དུས་ཚོད་ཀྱི་ཐག་སྒྲ་གཅིག་ལས་གཅིག་གི་རྗེས་སུ་བཞུད་པའི་ལོ་ཟླའི་ལང་ཚོའི་ཁྲོད་དུ། སྐད་ཅིག་ཙམ་ལའང་གནས་སྡོད་ཀྱི་རང་དབང་མེད་པའི་མི་རྟག་པའི་ཆོས་ཉིད་ཀྱིས། ང་རང་ངུ་རུ་བཅུག་ལ་དགོད་དུའང་བཅུག ངས་སྨྲ་མ་སྤོབས་པའི་བརྩེ་བའི་ཐ་སྙད་སྣ་ཚོགས་བྲང་ལ་སྦྱར་ཞིང་། འདུག་མ་བཟོད་པར་བརྩོན་པའི་ངལ་བ་བརྒྱ་ཕྲག་རྒྱབ་ཏུ་བླངས་ནས། མི་རྟག་པའི་རང་བཞིན་དང་ལྷན་དུ་མདུན་ནས་མདུན་དུ་སོང་། མིག་འབྱེད་འཛུམ་ཙམ་གྱི་ཡུན་ལ་གནང་བའི་དཀར་ནག་གི་ཁྲོ་ཆགས་དང་ཞེད་སྣང་གི་འདུ་འཛིའི་སྒྱུ་འཕྲུལ་དེ། མིག་ལམ་དུ་ཕྱེས་ལ་རྣ་ལམ་དུ་ཁྱབ་པས། ང་ལ་མངར་སྐྱུར་གྱི་གཏམ་རྒྱུད་མོད་པོ་ཞིག་གི་བརྗོད་བྱ་གནང་ཡོད་པས། ངས་རེ་འདུན་གྱི་སྨྱུག་ཁ་ཞིག་གིས་གཏམ་རྒྱུད་རིང་མོ་འདི་ཅི་ལྟར་བྲིས་ན་བཟང་ངམ། རེད་དེ། ཉིན་མཚན་གྱི་དུས་ལས་འདའ་བའི་རེ་སྨོན་གྱི་ཞིང་ས་དེ་ག་དྲན་ན། མི་ཡུལ་དུ་དོན་དམ་གྱི་གནས་ལུགས་ཅི་ཞིག་འདུག མི་ཡུལ་དུ་གཏན་ཆགས་ཀྱི་འདོད་ཡོན་སུ་ལ་ཡོད་དམ། ང་ཚོ་སྒྱུ་མའི་ཉི་འོད་རེ་ཞིང་སྒྱུ་མའི་རྟ་ཕོ་ལ་བཅིབས་ཏེ། སྒྱུ་མའི་འཕྲུལ་སྣང་གི་དབང་གིས་སྒྱུ་མའི་སྤང་ཐང་དུ་འགྲོ་དུས། རེ་འདུན་གྱི་ཞིང་གི་དཀོན་མཆོག་དང་འཇའ་ཚོན་གྱི་ཀློང་གི་རྨི་ལམ་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་། འདུག་མི་འདོད་པ་ནི་བསམ་བློ་ཁོ་ནས་མ་འདས་པས། ལག་ལེན་གྱི་གོ་ཆ་ངེས་ཅན་ཞིག་གང་དུ་གདའ། ཁོ་བོས་ཡིད་སེམས་ཀྱི་གཏིང་རུམ་དུ་འཇིང་བའི་ཕྲ་བའི་མི་རྟག་པའི་གཤིས་ལུགས་འདི་ཉིད། སྙན་ཚིག་གི་མཛེས་ཆ་དང་མ་སྦྲེལ་ཅིང་སྡེབ་སྦྱོར་གྱི་དཔུང་ཤུགས་དང་མ་བསྲེས་པར་གཤེ་བར་སྨྲ་བའི་སྤོབས་པས་གཟེངས་སུ་བཏེགས། རེད་དེ། རྟག་མི་རྟག་གི་ཚད་གཞི་ལས་གཞལ་ཚེ་རང་ཉིད་ཀྱི་རྣམ་རྟོག་གི་ཚད་ཤིང་འདི་ཉིད་གང་དུ་ཐོན་འདུག