མདང་ནུབ།
སྟོན་མཇུག་གི་ཁ་བ་དལ་གྱིས་བབས་བྱུང་།
ཁ་བའི་འདབ་མ་དཀར་བོ།
ཨ་ཕའི་ཐོང་གཤོལ་ལ་བབས་བྱུང་།
ཨ་མའི་ཞིང་ཚུགས་བར་ལ་བབས་བྱུང་།
ཕ་ཡུལ་གྱི་རུ་སྡེ་ཁྲ་མོར་བབས་བྱུང་།
སྐྱི་བསེར་རླུང་བུས་སྐྱོམ་པའི།
ཁ་བའི་རྣམ་ཤེས་ཕྲ་མོ།
བྲག་རིའི་རྩེ་དང་རྫ་ཆུའི་ཁུགས།
སྤང་རིའི་ཐེམ་དང་ནགས་རིའི་གཞུང་།
གཡང་ཁྱིམ་ཚང་གི་ར་བསྐོར་དང་།
སྙིང་རྗེ་བའི་བྱི་ལ་དཀར་ལྡང་མ་ཡི།
སྨ་རའི་ཐོག་ལའང་བབས་འདུག
མདང་ནུབ་ཀྱི་ཁ་བ་དེ།
སེམས་པའི་ཟབ་ས་རུ་བབས་བྱུང་།
ཐིགས་ཆུ་གཙང་མའི་ཆབ་རྒྱུན་དེ་ཚོ།
ཁང་ཀླད་ནས་ཝ་མཆུ་བརྒྱུད་དེ་ས་ངོས་སུ།
ག་ལེར་འཛགས་དུས།
ཐིག་ཐིག་ཏུ་འབབ་པའི་སྒྲ་དབྱངས་དེ།
ཇི་འདྲའི་སྙན་ཞིང་འཇེབས་པ་ལ་ཨང་།
ཨ་ཕའི་ཐར་ཆེན་གསུངས་པའི་ཆོས་དབྱངས་རེད།
ཨ་མའི་མ་ཎི་ཡིག་དྲུག་ཟློ་བའི་སྙན་དབྱངས་རེད།
ཕུ་བོའི་ངག་འཇམ་ཁ་བརྡའི་ཀློང་གི་ཞེ་འདང་ཟབ་མོ་རེད།
ཨ་ཅེའི་དགོ་དགོ་ངག་ལ་འགུགས་པའི་བཞོ་དབྱངས་དྭངས་མོ་རེད།
སྙན་འགྱུར་ཁྲི་འབུམ་རྒུམ་པའི་དབྱངས་རྟ་འཇམ་པོ།
སྙིང་གི་དཀྱིལ་ལ་བཞག་ཡོད།
སེམས་པའི་ཟབ་ས་རུ་ཉར་ཡོད།
མདང་ནུབ།
ཚ་ཐབ་གྲུ་བཞི་ཞིག་ཏུ།
བལ་དཀར་ཁ་ཆུ་འཇོ་བའི་གདན་སྟེང་ནས།
ཚ་བེར་བེར་གྱི་མེ་ཕོར་རུམ་མཁན་དེ་ང་ཡིན།
མེ་ཕོར་སྟེང་གི་ཇ་དེམ་ལ་འོ་སྤྲིའི་མངར་ཁ་སྦྱིན་མཁན་དེ།
དྲིན་ཆེན་གྱི་ཕ་ལོ་རེད།
བྱམས་ལྡན་གྱི་མ་ལོ་ཡང་རེད།
དྲོད་ཀྱི་མེ་ཁ་དམར་བང་བོང་དུ་འཕྱུར་བས།
ཁང་ཁྱིམ་དྲོན་མོའི་གདུང་མའི་གསེང་ལའང་།
འོ་ཇ་དཀར་བོའི་རླངས་པ་ཐོལ་གྱིས་འཁོར་བྱུང་།
དཀར་ཡོལ་འབྲུག་རིས་མ་རུ་ལྟེམས་པའི།
མངར་ལ་ཞིམ་པའི་འོ་ཇ་ཧུབ་ཀྱིས་འཐུང་དུས།
མཆུ་སྒྲོས་ནས་མིད་ཐག
ཡ་ཁོག་ནས་མ་ཁོག
སྐྲ་ལོ་ནས་སེམས་པའི་ཟབ་ས་རུ།
བདེ་སྐྱིད་དང་སེམས་འགུལ།
སྤྲོ་སྣང་དང་དགའ་བ་འབུམ་གྱིས་བརྟས་སོང་།
མདང་ནུབ་ཀྱི་ཁ་བ་དེ།
སེམས་པའི་ཟབ་ས་རུ་བབས་བྱུང་།
བདེ་སྐྱིད་ཀྱིས་བབས་བྱུང་།
ལྷག་བསམ་གྱིས་བབས་བྱུང་།
དྭངས་གཙང་གིས་བབས་བྱུང་།
རྒུན་ཆང་དམར་བོ།
