ཉི་མ་ཚང་དུ་ཡིབ་པའི་ཤུལ་ལམ་ན།།
རྨི་ལམ་ཟླ་བར་བཅོལ་བའི་བྱེའུ་ཆུང་ཞིག།
གཤོག་སྒྲོས་མི་གཙང་གད་སྙིགས་འབྱིད་བཞིན་དུ།།
ང་ལ་སྙན་ངག་འཕུར་སའི་མཁའ་ལམ་བསྟན།།
སེམས་སོང་བྱམས་པ་སྔས་སུ་མི་འདུག་ཀྱང་།།
སེམས་གསོའི་སྨན་ལ་ཆང་དང་ཐ་མག་ཡོད།།
སེམས་པ་གླན་སའི་གྲོགས་ཤིག་མི་འདུག་ཀྱང་།།
སེམས་རིས་ཕབ་ས་ཁ་པར་འདི་ཀོ་ཡོད།།
སྐར་མའི་ཚོགས་འདི་ཐང་གི་མེ་ཏོག་སྟེ།།
དཔྱིད་དཔལ་མེད་ཀྱང་འདབ་མ་ལྷུག་པོར་གྲོལ།།
སྐབས་འདིར་ང་རང་གཙང་བོའི་འགྲམ་ངོགས་ཀྱི།།
སྐར་ཆུ་འཐུང་བའི་ཆུ་བྱ་སྐེ་རིང་ཡིན།།
ཟླ་འོད་བསིལ་ཡང་རྔུབ་རྒྱུ་མ་བྱུང་བས།།
སེམས་ཀྱི་བཀྲེས་ལྟོགས་ཀི་འབོད་ཅིག་ལ་བཏགས།།
མིག་ཟུང་ཨོང་སྒོར་འཁུར་བའི་མེ་འཁྱེར་འགས།།
ང་ལ་རྫ་ཙིག་བཞུད་སའི་ཇག་ལམ་བསྟན།།
སྒྲོལ་མ་མང་བོས་འཚང་ཁ་ཤིག་ཤིག་གིས།།
དྲན་པའི་སྒོ་གླེགས་འཛུམ་དང་ཆགས་པས་རྡུང་།།
སྟོང་འདང་སྔས་སུ་བཟུང་བའི་ཉིན་ཐོ་ལ།།
མིག་རྩ་དམར་བོར་ཆགས་པའི་ཐ་སྙད་བབས།།
མཆེ་སྡེར་མུན་པར་གཟས་པའི་འབྱུང་བོའི་བྱ།།
ཉི་མའི་འོད་ལ་སྐྲག་པ་མ་ཡིན་ཏེ།།
རང་དབང་གར་ལ་རོལ་སའི་སྟེགས་བུ་ཞིག།
མཚན་མོ་འདི་ཡི་སྒལ་བར་འཁུར་ནས་ཡོད།།
ལུས་སེམས་མེ་རུ་སྒྲོན་པའི་འོད་ངོགས་ནས།།
མུན་པའི་རུས་པ་ཧྲུག་ཧྲུག་འཆའ་བཞིན་དུ།།
བཀའ་གཙིགས་རྡོ་རིང་ངོས་ཀྱི་ཡི་གེའི་གསེང་།།
ང་ཡི་རྣམ་ཤེས་ཁ་བའི་ཟོལ་དུ་ཐིམ།།
འཁོར་གསུམ་ལུས་ལ་ཐོགས་པའི་སྐྱ་མི་ཞིག།
རྨི་ལམ་བསོར་མོ་ཞིག་གིས་བཟི་ཞིང་འཁྱོར།།
གནའ་གཏམ་སྐྱིད་པོ་ཞིག་གི་སྟན་ཁུད་ན།།
སྒྲུང་དཔེ་ཐེད་པོ་ཞིག་ལ་འབྱར་ནས་འདུག།
གློག་ཞུ་དམར་བོས་སྤྲས་པའི་ཆང་ཁང་དུ།།
མ་འགྲོ་མ་འདུག་ཟེར་མཁན་མང་ན་ཡང་།།
