མ་བཅོས་དང་བོའི་འགྱུར་ཁུགས།

ཀླུ་ཚང་སྨྱུག་རྩེན། (རྩེ་ཁོག་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


དང་བོ།
དང་བོ་རྒྱལ་སྲིད་བསྐྱངས་ཤིང་འཇིག་རྟེན་གྱི།།
འདོད་པའི་དངོས་པོ་མ་ལུས་བདག་གིར་བཞེས།།
ཞི་དྲག་འཁོར་གྱིས་བསྐོར་ཞིང་མཛེས་མའི་ཚོགས།།
ཕོ་བྲང་ཕྱི་ནང་གང་བ་དེ་ཡིས་སྐྱོངས།།
མ་རིག་འཁྲུལ་བའི་ཕུན་ཚོགས་གཡང་གི་ནོར།།
མ་ལུས་ལུས་ཅན་དག་གི་དཔྱིད་དུ་ཤར།།
མ་དག་འཁོར་བའི་གནས་ཀྱི་བུ་ཆུང་ཞིག།
མ་བཅོས་དང་བོའི་འགྱུར་ཁུགས་གླུ་རུ་ལེན།།
འཇིག་རྟེན་ཁྲ་ཁྲ་རིག་རིག་རྨི་ལམ་འདྲ།།
འདོད་སྲེད་ཚེར་མའི་སྒྱེ་མོ་ཞབས་བརྡོལ་འདྲ།།
འཁྲུལ་སྣང་ཁ་དོག་སྣ་ལྔའི་འཇའ་ཚོན་འདྲ།།
ང་ནི་ནམ་ཡང་བྱིས་པ་བསམ་མེད་འདྲ།།
འཇིག་རྟེན་ཆེ་ན་གསེར་གྱི་བྱ་སྒོང་ཙམ།།
གལ་ཏེ་ཆུང་ན་ཨ་བྲའི་མིག་འབྲས་ཙམ།།
གང་ལྟར་རང་ལ་དབང་བའི་གོ་ལ་འདི།།
ནམ་ཡང་རང་གི་གནས་ཚང་ཡིན་ན་བསམ།།
མི་མཇེད་ཞིང་གི་མགོན་པོ་འོད་དཔག་མེད།།
ནམ་ཡང་རང་གི་ཕ་རྒན་ཡིན་ན་བསམ།།
གཡུ་ལོ་བཀོད་པའི་རྗེ་བཙུན་སྒྲོལ་མ་ཡང་།།
ནམ་ཡང་བརྩེ་བའི་ཡུམ་ཆེན་ཡིན་ན་བསམ།།
མི་ལུས་རིན་ཆེན་གསེར་གྱི་མཆོད་སྡོང་ལ།།
ནམ་ཡང་རྐྱེན་ངན་བར་ཆད་མེད་ན་བསམ།།
ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ།།
ནམ་ཡང་རང་གི་དངོས་པོ་ཡིན་ན་བསམ།།
ཚངས་པའི་གནས་ཀྱི་ལྷ་དང་ལྷ་མོ་དག།
རང་གི་རྩེ་གྲོགས་ཏག་ཏག་ཡིན་ན་བསམ།།
ཕན་ཚུན་རྩེ་ཞིང་མེ་ཏོག་འཕེན་པ་ཡང་།།
ནམ་ཡང་འགྱུར་མེད་མཛའ་བརྩེ་ཡིན་ན་བསམ།།
གཉིས་པ།
རྫི་གླུ་སིང་སིང་འཁོར་བའི་སྡེ་ཆེན་གན།།
ནམ་ཡང་རང་གི་རུ་སྡེ་ཡིན་ན་བསམ།།
སྡེ་མཐའ་དམ་པའི་ཆོས་ཀྱིས་བསྐོར་བ་ཡང་།།
རང་གི་དགེ་བའི་ཚོགས་བསགས་ཡིན་ན་བསམ།།
