བུ་སྟོན་རིན་ཆེན་གྲུབ་ (ཞར་བཀོད་གཉིས)

གྱི་ལིང་འཇིགས་མེད། (རྭ་རྒྱ་ཤེས་རིག་ནོར་བུའི་གླིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


        གནའ་སྔ་མོའི་དུས་དེར་མི་རྣམས་ཀྱིས་རང་རང་གི་བུ་ཧ་ཅང་ཡག་རབས་གླེང་སྟེ་ཕན་ཚུན་ལ་སྟོན་ས་མ་རྙེད་པར་ཡོད་ཅིང་། ཚང་མས་ཀྱང་བྱིས་པ་སྙིང་རྗེ་བོ་ཞིག་འདུག་ཟེར་བཞིན་ཕན་ཚུན་ལ་སེམས་གསོ་དང་ངོ་བསྟོད་བྱེད་བཞིན་པའི་སྐབས་དེར། ཨ་མ་ཞིག་གིས་རང་གི་བུ་ནི་སྐྱེས་གཟུགས་ཧ་ཅང་མི་མཛེས་པས་མི་གཞན་ལ་སྟོན་སྲོལ་ལྟ་ཅི། ཐ་ན་རང་ཉིད་ལའང་མ་དགོས་པར་ས་དོང་ཞིག་ཏུ་བསྐྱལ་ནས་བསྐྱུར།
        འོན་ཀྱང་ཅི་ལྟར་བྱས་ཀྱང་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ཡིན་པས་བསྐྱུར་མ་བཟོད་པར་ཕྱིར་སོང་སྟེ་ཁྱིམ་དུ་ཁྱེར་ཡོང་མོད། འོན་ཀྱང་དེ་ནས་བཟུང་མོས་རང་གི་བུ་དེ་མི་སུ་གཅིག་ལའང་སྟོན་མ་ཕོད། ངོ་མཚར་བ་ཞིག་ལ་མོས་རང་གི་བུ་ས་དོང་དུ་བསྐྱུར་བའི་དུས་དེར་བྱ་རོག་ཅིག་ཀྱང་བུ་དེའི་སྐྱེས་གཟུགས་ལ་མཚར་ཏེ་ཡོང་ནས་ངོམས་པ་མེད་པར་བལྟས་འདུག་ཟེར།
        ཚང་མས་མོར་བུ་ཞིག་ཡོད་པ་ཐོས་ཤིང་ཡང་འགའ་རེས་ད་དུང་བུ་དེ་སྐྱེས་གཟུགས་ཤིན་ཏུ་བཙོག་པས་གཞན་ལ་སྟོན་སྲོལ་མེད་པ་ཞིག་ཡིན་རབས་སོགས་ཀྱི་སྐད་ཆ་རླུང་འཁྱེར་འགའ་ཡང་གང་སར་འགྲོ་བཞིན་ཡོད་པས། མོའི་གམ་དུ་ཡོང་སྟེ་ང་ལ་ཁྱོད་ཀྱི་བུ་དེ་ལན་གཅིག་སྟོན་དང་ཞེས་ཞུ་བ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར།
        ཅི་ལྟར་བྱས་ཀྱང་བུ་ནི་སྟོན་སྲོལ་མེད། དེ་བས་མོས་ཀྱང་ཡུན་རིང་བོར་བུ་དེ་མི་སུ་ལའང་མ་བསྟན། རྗེས་སུ་གཞན་གྱིས་མཐོང་དུས་དངོས་གནས་བུ་དེ་ནི་སྐྱེས་གཟུགས་ཤིན་ཏུ་བཙོག་པ་ཞིག་སྟེ། ཁ་ཆེ་ལ་གདོང་ཉག་པ་སེང་གེ་ལྟ་བུ་ཞིག་ཡིན་པས། ཚང་མས་བུ་དེ་ལ་ཁ་ཆེ་སྣ་ཉག་ཅེས་བཏགས།
        འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། བུ་དེ་རྗེས་སུ་རིམ་གྱིས་ཇེ་ཡག་ནས་ཇེ་མཛེས་སུ་གྱུར་ཏེ། ད་ལྟ་ཁོང་སྐུ་གཤེགས་ནས་ལོ་ངོ་བརྒྱ་ཕྲག་བདུན་ལ་ཉེ་ནའང་མི་རྣམས་ཀྱིས་ད་དུང་ཁོང་གི་སྐུ་ཐང་བཤམས་ཏེ་ཞལ་མཇལ་ཞུ། ད་ལྟ་ཁོང་གི་ཞལ་རས་མཇལ་འདོད་པའི་མི་ནི་ཁོང་ཆུང་དུས་བལྟ་འདོད་མཁན་དག་ལས་བྱེ་བ་འབུམ་འགྱུར་གྱིས་ཇེ་མང་དུ་འགྲོ་བཞིན་འདུག
