བདག་གི་ཕ་ལོ།
རྒུ་རུ་བ་རྡོ། (མང་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15
དེ་རིང་བརྩིས་ན་ངས་དགེ་རྒན་དུས་ཆེན་ཐེངས་ལྔ་ལ་རོལ་མྱོང་། ཐེངས་ལྔ་བོར་ངས་རང་ཉིད་ཀྱི་དགེ་རྒན་དུ་གྱུར་མྱོང་བ་དག་ལ་བཀྲ་ཤིས་ཁ་སྨོན་འབུལ་མྱོང་ལ་ངའི་སློབ་མར་གྱུར་མྱོང་བ་དག་གིས་ཀྱང་ང་ལ་དེ་བཞིན་བྱེད་མྱོང་།
དགེ་རྒན་དུས་ཆེན་ཐེངས་ལྔ་བར་རོལ་བའི་ཉིན་མོ་འདིར་ངས་བར་མེད་དུ་དྲིན་ཅན་གྱི་ཕ་ལོ་དྲན་ཡོང་། རྒྱང་ཐག་རིང་བའི་རུ་ཁུད་ཅིག་ན། བཀའ་བསྡུས་དང་གུ་རུ་སིད་ངྷི་འདོན་རྒྱུར་དགའ་བའི་ཕ་ལོ།
ངའི་ཕ་ལོ་ནི་རྟ་དང་གཡག་ལ་འདང་རྩིས་ཆེ་ཞིང་། བོད་ཡིག་ཀྱང་ཤར་མར་འདོན་ཤེས་ལ། བླ་མ་དང་སྤྲུལ་སྐུ་སྤྱི་བོར་བཀུར་བའི་ལོ་ན་གཞོན་དུས་ཆང་ཡང་ཨེན་ཙམ་བཏུང་བའི་འབྲོག་པ་རྒན་པོ་ཞིག་ཡིན། གསར་བུ་ཡིན་དུས་གསར་རྟགས་ཀྱང་རེ་གཉིས་བསྟན་མྱོངས་པ་ངས་བཤད་དགོས་པ་ཞིག་ག་ལ་ཡིན།
ད་ལྟ་མི་མང་བོ་ཞིག་གིས་ཕ་མ་ནི་མི་ཚེའི་དགེ་རྒན་ཐོག་མ་ཡིན་ཞེས་ལབ་ཡོང་དུས། ངའི་གློ་ལུ་བྱེད་སྟངས་དང་གོམ་པ་སྤོ་ལུགས། མདོར་ན་འགྲོ་ལུགས་འདུག་སྟངས་མང་བོ་ཞིག་ཕ་ལོ་དང་འདྲ་བོ་འདུག་ཟེར་གྱིན་འདུག ངས་བལྟས་ན་ངེད་གཉིས་ལ་རྦད་དེ་མི་འདྲ་ས་ཡང་འདུག་སྟེ། དཔེར་ན། ཕ་ལོས་ཆང་འཐུང་རྗེས་བོད་ལྭའི་གོང་བ་ཡར་འཐེན་ཙམ་འཐེན་ཙམ་བྱས་ཏེ་ལར་ནས་ཁ་མི་གྲགས་པ་དང་། ང་ཆང་གིས་བཟི་རྗེས་གྲུ་ལག་སྟོད་ལ་བརྫེས་ཏེ་ཧ་ཅང་སྐད་མགོ་མཐོན་པོས་དགོས་མིན་གྱི་ཉོག་གཏམ་རྫོགས་མེད་ཅིག་ལབ་འགྲོ་བ་ལྟ་བུ་དང་། ཁོ་ནི་མི་བརྟན་ཚུགས་ཅན་ཞིག་ཀྱང་ཡིན་ཏེ། བརྙན་འཕྲིན་ལས་བླ་ཆེན་ཞིག་གིས་ཆང་གི་ཉེས་དམིགས་བགྲངས་ཏེ་མི་མང་གིས་ལག་པ་ཡར་བཀྱགས་ཏེ་ཆང་གཅོད་པ་མཐོང་བས་ཁོས་ཀྱང་ལག་པ་བཀྱགས་ནས་ཆང་བཅད་པ་ཡིན་ཞེས་བཤད་པ་ནས་ཆང་ཁར་རེག་མ་མྱོང་བ་ལྟ་བུའོ། །
