ཡིད་ཀྱི་གཏིང་སར་ལྷུང་བའི་དྲན་པ།
ཀྱེ་ཕུར་མཆོག་གསུམ། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15
སྐབས་རེར་ཁྱོད་རང་དྲན་པས་གཟིར་བའམ།།
ལན་རེར་ཁྱོད་ལ་དུངས་པས་འཆི་བ་སྟེ།།
ཡང་ན་ཅིག་ནས་ཁྱོད་ལ་དགའ་བ་སོགས།།
ང་ཡི་ཆད་པའི་བུ་ལོན་ཡིན་ནམ་ཅི།།
མིན་ན་ལས་ཀྱི་རྩིས་ཐང་དེ་ཡིས་ལན།།
ངས་ནི་ཉི་མ་འབར་བའི་འོད་ངོགས་སུ།།
ངས་ནི་ཟླ་བ་འཚེར་བའི་གྲིབ་བསིལ་འོག།
ལག་པ་ཐོད་ལ་ཀེར་ནས་རྒྱང་རིང་དུ།།
སུ་ལ་རེ་བའི་མིག་ཟུང་ཅེར་བ་དེ།།
ཡང་ཡང་དམུལ་བ་འབོད་པའི་གཡབ་མོའོ།།
གཙང་བོ་ཤག་སྒྲས་བཞུར་བའི་སྒྲ་ཡང་ཐོས།།
རླུང་བུ་དྲག་ཏུ་གཡུག་པས་སྙིང་ཡང་འདར།།
ཁུ་སིམ་མཚན་མོའི་རྣམ་ཤེས་ཉེར་དཀྲོགས་པའི།།
ལག་པའི་ཡལ་འདབ་ཡང་ཡང་སྦྱར་ནས་ནི།།
རྨི་ལམ་མེད་པར་ཁྱོད་རང་ཁོ་ན་སྒོམ།།
བས་མཐའི་གྲོང་གི་སྐྲ་ལོའི་འཇིལ་ལི་དེ།།
ལག་པས་ཡང་ཡང་ཤད་ཅིང་ཤད་ནས་ནི།།
འཛུམ་ཆུང་རྦབ་ཆུའི་ཤག་སྒྲའི་རོལ་དབྱངས་ལ།།
རྣ་བའི་ཡལ་འདབ་བརྐྱངས་ཏེ་ཉེར་ལྷགས་པའི།།
སུ་དང་གང་གི་ནང་ཁྲོལ་སྔོག་པར་རྩོམ།།
ཁྱོད་རང་སྣ་སྦྲིད་ཙམ་ཡང་རྒྱག་པར་སྐྲག།
ཁྱོད་རང་བསིལ་རླུང་འཇམ་པོས་སྒུལ་བར་འཚེར།།
ཁྱོད་ནི་ཤོག་དཀར་སྟེང་གི་ཡིག་ཆུང་དེ།།
ཆུ་ཡི་ལག་པས་རེག་ལ་ཤིན་ཏུ་ཞེད།།
ང་ནི་ཁྱོད་ཀྱི་དབྱར་གྱི་ཆར་གདུགས་སོ།།
ཉི་མའི་ལག་པས་ཐུག་པར་ཤིན་ཏུ་དོགས།།
རླུང་བུས་རྡོག་ཐོ་གཞུས་པར་རབ་ཏུ་དངངས།།
ས་རྡུལ་ཙམ་ཞིག་གོས་པར་མི་འདོད་པའི།།
མེ་ཏོག་གང་བུ་སྦྲང་མས་གཤོག་སྒྲས་ཀྱང་།།
ཕྲན་ཙམ་གཡོ་བར་མི་སྤྲོ་བདག་ནི་ཆགས།།
ཁྱོད་རང་གཉིད་དུ་ཡུར་བའི་གཙང་ཆུ་སྟེ།།
ཞེད་སྣང་གསེར་མིག་ཉ་ཡང་མི་འཁྱུག་ལ།།
བསིལ་རླུང་དལ་བུས་རླབས་ཀྱང་མི་གཉེར་བར།།
དྭངས་གསལ་མེ་ལོང་སྒོར་མོའི་ཕྱོགས་དག་ལ།།
བདག་གི་སྒོ་གསུམ་འཆར་བའི་འདུན་པ་ལྕི།།
མཆོད་མེ་ལྷབ་ལྷུབ་གཡོ་བའི་རི་ཟོམ་དུ།།
ཕྱེ་ལེབ་མེ་ལྕེབས་འགའ་ཡང་གར་ལ་ཞུགས།།
