དད་ལྡན་མང་ཚོགས་རྣམས་སྔར་བཞིན་སྐོར་ལམ་དུ་རིམ་པའི་རིམ་པ་བཞིན་བསྐོར་བ་འགྲོ་བ་དང་། ཡང་དང་བསྐྱར་དུ་གསོལ་འདེབས་དབྱངས་སུ་གྱེར། ལྷ་སའི་མཚན་མོར་ཁང་བའི་སྒེའུ་ཁུང་གི་སྟེགས་བུ་དང་ཡང་སྟེང་གི་མཆོད་མེའི་མེ་ལྕེ་ལྷབ་ལྷུབ་ཏུ་གཡོ། རླུང་བུ་གཡུག་པ་མཉམ་དུ་སྐར་ཚོགས་ཁྲི་སྟོང་མང་པོས་བཀྲགས་མདངས་ཀྱི་འོད་འཚེར་བ་དང་མཚུངས་ལ། ལྷ་ས་གྲོང་ཁྱེར་གྱི་རྒྱ་སྲང་ཡོངས་སུ་དྲོད་འཁོལ་བསྐྱིལ། ཉི་འོད་གྲོང་ཁྱེར་དེ་གཟབ་རྒྱས་ཆེ་ཞིང་གཟིམ་པ་མེད་པའི་གྲོང་ཁྱེར་ཞིག་ཏུ་གྱུར། བགྲངས་ཀྱིས་མི་ཟིན་པའི་མཆོད་མེས་ལྷ་སའི་ཁྲོམ་གཞུང་གང་སར་ཁྱབ། བདེ་སྐྱིད་ཀྱི་སྨོན་ལམ་དེའང་ལྷབ་ལྷུབ་ཏུ་གཡོ་བའི་མཆོད་མེའི་མེ་ལྕེ་དང་མཚུངས་པར་འོད་འཚེར་ཞིང་ཉིན་མཚན་ཀུན་ཏུ་དལ་བ་མེད་པར་འོད་སྣང་དང་མཛེས་སྡུག་ལྡན་པ་ཞིག་རེད།