        དུས་སྐབས་དེར་རང་རང་གི་བུ་སྙིང་རྗེ་བོ་ཡོད་ཚུལ་གླེང་སྟེ་ཕན་ཚུན་སྟོན་ས་མ་རྙེད་པར་ཡོད་པ་དེ་རྣམས་སྐྱེས་ནས་ལོ་འགའི་རྗེས་ནས་ཚང་མས་གཏིང་བརྗེད་ལྟ་བུར་གྱུར་བས། ལྟ་མཁན་ལྟ་ཅི། ཐ་ན་གླེང་མཁན་ཞིག་ཀྱང་མེད་མོད། འོན་ཀྱང་སྐབས་དེར་ལྟ་སྲོལ་མེད་པའི་བྱིས་པ་ཁ་ཆེ་སྣ་ཉག་དེ་ནི་ད་ལྟ་བོད་ཡུལ་གྱི་ཆེས་མཛེས་པའི་ཕོ་ཡག་ཟླ་མེད་ཅིག་ཏུ་གྱུར་འདུག
        བུ་དེ་དངོས་གནས་ལན་གཅིག་བལྟ་ན་འདོད་ཨང་། ཁོང་ཆུང་དུས་དོན་དངོས་སུ་ཇི་འདྲ་ཞིག་ཡིན་ནམ། མདང་ནུབ་བཤེས་གཉེན་རིན་པོ་ཆེས་དཔེ་ཁྲིད་སྐབས་ཞར་འཕྲོས་སུ་ཁོང་གི་རྣམ་ཐར་ཕྱོགས་ཙམ་གསུངས་པ་ནས། དེ་རིང་ཞོགས་པའི་བར་དུ་ངའི་ཡིད་ལ་མི་གཅིག་ཁོ་ན་འཁོར་ནས་བསྡད། དེ་ནི་ཚང་མས་སྐབས་དེར་བཙོག་ནས་ལྟ་སྲོལ་མེད་པར་བཤད་པའི་བོད་ཀྱི་ཕོ་ཡག་ཟླ་མེད་ཁོང་རེད།
        ངས་ཆུང་དུས་ནས་བུ་སྟོན་ཆོས་འབྱུང་ལ་ཅུང་ཙམ་རེ་མཇལ་མྱོང་མོད། མ་གཞིར་བུ་སྟོན་རིན་ཆེན་གྲུབ་ཁོང་ནི་དེ་འདྲའི་སྐྱེས་གཟུགས་བཙོག་པའི་སྐྱེས་ཡག་ཅིག་ཡིན་འདུག་ཨང་།
        དོན་དངོས་སུ་ཁོང་གི་ཐུགས་ལ་བྱང་ཆུབ་ཀྱི་སེམས་མངའ་ཞིང་བཀའ་མདོ་རྒྱུད་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་ཐང་མར་བརྡལ་བ་ནས། ཁོང་གི་གསུང་ཐོས་པ་དོན་དུ་གཉེར་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཅིང་། སྐུ་དངོས་ལྟ་ཅི། ཐང་སྐུ་ཙམ་ཡང་མཆོད་ཁང་དུ་བཤམས་ཏེ་ལུས་ངག་ཡིད་གསུམ་གྱིས་ཤིན་ཏུ་གུས་པར་འདུད་པའི་རྗེས་རབས་པ་ད་ལྟའི་བར་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་མཚམས་མ་ཆད་པར་བྱུང་བས། ད་ལྟ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུའང་བུ་སྟོན་རིན་ཆེན་གྲུབ་ཟེར་ན་སྐུ་མཐོང་ན་འདོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
མདོ་ལ་རིང་མོ་དང་པེ་ཅིན་གྱི་བྱེ་རླུང་།