མཚན་མོའི་མུན་པར་འཐབ་པའི་རལ་གྲི་ཞིག།
ང་ལ་རྡུང་མཁན་མགར་བ་སུ་ཞིག་མཆིས།།
བཅོས་མའི་ཟློས་གར་འཁྲབ་ལ་མི་གོམས་པས།།
ང་རང་ཉིན་དཀར་འདི་ལ་སུན་ཞིང་སྐྱོ།།
ང་ཡིས་མཚན་མོའི་གཞུང་ལ་སྨོན་ལམ་འདེབས།།
ཁྭ་ཏ་རྒས་ཚེ་དུང་སྤུ་སྐྱེས་པར་ཤོག།
ང་ཡིས་མཚན་མོའི་སྒང་ལ་བུད་མེད་འདེབས།།
མེ་ཏོག་ལྡུམ་ར་ཞིག་གི་ཚུལ་ལྟར་གཉོར།།
མི་གཤིས་གཙང་མའི་འདབ་ལོའི་བསིལ་གྲིབ་འོག།
སྨྲ་བ་སྤངས་ཏེ་ཁ་རོག་གཉིད་ལ་འདུག།
མཚན་མོའི་མིག་ཟུང་སྤྱད་ནས་རྒྱང་ལ་བལྟས།།
དབྱངས་གསལ་སོ་བཞིའི་འོད་ཀྱིས་བགྲོད་ལམ་ཕྱེས།།
ང་ནི་གང་ལ་བཞུད་པར་མི་སྐྲག་སྟེ།།
རི་སྤྱང་སྔོན་མོས་ང་ལ་འགྲོ་རོགས་འོང་།།
མཚན་མོའི་སྙིང་གཏམ།
ཉི་མ་གནས་ལ་ཤོར་བའི་སྦྲ་སྒོ་རུ།།
སྒོ་ཁྱིའི་སྡུག་སྐད་འབྱིན་པའི་ལྷས་འདབས་ནས།།
སྲབ་མེད་རྟ་ནག་བཅིབས་པའི་སྐྱ་མི་དེ།།
གསང་འཕྲིན་ཁ་རོག་སྐྱེལ་བའི་མཚན་མོ་ཡིན།།
མིག་ཟུང་ཐམས་ཅད་ཉིན་མོའི་གློག་ཡིན་པས།།
ཁ་སང་ཁྲོམ་ནས་ཉོས་པའི་ལེགས་སྐྱེས་དེ།།
ཁྱེད་ཀྱི་ཕྲ་ལྕུག་མཛུབ་མོའི་རྒྱན་ཆ་རུ།།
འདོགས་པའི་གོ་སྐབས་མ་བྱུང་སྐར་མ་ཤར།།
ལག་ལེན་ཡོད་རྒུ་བར་ཆད་རྙི་ཡིན་པས།།
ནངས་མོར་ལམ་ནས་ཐུག་ཀྱང་ཆ་མེད་ཀྱི།།
བཅོས་མའི་མདོག་རེ་བསྟན་ཏེ་འགྲོ་རྒྱུ་ལས།།
ན་ནིང་དྲན་ཚུལ་ད་ལོར་བཤད་མ་ཕོད།།
གཏམ་དང་མྱི་ཁ་སྒྲོ་ལྡན་བྱ་ཡིན་པས།།
ཚིག་གསུམ་མགྲིན་པར་ཐོན་ཡང་ཕྱིར་མིད་དེ།།
ལྕེ་སྣེ་སོ་ལ་ཐོགས་ཏེ་ཁྲག་འཁོལ་ཡང་།།
སྒོ་མེད་ཁ་ལ་ཟྭ་ཞིག་གང་དུ་རྙེད།།
ངོ་ཚའི་རས་ནག་འཐེན་པའི་མཚན་མོ་ལ།།
མ་བཤད་ཁོག་ལ་བཅུག་པའི་སྙིང་གཏམ་དག།
འཛེམ་མེད་ཁྱོད་ལ་ཇི་ལྟར་གླེང་ཡང་རུང་།།
