བརྩེ་གཞས་དྲུག་འགྱུར།
ཀླུ་ཆུའི་ཚེ་དཔག་སྐྱབས། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15
དགའ་ཞེན་ལོ་མའི་སྟེང་ལ།།
བརྩེ་བའི་རི་མོ་བརྒྱབ་ཡོད།།
འདབ་མར་འཁྱུད་པའི་ཟིལ་བ།།
དྲན་གདུང་མིག་ཆུའི་རྒྱུན་ཡིན།།
དུངས་སེམས་མཚོ་མོའི་ཁ་ལ།།
པད་མས་འདབ་གཤོག་བརྐྱངས་ཡོད།།
འདབ་མ་དཀར་བོའི་གཤོག་པ།།
འོད་ཀྱི་མཛེས་པར་རློམ་ཡོད།།
ཆུ་ལ་དྭངས་ཤ་ལྡན་པ།།
སྤང་ལ་ནེམ་ཤ་ཆགས་པ།།
མཛའ་བརྩེའི་ཁྲུང་ཁྲུང་འཕུར་ས།།
གཤོག་རླབས་འོད་ཀྱིས་རྩེན་རེད།།
རེ་བ་དགུང་ལ་བཏེགས་ཡོད།།
དར་ལྕོག་རླུང་གིས་བསྐྱོད་རེད།།
ལྷ་བསང་ལན་གསུམ་ཕུད་ནས།།
ལས་ཀྱི་འབོད་པ་བཏང་ཡོད།།
རྫི་རྟ་ཁམ་པ་རྔོག་རིང་།།
རི་བོའི་ལྟོ་རུ་བཏགས་ཡོད།།
ཕ་གིའི་བུ་མོའི་ཕྱོགས་ལ།།
ང་ཡི་ཕྱིར་མིག་ལྷུང་སོང་།།
ལྡེམ་ལྡེམ་གོམ་སྒྲ་ལྷོད་པོར།།
ཟོག་པོའི་མིག་མདའ་བསྲིངས་ཡོད།།
བརྩེ་བ་གཞས་ལ་བཀུག་ནས།།
བརྩེ་ཆང་མགྲིན་པས་སྐྱོར་ཡོད།།
རྩེ་དགོད་ཆུ་མོའི་ཤག་སྒྲ།།
ལྷུང་ལྷུང་སྙན་པའི་གྲེ་འགྱུར།།
སྣང་བ་རླུང་གིས་ལྡེམ་ཡོད།།
སེམས་འཕྲིན་ངག་ནས་བཟླས་ཡོད།།
བརྩེ་ཞགས་རིང་མོའི་ཐག་སྣེ།།
སྙིང་གི་ཁྱེད་སར་བཏགས་ཡོད།།
དགའ་བ་རུམ་ལ་བཅུག་ནས།།
ལ་གཞས་གདན་དུ་བཏིང་ཡོད།།