མར་ཁུའི་རྒྱ་མཚོ་འཁྱིལ་བའི་འཇིངས་པ་རུ།།
དད་པའི་མདངས་ཤིག་འཚེར་རམ་བདག་གི་ཡིད།།
ཐོལ་གྱིས་འཕུར་ཏེ་དེ་ཡི་ཕྱོགས་སུ་ཤོར།།
མཚན་ངོགས་གྲིབ་ནག་འབྱུག་པའི་ལྡེབས་ངོས་སུ།།
ག་ལེར་འགྲེང་ནས་མིག་ཟུང་མཁའ་ལ་ཅེར།།
བགྲང་ཡས་སྐར་ཚོགས་བཀྲ་བའི་དཀྱིལ་འཁོར་དུ།།
མིག་ལ་འཚེར་ཞིང་སྙིང་ལ་ལྷུང་བ་ཡི།།
བརྟན་སྐར་དེ་ཡིས་བདག་གི་སེམས་རྩ་རྒུད།།
མིག་ཟུང་འབྱེད་འཛུམ་བར་གྱི་མཛེས་པ་ལ།།
ལོངས་སྤྱོད་སྐལ་བ་ཤོར་བར་དོགས་པ་ཡིས།།
མིག་སྤུའི་འདབ་གཤོག་གཡོ་བའི་ཞེད་སྣང་གིས།།
ཅེར་གྱིས་བལྟས་པའི་མིག་གི་ནམ་མཁའ་དེར།།
ཁྱོད་ནི་སྐལ་བའི་སྐར་ཆེན་ཡིན་ན་བསམ།།
རྨི་ལམ་རྫོགས་མེད་ཅིག་གི་མངལ་ཞབས་སུ།།
ཁྱོད་རང་དུང་གི་རིལ་བུ་ཁོ་ནར་སྦྲུམ།།
མྱི་ཁ་རྡུལ་གྱི་གཡུག་སྟངས་དྲགས་ནའང་།།
དཀར་བོ་ཁ་བའི་འདབ་མ་གོས་མི་སྲིད།།
བདག་གི་ལུས་ངག་ཡིད་ཀྱང་ཁྱོད་ལ་འགེབ།།
དུངས་པ་རྩ་ཆེན་ནོར་གྱི་རིན་ཐང་ལ།།
དཀོན་པའི་བརྩེ་བ་འོད་དང་དྲོད་དུ་འབར།།
དེ་ཡི་ཁུད་དུ་འདང་གི་རི་མོ་བབས།།
རི་མོའི་ཨ་ལོང་སྙིང་གི་ལྕགས་ཀྱུར་ཕོག།
ལྕགས་ཀྱུའི་སྣེ་གཉིས་ཁྱོད་དང་ང་ཡི་ཡིན།།
བདག་གི་གཙང་ཆུ་ཁྱོད་ཀྱི་སྤང་ལ་བཞུར།།
ཁྱོད་ཀྱི་སྤང་ནས་བརྩེ་བའི་མེ་ཏོག་འཁྲུངས།།
མེ་ཏོག་གློ་ཁའི་འདབ་མའི་ངོས་དག་ཏུ།།
ཁྲེལ་གཞུང་ཆུ་ཐིགས་རྣམ་ཀུན་འཁྱིལ་བ་ཡིས།།
འུ་གཉིས་འདང་བརྩེ་དེ་བཞིན་ནེམ་ཞིང་བརླན།།
ང་ཡི་གཡུ་སྦྲང་འཁོར་བ་ལན་གཅིག་མིན།།
ཁྱོད་ཀྱི་མེ་ཏོག་འཛུམ་པ་ཐེངས་གཅིག་མིན།།
དེ་ལ་སྨིན་པའི་ཟེའུ་འབྲུའི་བདུད་རྩིའི་བཅུད།།
སྙིང་གི་སྣོད་ལ་ལྟེམ་གྱིས་འཁྱིལ་བ་ན།།
ཚོར་བའི་ལོ་འདབ་དག་ལ་ནེམ་ཤ་ཆགས།།
མཚན་མོ་ཟླ་བའི་ངོས་ཀྱི་ར་རིའི་གཟུགས།།
ཅི་ཡིན་ཆ་འཇོག་མེད་པར་བློ་ཡིས་དཔྱད།།
བདག་གི་སྙིང་སྡུག་ཡིན་པའི་ཐེ་ཚོམ་གྱིས།།
ལག་ཟུང་མཁའ་ལ་བརྐྱང་ནས་གཉིད་དུ་ཡུར།།
རྨི་ལམ་ཞིང་ནས་ཁོ་མོའི་བརྩེ་དྲོད་ཚོར།།