ཞིམ་པོའི་འོ་ཞིག་ཞོར་དུ་བྱས་ཀྱང་ཆོག།
ངལ་དུབ་ཁུར་བོ་ལྕི་མོ་མར་ཕོག་སྟེ།།
རྐང་ལག་ཁྱེད་ཀྱི་རུམ་ལ་བསྲིངས་ཞོར་དུ།།
རྣ་འགྲམ་ནགས་རིའི་འདབས་ལ་མཆུ་སྦྱར་ནས།།
ཤབ་ཤུབ་སྙིང་གཏམ་དལ་བུར་བཤད་ཀྱང་ཆོག།
མུན་ནག་ཁྲོ་ཚུགས་ཅན་ལ་རབ་སྐྲག་ཚེ།།
ང་རང་མཚན་མོའི་སྐས་ལ་ཡར་འགོས་ཏེ།།
དངུལ་གྱི་ཟླ་བ་དཀར་བོ་ཚུར་བཏོག་ནས།།
སྔས་འགོའི་གློག་སྒྲོན་སེར་བོ་བྱས་ཀྱང་ཆོག།
ཆང་ཁའི་སྙན་ངག་པ།
རལ་གྲི་ཀླད་ལ་བསྐོར་བའི་དགུན་རླུང་གིས།།
ཕྱི་ཡི་སྐྱི་ལྤགས་བརྟོལ་ནས་ནང་དུ་གཙགས།།
སྐྱོ་བ་སྣག་ཚར་བསྡེབས་པའི་སྙན་ངག་པས།།
མིག་ཆུ་ཆང་ལ་བསྲེས་ཏེ་སྲང་ལམ་འགྲིམས།།
འཁྱར་འཁྱོར་གོམ་པ་སྤོས་བའི་ཤུལ་ལམ་ན།།
རྐང་རྗེས་རི་མོ་རེ་རེས་སྙན་ངག་དཔར།།
སྒོ་ཟྭའི་མནར་གཅོད་འཁུར་བའི་ཁང་མིག་གིས།།
བདག་པོ་ཁྱིམ་དུ་འབྱོར་བར་སེམས་འཁུར་མཛད།།
མཚན་མོ་གསལ་བར་བཟོ་བའི་གློག་སྒྲོན་དག།
མུན་པའི་མགོ་བོ་བཏུམས་ནས་གཉིད་ལ་ཞུགས།།
ཆང་དམ་མཆན་ལ་བཙིར་བའི་སྙན་ངག་པས།།
མིག་ཟུང་བཏོན་ནས་ལམ་འགྲམ་འདི་ལ་བཙུགས།།
ཕྱེ་ལེབ་དཀར་བོ་ལྟ་བུའི་བུ་ཡུག་དག།
ཕར་འཕུར་ཚུར་འཕུར་ལན་འགའ་བྱེད་ན་ཡང་།།
འབབ་སའི་གནས་ཚང་དགའ་ཞིག་མ་རྙེད་པས།།
གནག་སྣུམ་ལྕང་ལོ་རིང་བོའི་གསེབ་ཏུ་འཛུལ།།
སྐབས་རེར་སྙན་ངག་པ་ཡི་མིག་ལམ་དུ།།
ས་གཞི་འདི་ནི་ཆང་ཁང་ཆེན་མོ་ཞིག།
མཚམས་རེར་ཆུ་བོ་བཞུར་བའི་སྒྲ་དབྱངས་འདི།།
སྙིང་སྡུག་མཛའ་མོའི་སེམས་ཀྱི་གཏམ་དང་འཁྲུལ།།
གཙང་བོའི་ཕྱེད་ཙམ་ཁོག་ཏུ་བསྐྱིལ་ན་ཡང་།།
སེམས་ཀྱི་སྒྲོན་མེ་ཤིན་ཏུ་འབར་བ་ཡིས།།
ལམ་ནས་དགའ་སྐྱོའི་འཚོ་བ་འཐུ་བཞིན་དུ།།
ཚུར་ལམ་རྡོག་པར་བྱོན་ནས་ཁྱིམ་དུ་འབྱོར།།