ང་ཚོ་བྱིས་པ་ཡིན་དུས།
ང་ཚོས་སྡོང་རྒན་གྱི་འཁྲིས་ནས་རྩེད་ཆས་མང་བོ་སྒྲུག་མྱོང་།
སྡོང་རྒན་གྱི་མདུན་ནས་གནའ་གཏམ་མང་བོ་བསླབ་མྱོང་།
སྡོང་རྒན་གྱི་འོག་ནས་ལྷིང་འཇགས་ཀྱི་རྨི་ལམ་རྨིས་མྱོང་།
དུས་དེ་ནས་བཟུང་། སྡོང་རྒན་དེ་ང་ཚོའི་རྒྱབ་རྟེན་དུ་གྱུར་ཡོད།
ཆར་གྱིས་བརླན་དུས།
སྡོང་རྒན་གྱིས་ང་ཚོའི་ཆར་གདུགས་བྱས།
ཚ་བས་སྲེག་དུས།
སྡོང་རྒན་གྱིས་ང་ཚོའི་བསིལ་གདུགས་བྱས།
རླུང་གིས་གཙེས་དུས།
སྡོང་རྒན་གྱིས་ང་ཚོའི་རྒྱབ་དཔུང་བྱས་ཡོད།
ང་རང་ཚོ་འདི་ལྟར།
སྡོང་རྒན་གྱི་ཡལ་འདབ་འོག་ནས་ནར་སོན་ཞིང་།
སྡོང་རྒན་གྱི་བརྩེ་བ་རུམ་ནས་ལམ་ལ་ཆས་པས།
སྡོང་རྒན་ནི་ངའི་དུས་གསུམ་གྱི་བདག་པོ་གཅིག་པུ་དེ་ཡིན་ཨང་།
ང་ཚོ་ནར་སོན་དུས།
སྡོང་རྒན་ནི་རྒྱང་རིང་རྒྱང་རིང་ཞིག་གོ
ལ་ཁའི་ཉི་མ་བཞིན།
ང་ཚོ་དང་ཁ་ཐག་ཇེ་རིང་དུ་བུད་སོང་།
སྔོ་མོའི་ཡལ་འདབ་བྲལ་ཅིང་ལོ་མ་རླུང་གིས་ཟགས།
གྲང་རླུང་དང་ཆར་ཤོད་དེ་དག་འགོག་དཀའ་བས།
སྡོང་རྒན་འདི་ལྟར་ཁེར་རྐྱང་གིས་ལུས་དུས།
སྡོང་རྒན་ལ།
སུ་ཞིག་གིས་སེམས་གསོ་དང་དུང་བ་སྦྱིན་མྱོང་།
སྡོང་རྒན་ལ།
སུ་ཞིག་གིས་གཅེས་སྤྲས་བྱས་མྱོང་།
༢༠༡༥.༡༢.༢༠
ཕྲེང་རྡོག་བརྒྱ་དང་བརྒྱད་པོའི་བརྒྱ་དཔོན་གཅིག་ཡིན།
ཨ་ཕའི་ཕྱག་གི་ཕྲེང་བ་འདི།
རྩེད་ཐང་མགོན་པོ་རི་ནས་རྙེད།
མགོན་པོ་རི་ཡི་སྤྲེའུ་ཕྲུག་རེ་རེ་ཡིན།
དུས་དང་སྐལ་བ་བརྒྱུད་པའི།
སྤྲ་སྤྲེའུ་ཡི་གྱེས་འཕེལ་ལས།
ཨ་ཕའི་རུས་རྒྱུད་ཀྱི་ཕྲེང་ཐག་ཆད་མ་མྱོང་།
ཨ་ཕའི་ཕྱག་གི་ཕྲེང་བ་འདི།
ཡར་ཀླུང་སོག་ཁ་ནས་རྙེད།
སོག་ཁའི་ཞིང་གི་ནས་རྡོག་རེ་རེ་ཡིན།
ཉི་འོད་དང་ཆར་རླུང་གིས་བསྐྱེད་པའི།
སྔོན་མོ་ནས་འབྲུ་ཡི་འཕེལ་ཀ་ལས།
ཨ་ཕའི་ཟས་ནོམ་གྱི་ཕྲེང་ཐག་ལྷོད་མ་མྱོང་།
ཨ་ཕའི་ཕྱག་གི་ཕྲེང་བ་འདི།
སྐུ་མཁར་མ་རུ་ནས་རྙེད།
ཕ་བོང་ཁའི་ཡིག་རྡོག་རེ་རེ་ཡིན།
དབྱངས་གསལ་གྱི་སྡེབ་སྦྱོར་ལས།
ཨ་ཕའི་གདམས་ངག་གི་ཚིག་ཕྲེང་འཐོར་མ་མྱོང་།
