བུ་མོ་སྐྱེས་ནས་ཟླ་ངོ་གཉིས་འགོར་ཡང་། ཨ་ཕས་སྔར་བཞིན་རང་གི་བུ་མོར་སྒུག་ཡོད།
ཟླ་བ་དགུ་དང་ཞག་མ་བཅུའི་ཡར་སྔོན་དུ། ངས་ཀྱང་རང་གི་ཕ་མ་གཉིས་དང་ཕུ་ནུ་མིང་སྲིང་། ཤ་ཚ་ཉེ་རིང་ཀུན་དང་འདྲ་བར་རང་གི་མ་མགོའི་ནང་གི་བུ་མགོ ཁྱི་ཕག་ནང་གི་ཚང་མགོ་ལྟ་བུའི་ཤ་མཆེད་ཀྱི་བུས་པ་འདི་བུ་ཆུང་བསམ་པའི་དོན་གྲུབ་ཅིག་ཡིན་པར་རེ་བ་བླ་ལྷག་བརྒྱབ་ཅིང་། སྨོན་ལམ་དང་གསོལ་བ་ཡང་ཕུར་ཚུགས་སུ་བཏབ་པ་ཡིན། ད་དུང་། ཁོ་ལ་སྐྱེས་ཕོ་རབ་ཅིག་གི་བརྡ་དང་ཐ་སྙད། མིང་ནས་བཟུང་སྟེ་ངས་ཡང་ཡང་བོས་པ་ཡིན། ཡང་ཡང་བོས་རྗེས། ངས་ཅི་ཞིག་འཁྱོངས་སོང་བ་ལྟར་རང་གིས་རང་ལ་འཇིག་རྟེན་གྱི་ཨ་ཕ་ཞིག་གི་ང་རྒྱལ་དང་སྤམ་མདོག སྒམ་ཚུགས་དང་རང་དབང་དཀྱེལ་ཡངས་ཀྱི་རྣམ་འགྱུར་བསྟན་པ་ཡིན།
ཡིན་ཡང་། ཟླ་དགུ་ཞག་བཅུའི་ལོ་ཟླའི་ཕྲེང་བ་ཡུན་གྱིས་ཟད་དེ་དུས་ཚོད་ཀྱི་ཐག་སྒྲ་རང་དང་ཉེ་བར་བཅར་བ་ན། དེ་སྔོན་གྱི་རང་གི་རེ་བ་དང་སྨོན་འདུན་ནི་ཁ་གཡང་ཙམ་ལས་ཡེ་ནས་མ་སྨིན་པའི་བསམ་བློའི་ཆ་ཚད་ཅིག་སྟེ། གནད་འགག་གི་སྐབས་སུ། བྱིས་པ་ནི་བུ་ཞིག་ཡིན་ཆོག་ལ། བུ་མོ་ཞིག་ཡིན་ཡང་ཆོག། གང་ལྟར། ང་ལ་མཚོན་ན་ཆེས་མཁོ་བ་ནི་མ་བུ་བདེ་ཐང་གིས་ཕྱུག་པའི་རང་ཁྱིམ་ངོ་མ་ཞིག་ཡིན་ལ། མ་ངོ་བུ་ངོ་འཕྲད་ཅིང་བུ་ངོར་ཉི་མ་ཤར་བའི་རང་དབང་དང་བདེ་སྐྱིད་ཀྱི་གནས་ཚང་དྲོན་མོ་ཞིག་ཡིན།
རིང་མོ་ཞིག་ནས། ང་ལ་འཇིག་རྟེན་གྱི་ཨ་ཕ་ཞིག་བྱ་བའི་སྟོང་བསམ་གྱི་རྨི་ལམ་ཡོད་པས། ནམ་ཞིག་སུ་དང་ལྷན་དུ་རྨི་ལམ་མ་ཡིན་པའི་རྨི་ལམ་གྱི་དངོས་དོན་མངོན་འགྱུར་འབྱུང་བར་བློ་བཀོད་ཀྱི་སྐྱ་ཐིག་རིང་མོ་ལོ་ཟླའི་ཕར་རྒྱབ་ལ་འཐེན་པ་ཡིན། ལོ་ཟླའི