སྟོང་ལུག་མ་བུ་ཤོད་ལ་ཕབ་པ་གན།།
ང་ཡི་ཨ་ཕའི་ལུག་ཁྱུ་ཡིན་ན་བསམ།།
གཡང་གི་འབྲི་མོ་ངུར་བའི་སྒྲ་དབྱངས་གན།།
ཨ་མའི་དཀར་ཆུ་འོ་མ་ཡིན་ན་བསམ།།
སྤང་ཐང་གཡུ་ཡི་མཎྜལ་བཤམས་འདྲ་གན།།
རང་ཉིད་གཅིག་པུའི་མལ་སྟན་ཡིན་ན་བསམ།།
དུ་བའི་ལྕང་ལོ་གཡོ་བའི་སྦྲ་རྒན་གན།།
ནམ་ཡང་ཕ་ཁྱིམ་དྲོན་མོ་ཡིན་ན་བསམ།།
ལང་ཚོའི་འཇོ་སྒེག་ལྡེམ་པའི་སྨན་ཆུང་གན།།
ཚེ་གཅིག་ལས་ཀྱི་ཆུང་མ་ཡིན་ན་བསམ།།
བུ་ཆུང་རྩེ་ལ་དགོད་ཅིག་སྐྱེས་ནས་ཀྱང་།།
ཕ་ཤུལ་བུ་ཡིས་འཛིན་རྒྱུ་བྱུང་ན་བསམ།།
གསུམ་པ།
ནམ་ཡང་དུ་སྨུག་འཐིབས་པའི་གྲོང་ཁྱེར་གན།།
ང་ལ་འབྲེལ་བ་སྤུ་ཙམ་མེད་ན་བསམ།།
གྲོང་ཁྱེར་ཆེན་པོའི་ཟང་ཟིང་འདུ་འཛི་དང་།།
ནམ་ཡང་ཁ་ཐག་ཅུང་ཙམ་རིང་ན་བསམ།།
དུས་ནི་མི་འགྱུར་མི་རྣམས་འགྱུར་ན་ཡང་།།
ང་ལ་འགྱུར་བའི་སྡུག་བསྔལ་མེད་པར་ཤོག།
འགྱུར་ནས་གྲོང་ཁྱེར་ཆེན་པོར་ལོག་དགོས་པའི།།
དུས་ཀྱི་ཀུ་རེ་དེ་འདྲ་མེད་ན་བསམ།།
རྒྱང་རིང་ཡུལ་གྱི་སྐུ་མགྲོན་རྩིས་ཆེ་ཡང་།།
ང་ལ་དེ་འདྲའི་མགྲོན་པོ་མེད་ན་བསམ།།
ཐོབ་དང་དབང་ཐང་ཅན་གྱི་སྐྱེས་ཆེན་ཚོའི།།
རྡོ་རྗེའི་བཀའ་ལུང་བཙན་པོ་མེད་ན་བསམ།།
ཕ་མེས་རིང་གི་སྦྲང་དཀར་རྩམ་པ་འདི།།
སྔོ་ཚལ་འགའ་ལ་བརྗེ་རྒྱུ་མེད་ན་བསམ།།
ཕ་སྐད་གཙང་མའི་ཟ་འོག་གོས་ཆེན་འདི།།
ནམ་ཡང་བརྗེ་བའི་དུས་ངན་མེད་ན་བསམ།།
ཁྲ་ཁྲ་རིག་རིག་མང་བོས་སེམས་བྲིད་ཀྱང་།།
རང་སེམས་རི་བོ་གཡོ་བ་མེད་ན་བསམ།།
གལ་ཏེ་ཡོད་ན་བར་བར་མཛེས་མ་རེ།།
ལན་རེར་ལོངས་སུ་སྤྱོད་རྒྱུ་ཡོད་ན་བསམ།།
    ༢༠༡༧.༩.༦ཉིན་རྩེ་གཞུང་།


རྩོམ་ཡིག་སྔོན་མ།
མཐའ་ཡས་རྒྱ་མཚོ།
རྩོམ་ཡིག་རྗེས་མ།
འབྲོག་པ། (གཞན་གསུམ)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1