བརྒྱ་རྩ་བརྒྱད་ཀྱིས་གྲུབ་པའི་ཕྲེང་བ་འདི།
བསྟན་བཅོས་བརྒྱ་དང་བརྒྱད་ཡིན།
གཟུངས་སྔགས་བརྒྱ་དང་བརྒྱད་ཡིན།
ཚོ་ཤོག་བརྒྱ་དང་བརྒྱད་ཡིན།
རིགས་རུས་བརྒྱ་དང་བརྒྱད་ལ་གྱེས་ནའང་།
ཕྲེང་རྡོག་བརྒྱ་དང་བརྒྱད་པོའི་བརྒྱ་དཔོན་གཅིག་ཡིན།
༢༠༡༧.༥.༢
ཨ་མ།
ཉི་མ་ཚ་དུས།
ཨ་མ་སྤྲིན་དཀར་གྱི་དོ་ཡ་ཡིན།
གྲང་ངར་ཆེ་དུས།
ཨ་མ་ཚར་དཀར་གྱི་སློག་པ་ཡིན།
ཨ་མ། ངའི་རྒྱབ་ཏུ་ལངས་པའི་སྟོབས་ཤུགས་ཀྱི་མགོ་ཁུངས་ཡིན།
ཨ་མ། ངའི་མདུན་དུ་བསྲིངས་པའི་གནས་ལུགས་ཀྱི་ལམ་བུ་ཡིན།
ཆུང་དུས། ཨ་མ།
བྱམས་བརྩེ་དྲོད་འཁོལ་གྱིས་འཁྱིལ་བའི་རྫིང་བུ་འདྲ།
གཞོན་དུས། ཨ་མ།
ཁ་ཏ་བསླབ་བྱ་ཡིས་ལྟེམས་པའི་སྨྲ་བ་ཞིག
རྒས་དུས། ཨ་མ།
བཀའ་དྲིན་རྐྱང་རྐྱང་གིས་འཚོས་པའི་འོད་ཀྱི་གོང་བུ་ཞིག
སྦྲ་ནག་སྨུག་པོ་དེར། ཨ་མའི་ཤེས་རབ་འཁྱིལ་ཡོད།
རྣང་ཞིང་གྲུ་བཞི་དེར། ཨ་མའི་བརྩོན་སེམས་བཏབ་ཡོད།
ངེད་མིང་སྲིང་ཚོར།
ཨ་མའི་སྨོན་འདུན་གྱིས་བཀར་བའི་སྒྲོན་མེ་སྦར་ཡོད།
ཨ་མ་ཁོ་ན།
སྒེར་སེམས་མེད་པའི་བྱང་སེམས་ཅན་དེ་ཡིན་ཨང་།
ཨ་མ། ཁྱོད་རང་ངེད་མིང་སྲིང་ཚོའི་དུས་གསུམ་གྱི་རྒྱབ་རི་དང་།
ངེད་ཅག་གི་སེམས་ཀྱི་ཕུགས་བསམ་གྱི་མཚོ་མོ་དེ་ཡིན་སོང་།
ཨ་མ།
ཁྱོད་གཅིག་པོ་འཇིག་རྟེན་གྱི་ཡང་རྩེ་ན་འཚེར་བའི་ཉི་མ་དེ་ཅི་ལ་མིན།
གཟུགས་འགྱུར་ཚུལ།
ཆེས་ཐོག་མར་ང་བྱ་ཆེན་ཞིག་ཏུ་གྱུར་ནས།
སེམས་གཤིས་དྭངས་མོ་སྒོམ་བཞིན།
གནམ་སྔོན་པོའི་བར་སྣང་གཤོག་པའི་འཕུར་ཡ་བྱས།
དེ་ནས་ང་ཤ་ཡུ་མོ་ཞིག་ཏུ་གྱུར་ནས།
མཛེས་སྡུག་གི་སྣང་བར་བཅིབས་ཏེ།
སྤང་སྔོན་མོའི་མལ་གདན་ལུས་ཀྱི་རྟེན་དུ་ཟུངས།
བར་དུ་ང་སྤྲེའུ་ཞིག་ཏུ་གྱུར་ནས།
རང་ལུས་སུ་སྤོབས་པ་བསྣམས་ནས།
ནགས་གཡུ་ལོས་ང་ལ་འཁྱུག་རྩལ་གྱི་གདམས་པ་གནང་།
ཐ་མར་ང་ཚན་རྩལ་ཞིག་ཏུ་གྱུར་ནས།
བརྣབ་སེམས་ཀྱི་མེ་ལྕེ་དྲག་ཏུ་འབར་བས།
ཕྱི་སྣོད་ཀྱི་འཇིག་རྟེན་དེ་ངའི་ཁ་ཟས་སུ་གྱུར།
ནང་བཅུད་ཀྱི་སེམས་ཅན་དེ་ངའི་འཐབ་ཡ་རུ་གྱུར་སོང་།
༢༠༡༧.༡.༢༣ཉིན།