        ད་ལོའི་དབྱར་གནང་སྐབས་ངེད་སློབ་གླིང་གི་དགེ་རྒན་ཚང་མ་མཉམ་དུ་རྨ་ནུབ་ཁྱམས་རིང་ལ་ལྟ་སྐོར་དུ་སོང་། སྐབས་དེར་འབྲོང་ཡུལ་ནས་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་སློབ་མ་ཞིག་དང་ཡུལ་དེ་གའི་རྫོང་དཔོན་བུད་མེད་ཅིག་གིས་སྣེ་མགྲོན་དང་ཟས་མགྲོན་བྱས།
        སྐབས་དེར་དགེ་རྒན་རིན་པོ་ཆེ་དང་ཡུལ་དེའི་རྫོང་དཔོན་བུད་མེད་དེ་གཉིས་ཀྱིས་ལོ་འགའི་ཡར་སྔོན་དུ་པེ་ཅིན་ལ་བྱེ་རླུང་འཚུབ་མ་འཁོར་བ་དེ་ནང་སོག་གི་ཨུ་ཅེ་ན་(额济纳)ཞེས་པའི་ཆུ་བོ་དེ་སྐམ་སོང་བས་བྱེ་ཐང་གི་གནོད་འཚེ་འགོག་མ་ཐུབ་པ་རེད་ཟེར། དེ་ནས་བུད་མེད་རྫོང་དཔོན་དེས་བཤད་རྒྱུར། ནང་སོག་ནས་བྱེ་རླུང་འཁོར་བས་ད་གཟོད་འབྲོང་ཡུལ་ནས་ཁོར་ཡུག་སྲུང་སྐྱོབས་དང་ཆུ་གྲོན་ཆུང་གི་བྱ་བ་འདི་ལས་ཀ་ཀུན་གྱི་གཙོ་བོར་བཞག་པ་ཡིན་ཟེར།
        ནང་སོག་ནས་ཆུ་བོ་བསྐམས་ན་མདོ་ལ་རིང་མོ་ནས་སྲུང་སྐྱོབ་བྱས་ཀྱང་ཕན་པ་ཅི་ཞིག་ཡོད་དམ། དོན་དངོས་སུ་ནང་སོག་གི་ཨུ་ཅེ་ན་ཆུ་བོ་ནི་རང་རེའི་མདོ་ལ་རང་མོ་ནས་འབབ་པའི་ཆུ་ནག་འདི་ཡིན་འདུག
        པེ་ཅིན་ལ་བྱེ་རླུང་ལྡིང་བ་དེ་ནང་སོག་གི་ཁོར་ཡུག་དང་འབྲེལ་བ་ཡོད་ཅིང་། ནང་སོག་གི་ཆུ་བོ་བསྐམས་པ་དེ་དོན་དངོས་ལ་མདོ་ལ་རིང་མོའི་ཁོར་ཡུག་དང་འབྲེལ་བ་ཡོད་འདུག མ་གཞིར་དེ་ལྟར་འབྲེལ་ཡོད་པ་ཞིག་ཡིན་འདུག་ཨང་། ངས་དེ་ལྟར་བསམ་བཞིན་གློ་བུར་དུ་ན་ནིང་རྭ་རྒྱ་ནས་རྨ་ཆུར་རགས་བཟོས་པ་དེ་ཡིད་ལ་དྲན་བྱུང་།
        གོ་ཐོས་སུ་རྨ་ཆུའི་ནང་དུ་བྱེ་ཟེགས་ཧ་ཅང་མང་བས་ལོ་རེ་བཞིན་ནང་ལོགས་ཀྱི་རྨ་ཆུའི་འབབ་རྒྱུན་དག་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད་ཟེར། ཞིང་བ་ཁྲི་སྟོང་མང་བོའི་ཞིང་ལས་ཡོང་འབབ་རྣམས་རྨ་ཆུའི་བྱེ་འདམ་ནང་དུ་ནུབ་བཞིན་ཡོད་པས་ད་གཟོད་རྒྱལ་ཁབ་ཀྱིས་འགྲོ་སོང་ཆེན་པོ་བཏང་སྟེ་རྨ་ཆུར་རགས་བཟོས་པ་རེད།
