གཟུགས་ཀྱི་མཐར་ཐུག་པ་དེ་ཁྱོད་རང་ཡིན་ནམ།
མིག་ཏུ་སྣང་བ་ཙམ་ལས།
ལག་པས་རེག་ཐབས་བྲལ་བ་དེ་ཅི་ཞིག
ནམ་མཁའི་དབྱིངས་ལས་མཐའ་ཡས་པ་དག
སེམས་ཀྱི་གཤོག་ཟུང་གིས་ཡོངས་སུ་གཞལ་ནུས་སམ།
ས་གཞིའི་ཕང་བར་བརྟན་བརླིང་གིས་འགྱིང་བ་དག
ཞབས་ཀྱི་པད་མོས་མཐོ་རུ་འདེགས་ནུས་སམ།
ཡང་ན། མེ་ལོང་གི་ནང་དུ།
གནམ་སའི་གཟུགས་བརྙན་གྱི་ཡང་སྙིང་འཆར་སྲིད་དམ།
འདོད་ཡོན་ལྔའི་དྲི་བཅས་ཀྱི་ཧམ་སེམས་གློད་དེ།
གདོང་དུ་ཆུ་འཁྱག་ཕོ་བ་བཞིན་ཁྱོད་ལ་ཅེར་ན།
ཞེ་མེར་བའི་གདོང་འབག་ག་ཚོད་མཐོང་ཡོང་།
སྐྱི་གཡའ་བའི་ཕྱིར་དྲན་ག་རེ་བཞག་སོང་།
མུན་པའི་ནང་གི་འོད་ཉག་མ་རེས་ཀྱང་།
ཁྱོད་ལ་དར་གཅིག་གི་ཆག་གྲུམ་བཟོས་སོང་ན།
ངས་ཀྱང་སྣང་བའི་ཁྲབ་རྨོག་ཅིག་ཆེད་དུ་གྱོན་དོན་མེད་དེ།
ཁྱོད་ལ་ཉེ་བར་བཅར་ཙམ་གྱིས།
ང་ཚོས་རང་གཞན་མཐའ་དག་གསལ་བོར་མཐོང་ཡོང་།
དེ་བཞིན། ཁྱོད་དང་རྒྱང་དུ་བཀྱེད་པ་ཡང་།
བྱེའུ་ཆུང་གཟེབ་ལས་ཤོར་བ་བཞིན །
རང་གི་ནམ་མཁའ་བསྙེག་ཚུལ་ཞིག་ཀྱང་ཡིན་སྲིད་མོད།
དམར་ཟིང་ངེ་བའི་མི་ཡུལ་བྲག་ཐེམ་འདི།
ཁྱོད་ཀྱི་གནས་ཚང་དྲོན་མོའི་རྟེན་ཕུར་ལགས་པས།
ནམ་རྒྱུན། མེ་ལོང་གི་མདུན་དུ་འགྲེང་སྟེ།
ཧ་ཅང་མངོན་ཆུང་གིས་བྱི་དོར་ཡང་ཡང་བྱ་དགོས་ཨང་།
༢༠༡༦.༤.༦
འབུ་གྲོག་མ་ཞིག་གི་རང་གཏམ།
ང་ཧ་ཅང་ཉམ་ཆུང་ཡང་།
ང་ལ་མི་མངོན་པའི་སྟོབས་ཤུགས་གཞན་ཞིག་ཡོད་དེ།
ངས་རང་གི་བརྩོན་པ་ལ་བརྟེན་ནས།
རང་ཉིད་ལ། ལྕགས་མཁར་སྨུག་པོ་ཞིག་བསྐྲུན་ཡོད།
རིགས་མཐུན་ལ། བགྲོད་ལམ་ཡངས་མོ་ཞིག་བཏོད་ཡོད།
ང་ལ་འཇིག་རྟེན་མཐོང་བའི་མིག་ཟུང་དབེན་ཡང་།
རང་སེམས་ན་འོད་ཀྱིས་བརྟས་པའི་ལམ་ཞིག་ཡོད།
རྐང་ལག་བརྐྱངས་ཙམ་གྱིས།
འགྲོ་འདུག་གི་ས་མཚམས་གསལ་ལེར་མངོན་ཡོང་།
ང་རང་ནམ་ཡང་བདེ་བའི་ཆེད་དུ་མི་ཁོམ་པར་འདུར་ཏེ།
རང་གི་གནས་སུ་འགྲོ་ལྡོག་ཁོ་ན་བྱས་ཀྱང་།
རང་སེམས་སུ་བྱ་རྒྱལ་རྒོད་པོའི་རྗེས་སུ་སྙེག་པའི།
ཕུགས་འདུན་གྱི་གཤོག་ཟུང་ཞིག་ཡོད་དེ།
སྟོན་གྱི་དུས་སུ། ཉི་འོད་གཡང་དུ་འཁྱིལ་ན།
ད་གཟོད་རང་དབང་གིས་འཕུར་སྐྱོད་བྱེད་ཆོག
ས་ནག་གི་ཁོང་གསེང་དུ།
ང་ཡིས་ཁྱོད་ལ་རིན་མེད་ཀྱི་གཞུང་ལམ་འཐེན་ཡོད།
རྩྭ་ཕྲན་གྱི་གཡོ་འགུལ་ཁྲོད།
ང་ཡིས་ཁྱོད་ལ་བདེ་ལྕག་འཁྱུག་པའི་རང་གཟུགས་བསྟན་ཡོད།
འདབ་ཆགས་ཚང་ལ་ལོག་དུས་ནི།
ང་ཡང་དགུན་ཉལ་གྱི་དུས་ལ་འཁེལ་བས།
དུས་བྱ་ཞིག་གི་འབོད་པ་སེམས་ལ་སྦྲུམ་ཡོད།
དུས་ཚིགས་ཤིག་གི་འགྱུར་བར་རྣ་བ་གཏད་ཡོད།
ཁྱོད་དང་བསྡུར་ན། ང་ལ་འཇོན་ནུས་མེད་ཀྱང་།
ངས་ཀྱང་སེམས་ཅན་ཞིག་གི་སྐྱེ་བ་བླངས་པ་ནས་བཟུང་།
འཚོལ་ལ་བྲེལ་ཡང་ཧམ་སེམས་ཀྱི་ལག་པ་བསྐུམས་ཡོད།
འཕུར་ལ་མོས་ཀྱང་སྟོང་བསམ་གྱི་གཤོག་པ་ལྷོད་ཡོད།
ཁྱོད་ཀྱིས་ཆེས་མཐོང་མི་འདོད་པ་དེ་ང་ཡིན་ནམ།
ཡང་ན་མཐོང་ཡང་སྣང་འཇོག་མི་བྱེད་པ་དེ་ང་ཡིན་ནམ།
ང་ཡི་སྐྱབས་མགོན་ལགས། མགོ་ནག་མི།
ང་ནི་ཁྱོད་ཀྱི་རྐང་པར་ཟ་འཕྲུག་སློང་མཁན་དེ་ཡིན།
ཁྱོད་ནི་ང་ཡི་ཚེ་སྲོག་རྡོག་བརྫིས་གཏོང་མཁན་དེ་ཡིན།
༢༠༡༦.༤.༡༠