ཆ་མཉམ་པའི་ཡིད་གཉིས་འདི་སེལ་རྗེས་རང་ཉིད་ཀྱི་གོམ་ཁ་གང་དུ་ཐོན་འདུག སྐྱོ་སྡུག་གི་ཚ་ཟེར་ལ་རེ་བའི་ཟག་བཅས་ཀྱི་ཕུང་བོ་འདི་གང་དུ་ལྷུང་འདུག ངའི་དྲན་ངོགས་སུ་བཞུར་བའི་མི་རྟག་པའི་གཙང་བོ་ཡ། དལ་བར་བཞུད་ཅིག ང་ཡི་གོམ་ཁ་ཐུང་དྲགས་པས་ཁྱེད་ཀྱི་ལང་ཚོ་ཇི་ལྟར་མཐོང་། ང་ཡི་རྨི་ལམ་མགྱོགས་དྲགས་པས། ཁྱེད་ཀྱི་རྒྱབ་ལྗོངས་ཇི་ལྟར་བསྔོག སོང་གིན་སོང་གིན་ངལ་བའི་ལས་ཉོན་གྱི་ཕུང་བོ་འདི་ལ་གྲོགས་དན་བྱོས་ཤིག
དྲན་ངོགས་སུ་བཞུར་བའི་མི་ཚེའི་དབྱངས་རྟ་ལགས། ཆོས་ཉིད་ངེས་ཅན་ཞིག་གི་ཁྲོད་དུ། སྡུག་སྣང་གི་འཁུན་སྒྲ་ལས་བཞུད་ཅིང་ཟག་མེད་ཀྱི་དབྱིངས་ལ་རེ་བའི་རྣམ་ཤེས་འདི་ཉིད། ཚེ་རབས་དུ་མ་ཞིག་གི་ཀློང་ནས་འདུར་མྱོང་ལ། འདུར་བའང་ལག་མཐིལ་དུ་ལེན་རྒྱུ་མེད་པ་མ་གཏོགས། སྐྱོ་གདུང་དང་ཞེན་ཆགས་ཀྱིས་གཤགས་པའི་ན་ཟུག་གི་རྐང་རྗེས་ཤིག་ཅི་ལ་མིན། ལྟོས་དང་། གསོན་དང་། ཚེ་རབས་འདི་ཡང་ངེས་ཟིན་དཀའ་བའི་མི་རྟག་པའི་དབྱངས་རྟ་སྙན་མོ་ཞིག་གིས་བསླུས་ཏེ་ཚར་ལ་ཉེ། ང་ལ་མི་རྟག་པའི་དབྱངས་རྟ་སྙན་དྲགས་པས། ང་ཡི་ཟིལ་ཤུགས་ཀྱི་རྣམ་དཔྱོད་ཟད་ལ་ཉེ། ངས་མི་རྟག་པའི་དབྱངས་རྟ་ལ་གཅེས་དྲགས་པས། ང་ཡི་ཤེས་རབ་ཀྱི་མེ་འོད་གཟིམ་ལ་ཉེ། ངས་རྟག་བརྟན་གྱི་བརྩེ་བ་དྲོད་མོ་ཞིག་བསམ་བཞིན་དུ། ངས་ལྷད་མེད་ཀྱི་མཐུན་སྒྲིལ་ཟབ་མོ་ཞིག་སྒོམ་བཞིན་དུ། དབྱངས་རྟ་ལས་ལྷག་པའི་མི་རྟག་པའི་དབྱངས་རྟ་ཞིག་ལས། མི་ཚེའི་ཐོག་མའི་ཉི་ཤར་ཞིག་ལས་བཞུད་ཅིང་མི་ཚེའི་ཐ་མའི་ཟུག་རྔུ་ཞིག་ལ་སླེབས་སོང་། སོམས་དང་། སྐད་ཅིག་མའི་འགྱུར་ཁུག་འདིས་ཐ་མའི་ངུ་འབོད་ག་ཚོད་ཅིག་བསླངས་སོང་། ཐོག་མའི་ལམ་བུ་ཅི་འདྲ་ཞིག་ནོར་སོང་། བསམས་ཤིང་བསམ་པའི་མཐའ་མར། ཡང་བསྐྱར་ཚེ་རབས་སྔོན་མ་ཞིག་གི་ལམ་བུ་ལས་ལྷག་ཅིག་གང་དུ་འདུག ང་ལ་ལན་ཞིག་ཐོབས་དང་། མི་རྟག་པའི་དབྱངས་རྟ་ལགས།