་ཕར་རྒྱབ་ཏུ་མངོན་ཆུང་གིས་སྦས་པའི་བུད་མེད་མང་བོའི་ངོ་གདོང་དང་འཛུམ་ཆུང་ཡོད། དེ་དག་ལས་མ་འོངས་ལུང་བསྟན་གྱི་བཀའ་རྒྱ་ལས་རིང་དུ་འགོངས་པའི་ང་ཡི་ཆུང་མ་ནི། ངེད་ཕ་བུ་གཉིས་ཀའི་ལས་ཀྱི་བསྐོས་ཐང་ལྟ་བུའི་ཁྱིམ་གྱི་བདག་མོ་དང་དུས་གསུམ་གྱི་དགའ་མ་ཡིན་པའི་རྨི་ལམ། བདག་གིས་ཕལ་ཆེར་རྨིས་མྱོང་མེད།
༢༠༡༦ལོའི་ལོ་མཇུག་ཏག་ཏག་ལ། ང་རང་ཁ་རོག་གེར་འཇིག་རྟེན་གྱི་ཨ་ཕ་ཞིག་ཏུ་གྱུར་བ་འདིས། རང་ལ་སྔ་ན་མེད་པའི་དགའ་བ་དང་སྤྲོ་ཤུགས་འཕར་མ་བསྣན་ཏེ། རེ་བ་དང་ཡིད་ཆེས་ཀྱིས་བརྟས་པའི་འཚོ་བ་གསར་བ་ཞིག་གི་དབུ་ཁྱུད་ཅིས་ཀྱང་འབྲི་དགོས་ཨང་སྙམ། དེ་དང་ཆབས་ཅིག ང་ནི་བྲེལ་འཚུབ་དང་དངངས་སེམས། སྟོང་འདང་དང་རྨི་ལམ། ཐུགས་ཁྲལ་བཅས་ཀྱིས་ཀུན་ནས་གཙེས་པའི། སྤྱི་རྒྱ་སྟོང་ཕྲག་གི་སྐྱོ་ངལ་གྱི་ཁུར་བོ་བླུགས་སའི་སྣོད་ཅིག་དང་འདྲ། སྐབས་རེར། མི་ཚོགས་ཀྱི་རྦ་རླབས་དྲག་ཏུ་འཕྱོ་ཞིང་འུར་ཟིང་གི་འདུ་འགོད་ལང་ལོང་རྩེན་པའི་འཁོར་འདས་ཀྱི་གྲམ་ཐང་དུ། ང་ནི་སྣང་བ་རབ་རིབ་དང་འཆར་ཡན་མག་མོག་ཁྲོད་ཀྱི་གཏོལ་མེད་ཀྱི་ཨ་སྐྱོ་བ་ཞིག་དང་ཡང་འདྲ་བར། མདུན་སྐྱོད་ཀྱི་རྡོག་པ་ལམ་དུ་འཇོག་པའི་ལུས་པོ་འཁྱག་རེངས་སུ་ཕྱིན་འགྲོ། རང་དབང་གི་མགོ་བོ་ལྟག་གར་དགྱེ་བའི་སྣང་བ་རང་འགགས་སུ་བུད་འགྲོ།
ཉིན་འདི་དག་གི་རིང་ལ། ངས་ཁ་ངོ་ཐུག་མྱོང་མེད་པའི་རང་གི་བུ་མོ་དྲན་འོང་། བུ་མོའི་ཨ་མ་དྲན་འོང་། ནམ་ཞིག