དྲང་མོར་བཤད་ན་ངས་བསམ་བློ་གཏོང་ཤེས་པ་ནས་བཟུང་ཕ་ལོ་ནི་འཇིག་རྟེན་འདིར་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་སྐྱེས་པ་ཞིག་ཡིན་པར་རློམ་ཡོད་དེ། ངས་རྡོ་ཆས་ཀྱི་རྩེད་ར་བསྒྲིགས་ཤིང་ས་དམར་གྱི་སྒོ་ཕྱུགས་བཟོ་བ་དང་དབྱུག་པའི་རྟ་བོ་ཞོན་དུས། ངས་ཀྱང་ཕ་ལོར་ལད་ཟློས་བྱས་ཏེ་སྲུང་རྟ་དང་ལྷ་གཡག གནམ་ལུག་ཅེས་མང་བོ་ཞིག་ལ་སྲུང་ཁ་གསོས་ཤིང་སྲུང་རྟགས་བཏགས་མྱོང་བ་མ་ཟད། ཁྱིམ་མཚེས་ཀྱི་བྱིས་པ་དག་དང་མཉམ་དུ་རྩེད་དུས་ཁ་རོག་གེར་ཁ་སྤུ་བཏོག་ཁུལ་གྱིས་རྡོ་ཆས་ཀྱི་རྩེད་རའི་གྲལ་མགོ་ནས་བསྡད་མྱོང་།
ཕ་ལོ་རྫོང་མཁར་དུ་ཚོང་ཙག་ཙིག་རྒྱག་ཏུ་འགྲོ་བའམ་ནོར་ཁྱུ་ནས་ཁ་ཡན་རེ་གཉིས་བོར་ཏེ་འཚོལ་ཏུ་འགྲོ་སྐབས། རྟ་རྒན་རྣ་ནར་དང་ངང་ལྡང་གཉི་གའི་གང་ཡིན་ཡང་རྟ་ཕུར་ལས་དཀྲོལ་རྗེས་ཁྱིམ་མིས་མི་མཐོང་སའི་བར་དུ་ཁྲིད་དེ་འགྲོ་བ་མ་ཟད། མི་གཞན་གྱིས་སྦྲ་འདབས་ནས་རྟ་ཞོན་མཐོང་ན་ཡང་ཧ་ཅང་མི་དགའ་བའི་ཉམས་ཀྱིས་གན་ཚོར་ལྟོས་དང་། ཐབ་ཀའི་སྟེང་ནས་རྟ་ལ་ཞོན་བྱུང་ཞེས་མགོ་བོ་ཐད་དུ་གཡུག་ངེས། ད་དུང་ལ་གྱེན་ལ་མ་ཁུར་ན་རྟ་མིན། ཐུར་ལ་མ་ཁྲིད་ན་མི་མིན་ཞེས་བཟློ་བར་བལྟས་ན་ངས་མི་རིག་ས་ན་ཡང་ཁོ་ལ་འགྲོ་ལུགས་འདུག་སྟངས་མང་བོ་ཞིག་ཡོད་པ་ཤེས་ཐུབ།