བདེ་སྐྱིད་ཅེས་པའི་ཐ་སྙད་ཀྱི་གསོན་ཤུགས་ཙམ་ལས། ང་ཡི་གདོང་ལ་གནས་སྐབས་ཀྱི་འཛུམ་ཞིག་འཆར་མྱོང་བ་བདེན་མོད། གསོང་པོ་མིན་པའི་དྲང་བདེན་གཡར་བའི་ནག་ཉེས་ལས། ང་ཡི་ལམ་ལ་སྐྱ་མདོག་གི་རྡུལ་ཞིག་འཁུར་མྱོང་བ་སུ་ལ་གསང་། ཞེན་ཆགས་ཀྱི་གདུང་བ་ལྕི་མོ་ཞིག་གི་དྲན་ཤིང་གིས། ངས་རང་ཉིད་ཀྱི་རྐང་རྗེས་དང་ལག་རྗེས་ཀྱི་ཁ་དོག་མ་ཤེས་ལ། བསླུ་བྲིད་ཀྱི་ངང་ཚུལ་དངོས་མ་དེ་ཅི་ལྟར་ཤེས། རང་ཉིད་ཀྱིས་རང་ཉིད་ཀྱི་མི་ཚེ་གཉོམ་པོ་ལ་མི་རྟག་པའི་སྐྱོ་སྣང་སྤུར་ཏེ། འདུ་འཛིའི་ལ་ལུང་ལ་ཆོས་ཉིད་རྩུབ་མོ་ཞིག་གི་བག་ཆགས་བཞག ལྟོས་དང་། གུ་དོག་པའི་མི་ཚེའི་ལམ་ཕྲན་རེ་རེ་སུ་ཞིག་གིས་རང་ཉིད་ཁོ་ནའི་ཆེད་དུ་བཟོས་སོང་བ་འདྲ། སྡུག་བསྔལ་ལ་གནས་པའི་འདོད་པའི་མི་རྟག་པའི་དབྱངས་ལ་རེ་ཞིང་སྒུག་པས། ད་ནི་འཆི་བའི་བརྡ་ལ་ཉེ་བའི་གཉོམ་པའི་རྣམ་ཤེས་གང་དུ་སྦས། འགྱོད་པའི་གཞི་རུ་གྱུར་བའི་བསམ་པའི་གཏད་སོ་གང་དུ་འཇོག ཀྱེ། ལན་ཞིག་ཐོབས་དང་། མི་རྟག་པའི་དབྱངས་རྟ་ལགས། ཚེ་རབས་ཀྱི་ཕྲེང་བར་རྒྱུས་པའི་རྨི་ལམ་དྲོད་མོ་སྟེར་མཁན་ཁྱེད་མིན་ནམ། དཔྱིད་དཔལ་གྱི་འཛུམ་ལས་གྲོལ་བའི་བརྩེ་བའི་འཛུམ་མདངས་སྟོན་མཁན་ཁྱེད་མིན་ནམ། ང་ཡིད་ཆེས་དྲགས་པས། ངས་ང་ཡི་ཡོད་ཚད་ཁྱེད་ལ་བརླག་ཏུ་བཅུག ཁྱེད་ནི་བཅོས་མིན་རང་བྱུང་གི་ང་ལ་སྙིང་ཉེ་བའི་དྭངས་གཙང་གི་སེམས་ལྡན་དེ་མིན་ནམ། ཅི་ཞིག་གི་ཆེད་དུ། གང་ཞིག་གི་ཕྱིར་དུ། འདི་ལྟར་སྐྱོ་གདུང་གི་བག་ཆགས་མཐུག་པོའི་ས་བོན་གནང་དོན་ཅི། མི་རྟག་པའི་དབྱངས་རྟ་ལགས།