བུ་མོའང་རང་གི་ཨ་མ་ནང་བཞིན་རྒྱལ་ཁབ་དང་ཕ་ཡུལ་མེད་པའི་ཡུལ་གྱར་གདོང་ལེན་པ་ཞིག་གི་ལས་ཀྱི་ཁྲེས་པོ་ཁུར་བའི་ཁེར་རྐྱང་གི་རྣམ་ཤེས་ཤིག་ཡིན་སྙམ་ན། ང་དགའ་ནས་དགོད་དགོས་ཤིང་། སྡུག་ནས་ངུ་ཡང་དགོས། རང་དབང་དང་འདྲ་མཉམ། དྲང་བདེན་དང་གནས་ལུགས། དཔལ་ཡོན་དང་འགྲན་རྩོད་ལ་ཀུན་ནས་མངོན་པར་ཕྱོགས་པའི་དུས་རབས་ཀྱི་ནང་དུ། ཕར་འགྲོ་ལ་གདེངས་ཐོབ་ཅིང་ཕྱིར་ཡོང་ལ་ངེས་པ་མེད་པ། སོང་ན་བསྡད་ན། ཉལ་ན་གཉིད་ན། ཟ་ན་གོན་ན། རང་སྣང་གང་དྲན་དང་གང་དགའ་ཅི་སྐྱིད་བྱ་ཆོག་པའི་རང་ཁྱིམ་ནི། ད་གཟོད། སོ་སོའི་ཞེ་ལ་ཐོགས་པའི་རང་གི་ཕ་ཡུལ་དང་མེས་པོའི་རྒྱལ་ཁབ་ཡིན། དེ་ལྟ་མིན་ཚེ། ཕྱི་རུ་སྐྱོད་ན་ཐོབ་དཔང་དང་ལམ་ཡིག་གི་ཆོག་མཆན་དགོས་ཤིང་། ནང་དུ་སླེབས་ཚེ་སོ་ལྟ་དང་གཟབ་ནན་གྱི་མིག་ཟུང་འབུར་ཚུགས་སུ་གཏད་པའི་ལྕགས་མཁར་སྒོ་མེད་དེ་ནི། ཁྱོད་ཀྱི་ཕ་ཡུལ་ཡིན་ཡང་སོ་སོའི་མཐར་ཐུག་གི་ལོག་མལ་ཡིན་པའི་སེམས་ཀྱི་ཕ་ཡུལ་མིན། ཁྱོད་ཀྱི་རྒྱལ་ཁབ་ཡིན་ཡང་རང་གི་ཡོད་ཚད་དབུལ་ཆོག་པའི་བླ་མེད་ཀྱི་མེས་པོའི་རྒྱལ་ཁབ་མིན། དེ་ནི་གནས་ཚང་གཡར་བོའི་ཞག་གཅིག་གི་མགྲོན་ཁང་དང་འདྲ་བས། དེ་འདྲའི་ཕ་ཡུལ་དང་རྒྱལ་ཁབ་ནི། ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བ་ཞིག་རེད། ཐོས་བྱུང་ངམ། ང་ཡི་གཅེས་ཕྲུག་མ།
རི་ཆུ་དང་ལེ་དབར་སྟོང་ཕྲག་གི་ཡུལ་གྱི་བསྐལ་བའི་བར་ཐག་ནི་བར་ཐག་མ་ཡིན་པར། ཁྱོད་རང་ང་ཡི་གམ་དུ་ལྷགས་ནས་མིག་གིས་ཟིན་ཡང་། སེམས་སུ་མ་སོང་བའི་བར་ཐག་ནི་ད་གཟོད་འཇིག་རྟེན་གྱི་ཆེས་རིང་བའི་བར་ཐག་དང་། ཆེས་སྐྱི་གཡའ་བའི་བརྩེ་དུང་གི་གོད་ཆག་ཅིག་ཡིན། དྲན་པ་ནི་ཁ་ལོ་བཏུལ་མེད་ཀྱི་རྟ་རྒོད་ནང་བཞིན་འཚེར་སྐད་ལྷང་ལྷང་གིས་ཕྱོགས་བཞིའི་རྒྱལ་ཁམས་ལ་ལྟད་མོར་ཞོགས་འགྲོ། ང་ཡི་བུ་མོ་གནས་པའི་ས་ཕྱོགས་དང་རི་གྲོང་ལ་ཞོགས་འགྲོ། ཞོགས་ཐེངས་རེ་རེར། ཨ་ཕས་འདི་ལྟར་རང་གིས་རང་ལ་དགའ་སྐྱོའི་སེམས་གསོ་དང་སྐུལ་མ་གནང་བ་ཡིན།