        འོན་ཀྱང་རྨ་ཆུའི་འགོ་ཁུངས་སུ་ཟངས་གསེར་གྱི་གཏེར་ཁ་སྔོགས་འདོན་བྱས་ཏེ་མི་ལོ་མང་བོ་འགོར་མོད། འོན་ཀྱང་དེ་ལ་ད་ལྟའི་བར་ཁ་ཡ་བྱེད་མཁན་གཅིག་ཀྱང་མི་འདུག གལ་ཏེ་ནམ་ཞིག་རྨ་ཆུ་ཇེ་ཆུང་དུ་གྱུར་ཏེ་ནང་ལོགས་ཀྱི་ས་ཞིང་མང་བོ་ཐན་པས་བསྐམ་ན་སྐབས་དེར་ཁོ་ཚོས་ཅི་ཞིག་བྱེད་སྲིད་དམ། ཡང་ན་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་ལ་གཏོར་བརླག་ཐེབས་ཤིང་ཆུ་ནང་དུ་གཏེར་ཆུ་གཞུ་སྦྱོང་གི་དུག་འདྲེས་ཏེ་ཉ་སྲམ་ཐམས་ཅད་ལ་གནོད་པ་ཐེབས་ན་ཉ་ཤ་ཟ་མཁན་ཚོས་ཅི་ཞིག་བྱའམ།
        ངའི་སེམས་ཁྲལ་དེ་ནི་དགོས་མེད་ཀྱི་སེམས་ཁྲལ་ཞིག་དང་ཡང་ན་དོགས་གཞི་ཞིག་ཀྱང་ཡིན་མོད། གཙང་གསུམ་འགོ་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མི་སེར་གྱི་འཚོ་བའི་རེ་འདུན་ཞིག་ཀྱང་ཡིན་མོད། འོན་ཀྱང་སྲུང་སྐྱོབ་བྱེད་མཁན་ཚོས་གཙང་གསུམ་འགོ་ཁུངས་ཀྱི་ཕྱུགས་ཟོག་བཙན་གྱིས་མེད་པར་བཟོས་པས་ས་གཤིས་ཇེ་ཞན་དུ་གྱུར་ཅིང་། རིམ་བཞིན་རྩི་ཤིང་མེ་ཏོག་གི་རིགས་མེད་རྨེག་མེད་དུ་གྱུར་ཏེ་འཇིགས་སུ་རུང་བའི་བྱེ་ཐང་ཞིག་ཏུ་འགྱུར་བའི་ཉེན་ཁ་ཆེ་ལ། དེ་ནི་དོགས་བཟོ་ཞིག་མ་ཡིན་པར་ད་ལྟའི་མི་ལོ་འདི་དག་གི་འགྱུར་ལྡོག་དངོས་ཀྱིས་ར་སྤྲོད་བྱས་འདུག
        དེ་རིང་ཁུ་སིམ་མེར་ཉལ་ཁང་ནས་ཆུ་ནག་དང་འབྲེལ་བའི་མདོ་ལ་རིང་མོའི་སྐྱེས་ཁམས་སྐོར་ལ་བསམ་བློ་གཏོང་སྐབས་གློ་བུར་དུ་རྨ་འབྲི་རྫ་གསུམ་ཡིད་ལ་འཁོར་བྱུང་། གལ་ཏེ་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་བྱེ་ཐང་དུ་གྱུར་ཏེ་ཆུ་བོ་ཆད་སོང་ན། དེའི་མཇུག་འབྲས་དེ་པེ་ཅིན་ཙམ་མ་ཡིན་པར་སྐམ་ས་སྤྱི་དང་འཛམ་བུ་གླིང་ཧྲིལ་བོར་ཡང་འགྱུར་བ་ཆེན་པོ་ཞིག་ཐེབས་སྲིད་ཨང་།
རྡོ་རིང་ཞིག་གིས་བསླངས་པའི་དྲན་པ།
        རྡོ་རིང་མང་བོ་རིག་མྱོང་ལ། རྡོ་རིང་ཡི་གེའང་མང་བོ་ཞིག་བཀླགས་མྱོང་། འོན་ཀྱང་ད་ལྟ་དེ་དག་ཚང་མ་དྲན་པའི་ཡུལ་དུ་རབ་རིབ་ཅིག་ལས་མི་འདུག
        དེ་རིང་གློ་བུར་དུ་ནད་ཁྲིའི་སྟེང་ནས་ལྟ་སྲོལ་ཞིག་གིས་སླར་ཡང་རྡོ་རིང་ཞིག་མཐོང་བྱུང་། དེ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་སྨན་ཁང་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་སྒེའུ་མདུན་གྱི་རྡོ་རིང་རེད།