དམ་བེ་དེ།
ཇི་འདྲའི་མིག་ལ་མཛེས་པ།
རྒུན་ཆང་དེ་ཇི་འདྲའི་ཁ་ལ་ཞིམ་པ།
ཁ་ལ་ཞིམ་པའི་རྒུན་ཆང་དམར་བོ།
ལྷད་མེད་སྙིང་ལ་འབབ་ཚུལ་ཡག་སོང་།
ལག་པས་སྐྱོར་བའི་དམ་བེ།
སེམས་པས་སྐྱོར་བའི་འདང་བརྩེ་མངར་མོ་ཡིན།
བཞེས་དང་།
གྲོགས་གཅེས།
རྒུན་ཆང་དམར་བོ་བཞེས་དང་།
རྒུན་ཆང་དམར་བོའི་བཟི་ཁས་སེམས་པ་ག་ལེར་སྐྱོམ་དུས།
སྙིང་གཏམ་དྲོན་མོའི་པད་འདབ་ལྷུག་པོར་གྲོལ་ཡོང་།
ར་རིས་མ་སྦགས་པའི་ཡིད་ཀྱི་ཟེའུ་འབྲུ་དེ་ཚོ།
འུ་གཉིས་ཀྱི་སེམས་ངོགས་ན་འབྱར་བའི་ཁ་ཚིག་མགུར་མ་ཡིན།
སྙིང་གཏམ་དང་སྙིང་གཏམ་འཕྲད་ན།
སེམས་པ་དང་སེམས་པར་བར་ཐག་མེད།
བར་ཐག་མེད་པའི་སེམས་པ་གཉིས་པོ།
དམ་བེའི་ནང་དུ་ལྟེམས་པའི་རྒུན་ཆང་དམར་བོ་ཡིན།
རྒུན་ཆང་དམར་བོའི་བཟི་ཁ་བཙན་པོས།
ཡ་ཁོག་གི་སྙིང་མཆིན་སྒུལ་ཐུབ་ན།
ཕྱི་རོལ་གྱི་རི་ཆུ་ཡང་སྒུལ་ཐུབ་དགོས་ཨང་།
སྨྱུག་རྩེ་ཡི་ཕ་ཡུལ།
སྨྱུ་གུ་ཞིག་ཐོགས་ཉིན་ནས་བཟུང་།
སྨྱུ་གུ་དེའི་སྣེ་གཅིག་བདག་གི་སེམས་རྩ་ལ་སྦྲེལ་ཡོད་ཅིང་།
སྣེ་གཅིག་ཕ་ཡུལ་དང་དམ་དུ་མཐུད་ཡོད།
ཕ་ཡུལ་དྲན་དུས།
ངས་སྨྱུག་རྩེ་ནས་ཕ་ཡུལ་གྱི་དབྱར་དགུན་སྟོན་དཔྱིད་དང་རི་ཆུ་ནགས་གསུམ།
ད་དུང་ངེད་ཚང་གི་མཛོ་མོ་སྔོ་རིས་མ་དེའང་བཞེངས་ཆོག
སྨྱུག་རྩེ་ནས་འཁྲུངས་པའི་ཕ་ཡུལ་སེམས་ཀྱིས་ཀློག་ཐེངས་རེར།
སྐབས་འགར་ཁྱེད་ནི་ང་ཡི་མིག་ཀོང་ན་འཚེར་བའི།
དྲོད་སོབ་སོབ་ཀྱི་མིག་ཆུ་རྡོག་པོ་དེ་ཚོ་ཡིན་ལ།
ལན་རེར་ཁྱེད་ནི་ང་ཡི་མཁུར་ཚོས་དམར་བོའི་གསེང་གི།
སྤྲོ་སྐྱིད་ཀྱི་འཛུམ་ཀོང་དེ་ཡང་ཡིན་འདུག
ང་ལ་སྨྱུ་གུ་ཞིག་ཡོད་ཀྱང་།
སྨྱུག་རྩེ་སེམས་ལ་མཐུད་ཡོད་པས།
ནམ་ཟླ་དགུན་ཁར་སླེབས་ཤིང་གཙང་བོ་དར་ཁས་བསྡམས་ཚེ།
ངས་ཕ་ཡུལ་གྱི་དགུན་ཟླ་གྲང་མོར་དྲོད་སྐྱིད་ཀྱི་ཉི་འོད་འབྲི་ཆོག་ལ།
དབྱར་ཁའི་ཚ་གདུང་རྒོད་ཀྱང་རྩྭ་ལོ་ཐན་སྐམ་གྱིས་མནར་དུས།
ངས་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་སྦྲང་ཆར་མངར་མོའི་དངོས་གྲུབ་ཀྱང་འབྲི་ཆོག
༢༠༡༧.༨.༣༡ཉིན་གྱི་དགོང་མོར།