ཉིན་དེར། ས་སྨུག་འཐིབས་པའི་གྲོང་ཁྱེར་གྱི་ནམ་མཁའ་ཐོལ་གྱིས་བརྟོལ་ནས། ང་རང་དཔྱིད་རླུང་དལ་བུར་ལྡང་བའི་ཟླ་གསུམ་པའི་པེ་ཅིན་གྱི་ནམ་ཟླའི་པང་དུ་ལྷུང་སོང་། མི་རིགས་དང་རྒྱལ་ཁབ་སྣ་མང་གི་འཁོར་འབངས་བྲེལ་འཚུབ་ཀྱིས་འདུར་བའི་པེ་ཅིན་གནམ་ཐང་དུ། ང་ཡི་དྲན་པ་དང་རེ་སྒུག་གི་རྟ་ཕོ་བཏགས་ནས། རང་གི་བུ་མོ་དང་ཆུང་མའི་ལོག་ཕེབས་ལ་སྒུག་པ་ཡིན། ཆོད་སེམས་བརྟན་པོའི་ངང་སྒུག་གི་གོ་རིམ་ཁྲོད་དུ། ངས་འབུ་སྐྱོགས་བཞིན་ཧ་ཅང་སྒྱིད་ལུག་གིས་ནུར་བའི་དུས་ཚོད་ཀྱི་བགྲོད་པ་རྗེས་སུ་ཁྲིད་ནས། ཁ་མི་གྲག་པའི་མི་ཚོགས་ཀྱི་ངོ་གདོང་རེ་རེ་ཚུར་བསུས་ཤིང་། རྒྱུས་མེད་པའི་མི་ཚོགས་ཀྱི་རྒྱབ་གཟུགས་རེ་རེ་བཞིན་མིག་སྐྱེལ་བྱས་པ་ཡིན།
དེ་རིང་། བཙས་ནས་ཟླ་ངོ་གཉིས་ལྷག་ལས་མ་སོང་བའི་རང་གི་བུ་མོར་དངོས་སུ་ཁ་ངོ་ཐུག་ཀྱང་། ཕན་ཚུན་གྱི་སེམས་དོན་དང་མ་འོངས་མི་ཚེའི་འཆར་གཞི་མོལ་བའི་ཐུན་མོང་གི་ཁ་བརྡ་དང་སྐད་ཆ་གཅིག་ཀྱང་མེད། ཡིན་ནའང་། བུ་མོའི་ནག་རིལ་རིལ་གྱི་མིག་འབྲས་དང་འཛུམ་ཀོང་ལ་བལྟས་ནས། དེ་རུ་ངས་རྣམ་རྟོག་གི་འཇིག་རྟེན་ཆ་ཚང་ཞིག་བཞེངས་སྐྲུན་བྱ་ཆོག་ལ། སྟོང་ཆེན་པོའི་སྟོང་གསུམ་གྱི་སྒྲུབ་ཕུག་ཅིག་ཀྱང་བློ་བཟོ་བྱ་རུང་བས། གནམ་འོག་གི་ཕལ་བའི་ཁྱིམ་ཚང་གི་ཨ་ཕ་ཞིག་ལ་མཚོན་ན། འདི་ལས་ལྷག་པའི་སེམས་སྐྱིད་དང་བག་ཡངས། འཆར་ཡན་གྱིས་ཕྱུག་པའི་སྣང་བའི་ཁམས་མཐོ་ས་དེ་ནི། ད་གཟོད། སྲིད་པའི་རྩེ་མོ། གོ་ལའི་གཙུག་ཏོར། ས་ཡི་ཐོར་ཅོག གངས་ཀྱི་རྩེ་རྒྱན་ལྟ་བུའི། སེམས་ཀྱི་ཆེས་མཐོ་ཚད་དེ་ཡིན་པ་ལ།
