ཉིན་མོར། རླུང་བཞིན་རི་ལུང་ན་ལྡང་།
དགོང་མོར།
ཆར་བ་བཞིན་དུ།
ལྷས་རར་བབས།
ཞོགས་པར། དུས་བཞིའི་རྨི་ལམ་དཀར་ནག
འུར་ཆས་དེད་ནས།
ལོ་ཟླའི་མཐོ་སར་བཀྲམས།
ས་སྲོད། གྲིབ་མ་གྱོན་ནས།
སླར་ཡང། ཉིན་ཧྲིལ་བོའི་ངལ་དུབ།
དངན་པས་བསྡུས་ནས།
མལ་སར་སྤུངས།
འདི་ལྟར། མི་རབས་ནས་མི་རབས།
ཉིན་གཅིག་ལྟར་རོལ་ནས།
དེ་རིང་ཐོན།
དེ་རིང་། ད་དུང་།
ཁོ་ཚོས་ནོར་གནག་གི་རྨིག་རྗེས་ལྟེབས་བཞིན།
རི་མགོར་འགོས་ནས།
རྒྱང་རིང་རྒྱང་རིང་གི་སྤྲིན་དཀར་རུམ་ལ་བཅུག་སྟེ།
རླུང་བུ་བསིལ་བསིལ་ལ།
སྣང་བ་བན་བུན་བསྐུར་ནས་ཡོད།
༢༠༡༧.༨.༡༣ཉིན་ལ་གཙོས་ནས།
ངོས་ཟིན།
ངས་ང་རང་བཙལ་བཙལ་ནས་རྙེད་པ་ནི།
ང་ནི་ང་རང་གི་ཆུ་བོ་ཡིན།
ང་རང་གི་དྲི་མ་མ་ལུས་ཆུ་ཡིས་བཀྲུས།
ང་ནི་ང་རང་གི་ལག་པ་ཡིན།
ང་རང་གི་དགེ་བ་སྡུད་པའི་རྩ་བ་ཡིན།
ང་ནི་ང་རང་གི་རལ་གྲི་ཡིན།
གཡུག་ཤེས་ན་ཕ་རོལ་བསྒྲལ་ཐུབ།
ང་ནི་ང་རང་གི་དགྲ་བོའང་ཡིན།
གཡུག་ཉེས་ན་ང་རང་བརླག་འགྲོ།
མཇུག་མཐར།
ང་ནི་ང་རང་གི་རི་བོ་ཡིན།
མི་ཚོས་བསྟད་བསྟད་ན།
ངས་ད་གཟོད་ང་རང་།
ང་རང་གི་ལབ་ཙེ་ཡིན་པའང་གཏིང་ནས་བརྗེད་འགྲོ།
༢༠༡༧.༨.༡༣ཉིན་ལ་གཙོས་ནས་བྲིས།
རེ་སྨོན།
དཔྱིད་ཀ་སླར་ཡང་བསླེབས་པས།
མི་སེམས་སུ་ལྗང་སྨྱུག་འཕྱུར།
དཔྱིད་ཀས་སྐྱ་ཐིང་ཐིང་གི་ཞྭ་མོ་ཕུད་ཅིང་།
ད་དུང་སོག་ལྷམ་ཡང་ཕུད་ནས།
དཔྱིད་ཉི་ཅི་འདྲའི་ཐུང་ཨང་ཟེར།
མཚམས་ལན་རེར།
དཔྱིད་ཀས་མགོ་བོ་ཉི་མར་བསྔས་ནས།
སྔོ་ལྗང་གི་གསེབ་ནས།
དངན་པ་འཐེན་བཞིན།
ཨ་ཨ། དཔྱིད་ཉི་ཅི་འདྲའི་རིང་ཨང་ཟེར།
དཔྱིད་ཀས་སྡོང་བོར་འཐམས་ནས།
ལུས་ཀྱི་དྲོད་འཁོལ་གནང་ཞིང་།
དཔྱིད་ཀས།
ས་གཞིར་དམིགས་ནས།
སླར་ཡང་རེ་བའི་རྨི་ལམ་རྨིས་བྱུང་།
དཔྱིད་ཀས་མགོ་བོ་སྒུར་ནས།
ས་གཞིར་གཟིགས་ཏེ།
འཇིག་རྟེན་འདི་གོ།
ཨ་ཙི། ཨ་ཙི།
ཅི་འདྲའི་སྡུག་བསྔལ་བ་ཞིག་རེད་ཨང་ཟེར།
འོད་ཆེམ་ཆེམ་གྱི་ནམ་མཁའི་སྐར་མ།
ང་ཡི་བླ་མ།
ང་ལ། མདུན་ལམ་སྟོན་རོགས།
ང་ལ་བརྩེ་བ་སྦྱིན་རོགས།
༢༠༡༧.༨.༢༨ཉིན་ལ་བྲིས།
ཁབ།
གྱེས་ཁའི་སྙིང་གཏམ་རེ་རེས།
ད་ནི།
ངའི་ཕྱི་དྲན་གྱི་རྨ་ཁར་ཡང་ཡང་གཙེས།
ཁྱིམ་གྱི་རྩྭ་རྒོད་འདི་དག་གིས།
ཁབ་བཞིན་དུ།
ངའི་དོན་ལྔ་སྣོད་དྲུག་རེ་རེ་ནས་ཕུག་བྱུང་ཨང་།
སིལ་ཏོག་འདི་དག
སྨིན་ཆེ་ན།
ཁབ་དང་འཕྲད་སྲིད་པས།
ང་ཚོས་ངེས་པར་དུ་གཟབ་གཟབ་གནང་དགོས་ཨང་།
འཇིག་རྟེན་གྱི་གྲུ་ལོགས་ཅིག་ནས།
སིལ་ཏོག་ལ་བལྟས་ནས།
ཁ་རོག་གེར།
ཁབ་གཅིག་གིས་ཕྱོགས་གཉིས་ཀྱི་དོང་ཆུ་བརྐོ་ན་སྙམ་བྱུང་།
༢༠༡༧.༨.༢༨ཉིན་ལ་གཙོས་ནས་བྲིས།