འཁོར་བ་ནས་འཚོ་དོན་ནི་རང་ཉིད་རྐྱང་རྐྱང་ཁོ་ནའི་ཆེད་དུ་མིན་མོད། མྱུར་མགྱོགས་ཀྱི་མི་རྟག་པའི་དུས་ཚོད་ཀྱི་འཁོར་ལོས། ང་ལ་སྲིད་པའི་འདུ་འཛིའི་སྒྱུ་འཕྲུལ་བསྟན། ང་ལ་གནོད་པའི་ངན་སྨྲའི་དུག་ཚེར་བཞུས། ངས་དཔུང་ཤུགས་ཀྱི་བདེན་པ་བརྡར་ཡང་། ངས་སྙིང་རྗེ་ཡི་མེ་འོད་བསྒྲོན་ཡང་། ངས་མཐར་ཐུག་ལ་སྨོན་ལམ་བརྒྱབ་ཀྱང་། ང་ལ་རང་བཞིན་དེས། ང་ལ་སྐད་ཅིག་མའི་རང་བཞིན་དེས། ང་ལ་མི་རྟག་པའི་རང་བཞིན་དེས། ང་ལ་མི་རྟག་པའི་ཆོས་ཉིད་ཀྱི་རང་བཞིན་ཕྲ་མོ་དེས། སྡོད་དུ་མ་བཅུག ལྷོད་པོར་སྡོད་དུ་མ་བཅུག གཏན་ནས་གཏན་དུ་སྡོད་དུ་མ་བཅུག དེ་ནས་བཟུང་། ང་སྔར་བཞིན་དབྱངས་རྟ་དེར་ཐིམ་ནས། ལྷོད་འཇགས་ཀྱི་མི་རྟག་པའི་དབྱངས་རྟ་དེར་ཐིམ་ནས། རྒྱང་དཀྱེལ་གྱི་ལམ་བུ་དེ་ལ་གོམ་ཁ་བསྒྱུར། གཅིག་རེ་གཉིས་རེ་བྱས་ཏེ། རྒྱང་དཀྱེལ་གྱི་ལམ་བུ་ལ་གོམ་ཁ་བསྒྱུར། གོམ་ཁ་བསྒྱུར།
སྐྱོ་སྡུག་གི་མི་ཚེ།
མི་ཚེ་ནི་མཐའ་མི་མངོན་ཞིང་གཏིང་ཟབ་པའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ། སོང་མི་ཚར་ཞིང་མགོ་འཁོར་བའི་ནགས་རྫོབ་མཐུག་པོ་ཞིག་ཀྱང་ཡིན་པ་འདྲ། ངས་མི་ཚེ་རིང་མོའི་བདེ་སྡུག་གི་ན་བུན་དག་ཚིགས་སུ་བཅད་ནས་དབྱངས་དང་སྦྲེལ་དུས། ང་ལ་ལྟོས་དབང་མེད་པར་ལོ་ཟླའི་མགོ་གཡོག་ཐེབས་ཏེ། སེམས་སུ་འཁྲིགས་པའི་འཁོར་བ་ཡི་ཆགས་སྡང་ནི་སྔར་བཞིན་ངོ་བོ་གོང་འཕེལ་དུ་འགྲོ་བཞིན་ཡོད་འདུག ངས་མི་ཚེ་ལ་ཕྱི་མིག་ཐེངས་གཅིག་ལྟ་དུས། ང་རང་མི་ཚེའི་བྲན་གཡོག་ཏུ་ལྷུང་འདུག་པ་མ་ཟད། སྐྱོ་སྡུག་གི་ན་བུན་ཀློང་ན། ཆགས་སྡང་གི་འཐབ་རྩོད་ཀྱི་སོ་ཁ་ན་བསྒྲེངས་འདུག འདི་ལྟར། ཆོས་ཉིད་བཙན་པོ་འདིའི་རྒྱབ་ལྗོངས་སུ་བཞུད་ཀྱིན་པའི་ངའི་རྣམ་ཤེས་ཀྱི་འཁོར་ལོ་ཅི་འདྲའི་མགྱོགས་ཨང་། སྐྱོ་སྡུག་གི་མི་ཚེ་ལགས།