གྲོག་ཚང་གི་ཁ་ཕྱེས་པ་ལྟ་བུའི་གནམ་ཐང་དུ་གྲོག་མ་བཞིན་ཕར་འགྲོ་ཚུར་འོང་གི་འདུར་རྒྱུག་རྒོད་པའི་མི་ཚོགས་ཀྱི་འདུ་འགོད་སྔར་བཞིན་འཁྲིགས། དུས་ཚོད་གཉིས་ལྷག་གི་རྗེས་སུ། དམུལ་ཙམ་དམུལ་ཙམ་བྱེད་པའི་བུ་མོའི་འཛུམ་ཀོང་གི་ཉི་འོད་དང་ཆུང་མའི་སྐོམ་གདུང་གི་མཆུ་སྒྲོས། གཞི་ནས་ཧར་གྱིས་ཕྱེས་པའི་ང་ཡི་མིག་གི་རྒྱལ་མོའི་མཐོངས་སུ་ཤར་བྱུང་། དེ་དུས། ངའི་སེམས་སུ། ལོ་ཞིག་གི་སོས་ཀར་ཉམ་ཆུང་འཁོས་ཞན་གྱི་ཨ་ཕ་ཞིག རང་གི་བུ་མོ་དང་ཆུང་མའི་སྔུན་བསུ་རུ་རྒྱལ་ས་པེ་ཅིན་བར་དུ་འོང་ཞིང་། དེ་ནས་ཕ་བུ་གཉིས་ཀའི་ཆེས་ཐོག་མའི་དགྱེས་འཛོམས་ལ་རོལ་བའི་རྣམ་པ་དང་བཟོ་ལྟ་རེ་རེ་ག་ལ་བརྗེད་ཨང་སྙམ། རྒྱུ་མཚན། ལོ་འདི། ཟླ་འདི། ཉིན་མོ་འདི། མཚན་མོ་འདི། ཡང་ན། འདི་ནས་ལུགས་ལྡོག་གིས་བགྲང་བའི་ཉིན་ཞག་དྲུག་ཅུའི་སྔོན་གྱི་དུས་ཚོད་སྐར་ཆ་རེ་རེ། ངའི་མི་ཚེ་ནང་གི་གསར་གཏོད་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་དང་ཤིས་པར་བྱེད་པའི་དུས་རིམ་གྱི་བར་བརྒལ་ཆེན་མོ་ཞིག་ཡིན།
ངའི་བུ་མོའི་མིང་ལ་གཡུ་ལྷ་སྒྲོན་དཀར་ཟེར། ཁོ་མོ་བཙས་མ་ཐག རྒྱ་མ་བདུན་ཙམ་ལས་མེད་ནའང་། མོ་ནི་ངའི་མི་ཚེའི་ནང་གི་ཆེས་ལྗིད་ཚད་ཡོད་པའི་བརྩམས་ཆོས་ཐོག་མ་དེ་ཡིན། སྙན་ངག་དང་སྒྱུ་རྩལ་རྩོམ་ཡིག་མཐའ་དག་བློས་སློང་གི་གོ་རིམ་ཁྲོད་དུ། བརྩམས་ཆོས་ཀྱི་ཁ་ཡིག་ནི་རྩོམ་པ་བོ་རང་གིས་རྟོག་བཟོ་བྱ་དགོས་པ་བཞིན། བྱིས་པ་ལ་མཚོན་ནའང་། རང་གི་མིང་ཡིག་ནི་ཕ་མ་གཉིས་ཀའི་བརྩམས་ཆོས་ཀྱི་སྦྱར་བྱང་དང་འདྲ་བས། འདི་རུ་རེ་བ་དང་གཟབ་ནན་གྱིས་བྲིས་པའི་སྨོན་ཚིག་ཡོད་ལ། སྙན་ཚིག་ཡང་ཡོད།