        རྡོ་རིང་འདི་ནི་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ཅན་ཞིག་མིན་པར་མ་ཟད། དམག་རྟ་ཁྲི་ཕྲག་བཤར་བའི་ལོ་རྒྱུས་མེད་ལ་ཚེ་སྲོག་ཁྲི་སྟོང་ཁྲག་ལ་བརྫུས་པའི་ལོ་རྒྱུས་ཀྱང་མེད། དེ་བཞིན་ཞིབ་འཇུག་པ་ཚོས་དཔྱད་གཞིར་འདྲེན་བཞིན་པ་ཞིག་ནི་དེ་བས་ཀྱང་མིན། འོན་ཀྱང་དེ་དག་ལས་ལྷག་པའི་རིན་ཐང་ཆེན་པོ་ལྡན།
        སྒེའུ་ཁུང་ནང་ནས་རྡོ་རིང་དེར་བལྟས་ན་མག་མོག་གི་ཡིག་འབྲུ་མང་བོ་མཐོང་ཐུབ་ལ། ཡིག་འབྲུ་རེ་རེའི་གསེབ་ནས་ལས་ལ་བརྩོན་ཞིང་ལྷག་བསམ་དཀར་བའི་བོད་རིགས་འབྲོག་པ་མང་བོའི་ངོ་གདོང་ཡང་གསལ་ལ་མི་གསལ་བ་མང་བོ་ཞིག་མཐོང་ཡོང་།
        རྡོ་རིང་སྟེང་དུ་ཆེས་སྤྱིར་བཏང་གི་མི་སེར་མང་བོའི་མིང་ཡིག་བྲིས་ཡོད། དེ་ནི་སྨན་རྩིས་འགྲོ་ཕན་གླིང་གི་ཐོག་ཁང་འདི་བཞེངས་པའི་སྦྱིན་བདག་དག་རེད། མགོ་ལོག་རྨ་ཆེན་གངས་རིའི་ཉེ་འདབས་སུ་གནས་ཆགས་པའི་དམེ་ཚང་སྡེ་བ་ཞེས་པའི་འབྲོག་སྡེའི་མི་སེར་དཀྱུས་མ་མང་བོ་ཞིག་གིས་རང་རང་གི་འཛོམས་ཚོད་ཀྱི་ཞལ་འདེབས་ཕུལ་ཏེ་ཐོག་ཁང་འདི་བཞེངས་པ་ཡིན་པས། ཁོ་ཚོའི་མིང་དང་ཞལ་འདེབས་ཀྱི་དངུལ་གྲངས་བྲིས་འདུག
        ད་སྐབས་ཡི་གེ་ཙམ་ཤེས་པའི་བོད་ཀྱི་ན་གཞོན་མང་བོས་མི་རིགས་ནང་ཁུལ་དང་མི་རིགས་རིག་གཞུང་སོགས་ལ་ལེ་བདའ་དང་སུན་འབྱིན་འདྲ་མིན་བྱས་ཏེ་འཐོར་ལ་ཁད་དང་གཏོར་ལ་ཁད་དུ་གཏོང་བཞིན་ཡོད་ལ། ཡི་གེ་ཙམ་ཡང་མི་ཤེས་པའི་འབྲོག་པ་མང་ཚོགས་ཀྱིས་ཁུ་སིམ་མེར་གཉོམ་ཆུང་ཁེངས་སྐྱུང་དང་བཅས་རང་རང་གི་གསོག་དངུལ་གང་ཡོད་ཀྱིས་མི་རིགས་སློབ་གསོ་སོགས་ཀྱི་ཕྱོགས་ལ་ཞལ་འདེབས་ཕུལ་ཏེ་ཡར་རྒྱས་དང་སྔོན་ཐོན་ལ་གོམ་ཁ་སྒྱུར་བར་སྐུལ་མ་གཏོང་བཞིན་འདུག
        དོན་དངོས་སུ་ཡོན་ཏན་ཅན་དེ་སུ་རེད་དམ། རྡོ་རིང་ལ་འགོད་འོས་པ་དེ་སུ་རེད་དམ། ལོ་རྒྱུས་ཀྱིས་བརྗེད་མི་རུང་བ་དེ་ཡང་སུ་རེད་དམ། ངས་དེ་ལྟར་བསམ་བཞིན་རྡོ་རིང་ལ་བལྟས་པ་ན། རྡོ་རིང་དེ་ནི་ཇེ་མཐོ་ནས་ཇེ་མཐོར་སོང་སྟེ་སྤྲིན་དཀར་གྱི་གསེབ་ཏུ་ཟུག་པ་ལྟ་བུའི་སྣང་བ་སྐྱེས་བྱུང་།


རྩོམ་ཡིག་སྔོན་མ།
བརྩེ་གཞས་དྲུག་འགྱུར།
རྩོམ་ཡིག་རྗེས་མ།
མི་རྟག་པའི་དབྱངས་རྟ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1