མི་ཚེ་ནི་ལག་ཏུ་བཟུང་བའི་ཆུ་ལུད་དྲོད་གཤེར་ལ་བརྟེན་པའི་མེ་ཏོག་ཆུང་ཆུང་ཞིག་གི་མཛེས་ཆ་དང་འདྲ་སྟེ། ནམ་ཞིག་ལ་རིམ་བཞིན་རྒྱུ་ཚོགས་དང་བྲལ་དུས། སྐད་ཅིག་གི་མར་མེ་བཞིན་གཟིམ་འགྲོ་ཨང་། ང་རང་དགའ་སྣང་དང་སྤྲོ་འབོད་ཀྱི་ཀློང་ནས་གསོན་བསྡད་ཡོད་ཀྱང་། དུས་སྐལ་གང་ཞིག་ལ། བསགས་བཅས་ཉེར་ལེན་གྱི་བེམ་པོ་འདི། མེ་རུ་བསྲེག་པའམ་རྒོད་པོས་བཏོག་བཞིན་མཐའ་རུ་འབྲེལ་ཡོད་ཀྱི་མི་འགས་མིག་ཆུ་གཏོར་གྱིན་ཡོད། དུས་དེར། བར་དོའི་འགག་འཕྲང་གི་དབྱིངས་ན་སྡུག་བསྔལ་གྱི་འོ་དོད་དྲགས་པོའི་ན་ཟུག་མྱོང་དགོས་པ་ང་ཁོ་ན་ཡིན་ཞིང་། ཁོ་ཚོ་ཡང་ཞོར་དུ་འཕྲོས་པའི་སྡུག་བསྔལ་ལྷག་མ་ཞིག་ཡིན་ལ། ཐོགས་རེག་བྲལ་བའི་དངོས་པོ་དང་ཆགས་ཞེན་གྱི་བང་ཁར་མཆོངས་པའི་གཉེན་ཉེ་དག་གི་མིག་ཆུ་ནི་སེམས་སུ་འདོར་ཐབས་བྲལ་བ་ཆོས་ཉིད་ཅིག་རེད་དམ། སྐྱོ་སྡུག་གི་མི་ཚེ་ལགས།
མི་ཚེ་ནི་འདུར་བཞིན་འདུར་བཞིན་ཐོན་རྒྱུ་མེད་པའི་འགྲུལ་བཞུད་ཅིག་ཡིན་ལ། བཙལ་གྱིན་བཙལ་གྱིན་རྙེད་རྒྱུ་མེད་པའི་སྟོང་བ་ཉིད་ཅིག་རེད་དོ།། འོན་ཀྱང་། དུས་རབས་ཀྱི་གོམ་འགྲོས་ལས་སྔར་བཞིན་མི་ཚེའི་ལོ་ཟླ་འདི་དང་བསྟུན་དགོས་ཤིང་། སྤྱི་ཚོགས་ཀྱི་འདུ་ཤེས་ལས་གཉོམ་དུང་དུང་གི་ཤ་ཁྲག་འདི་ཟད་དགོས་པ་ཆོས་ཉིད་ཅིག་རེད་ཨང་། གང་ལྟར་ཀྱང་། སྐྱ་ཞིང་སྔོ་བའི་ཁ་མདོག་དང་། ཡོ་ཞིང་འཁྱོག་པའི་ལམ་འཕྲང་ནི་ཅི་འདྲ་ཞིག་གུ་དོག་ཀྱང་། མཚར་སྡུག་འོད་དུ་ཆགས་པའི་གཟི་བརྗིད་ཀྱི་ལྷག་བསམ་དྲོད་མོས། སྤྲིན་དཀར་གྱི་བང་རིམ་བརྟོལ་མ་ཐུབ་ན། མི་ཚེ་ནི་སྔར་བཞིན་འགྱུར་རྒྱུ་མེད་པའི་སྐྱོ་སྣང་གི་འཁུན་སྒྲ་ཁོ་ན་ལས་བདེ་བ་སྤྲོ་བའི་འཛུམ་ཆུང་སྟོན་མཁན་ཞིག་ག་ལ་ཡིན། སྐྱོ་སྡུག་གི་མི་ཚེ་ལགས།
མི་ཚེ་ནི་དྲང་བདེན་གྱི་སྙིང་སྟོབས་བསྐྱེད་དགོས་པའི་གནས་ལུགས་ཁོ་ན་ཞིག་ཡིན་ལ། འཆམ་མཐུན་གྱི་ལྷག་བསམ་བསྒོམ་དགོས་པའི་འདུ་ཤེས་ཤིག་ཀྱང་ཡིན། དེའི་ཕྱིར། ཕར་ཕམ་རང་རྒྱལ་གྱི་བསམ་བློ་ཁོ་ན་མྱོང་མཁན་ཚོས། མི་ཚེ་ནི་འགྲན་རྩོད་ཀྱི་གླིང་ག་ཁྲ་ཁྲ་ཞིག་གི་འདུ་ཤེས་ལས་མེད་པས། རྣམ་རྟོག་གི་གྲུ་ཁར་འཚོལ་སྙེག་བྱེད་བཞིན་པ་ནི་ནམ་ཞིག་ལ་མཇུག་རྫོགས་དགོས་ཤིང་། ནམ་ཞིག་ལ་སེམས་ཀྱི་འཇིག་པའི་རྟེན་དུ་གྲུབ་ངེས། ང་རང་འདི་ལྟར་མཚོན་མདོག་མེད་པའི་ལམ་ཁ་རེ་རེ་ནས་སྐྱོད་དུས། ཡང་ཡང་འདི་ལྟར་དྲན་བཞིན། རང་ཉིད་ལྟ་བུའི་གཞན་དག་གི་སྡུག་བསྔལ་གྱི་སེམས་པ་འདི་ནམ་ཞིག་མཇུག་རྫོགས་ཏེ། གང་ཞིག་ལ་རེ་སྒུག་གི་ཉི་ཟེར་དྲོད་མོས་རང་སེམས་ལ་འོད་སྟོང་འཕྲོ་དུས། སྙིང་ཆུང་འདི་ད་གཟོད་ལྷོད་ལྷོད་བྱས་ཆོག སྐྱོ་སྡུག་གི་མི་ཚེ་ལགས།
མི་ཚེ་ནི་ཉི་འོད་འཇམ་པའི་ཟླ་མཇུག་ཅིག་ཡིན་ལ་རླུང་བུ་ལྡང་བའི་ཟླ་སྟོད་ཅིག་ཡིན། མེ་ཏོག་བཞད་པའི་དཔྱིད་མཇུག་ཅིག་ཡིན་ལ། ཁ་བ་འཕུར་བའི་དགུན་སྟོད་ཅིག་ཀྱང་ཡིན། དེའི་ཕྱིར། མི་ཚེ་ལ་འཁུན་སྒྲ་མང་ལ་མི་ཚེ་ལ་དགོད་སྒྲ་ཡང་མང་། རུས་རྐང་གི་སྙིང་སྟོབས་ཙམ་ལས་ཆོག་ལ། ཡིན་ཡང་དེ་ཁོ་ན་ལས་མི་ཆོག གང་ལྟར། མི་ཚེ་ནི་བསམ་གཞིག་གི་སྒོམ་གྲོང་ཆུང་ཆུང་ཞིག་ཡིན་ན། ང་རང་རྒྱུན་དུ་སྤྲོ་ཆོག་ལ། མི་ཚེ་ནི་ཁྲ་ཁྲ་འུར་འུར་གྱི་ལུང་ཆེན་ཞིག་ཡིན་ན། ང་རང་རྒྱུན་དུ་ངུ་འདོད། ངས་འདི་ལྟར་བསམ་ཏེ་མཛེས་སྡུག་གི་མདུན་ལམ་བྲིས་ཆོག་ཀྱང་། མཛེས་སྡུག་གི་མདུན་ལམ་མངོན་དུ་འགྱུར་རྒྱུ་ཁག་པས་ང་རང་ད་དུང་སྡུག་སྣང་གི་ཆུ་མོ་བཞིན་ཐུར་དུ་བཞུར། སྐྱོ་སྡུག་གི་མི་ཚེ་ལགས།
༢༠༡༥.༡༠.༡༤ཉིན་བྱང་རྒྱུད་འཛིན་མའི་མེ་ལོང་དུ།