ཕ་ལོ་ནི་སྐྱིད་སྡུག་གང་ལ་འཕྲད་ཀྱང་ཁ་རོག་གེར་སྡོད་མཁན་ཞིག་ཡིན། ཐ་ན་ཁོའི་དྲིན་ཅན་ཕ་ལོ་དང་གཅེས་པའི་ཨ་ཅེ་གཉིས་འཇིག་རྟེན་འདིར་བྲལ་དུས་ཀྱང་ཁ་རོག་གེར་ཁ་སྤུ་བཏོགས་ཞོར་འབྲུ་གསལ་ལ་མི་གསལ་ཅི་ཞིག་བཏོན་ཏེ་འདུག་པས་ངའི་ལྷད་མ་གོས་པའི་བྱིས་བློར་སྐྱེས་པ་ཚོ་ཚད་ངེས་ཅན་ཞིག་ལ་བསླེབས་ན་མཆི་མ་མེད་པར་འདོད་མོད། ད་ཆ་རང་ཉིད་ལ་བུ་མོ་ཞིག་གིས་ཚིག་ལྕི་མོ་ཙམ་ལབ་ན་ཡང་མིག་མཐའ་བརླན་འཁྱིལ་ལེར་འགྲོ་བར་བསམ་ན་ངའི་ཕ་ལོ་ནི་སྡུག་ཁོག་ལ་མིད་དེ་སྡོད་མཁན་ཞིག་ཡིན་པ་ཡང་ག་ལེར་རྟོགས། ངས་ནི་དགའ་ན་སྡུག་ན་ཁ་རོག་གེར་སྙན་ངག་འདྲ་བོ་རེ་བྲིས་ཏེ་བསྡད་པ་ཡིན་མོད། ཕ་ལོས་སྙན་ངག་འབྲི་མི་ཤེས་པས་རྒྱུན་པར་འདོན་པར་སྤྲོ་བའི་བཀའ་བསྡུས་སོགས་ནི་སྙན་ངག་ལས་ཀྱང་གོང་ཐང་ཡོད་པ་མིན་འགྲོ་སྙམ།
ཉི་མ་ཞིག་ལ་ཕ་ལོས་ཇ་ཤོག་ཅིག་གི་སྟེང་ལ་གསལ་བྱེད་སུམ་ཅུ་བྲིས་ནས་ང་ལ་ཀ་གཡེལ་ཁ། ག་ལྡུམ་ང་ཞེས་ཁྲིད་བྱུང་། ངས་ཀ་ཡིག་གཅིག་པོར་ཀ་གཡེལ་ཁ་ཞེས་བཀླགས་པར་ཁོའི་སེམས་ལ་ཅི་འདྲའི་བུ་ཀླེན་ནག་ཅིག་སྐྱེས་འདུག་ཨང་སྙམ་ཡོད་སྲིད་ཀྱང་། སྡིགས་མོད་སོགས་གང་ཡང་མི་བྱེད་པར་ཧ་ཅང་གཟབ་ནན་སྒོས་རེ་རེ་བཞིན་ཡང་ནས་བསྐྱར་དུ་ཁྲིད་པའི་དྲིན་ལ་ང་རང་སློབ་གྲྭར་མ་སོང་སྔོན་ནས་མདོ་གདུགས་སྒྲོལ་གསུམ་གཙོའི་ཁ་འདོན་གྱི་རིགས་དང་། ཧོར་གླིང་གཡུལ་འགྱེད་སོགས་གླིང་སྒྲུང་གི་སྐོར་མང་བོ་ཤར་མར་ཀློག་ཐུབ་པ་མ་ཟད་ཧ་ལམ་བློར་འགྲོ་ཞེས་བཤད་ཀྱང་ལབ་ཏུ་མི་འགྲོ་ལ། ད་ལྟ་བོད་ཡིག་དགེ་རྒན་ཞིག་གི་སྐྱེ་བ་བླངས་ཡོད་པ་ཡང་མདོར་དེད་ན་ཕ་ལོའི་དྲིན་ཅི་ལ་མིན།
ང་རང་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་ཤིག་ལ་ཕ་ལོས་ཁ་པར་ཡོང་སྟེ། འདི་གའི་བྱིས་པ་ཚོར་དྲུག་གཅིག་ལ་གནང་བ་ཉི་མ་འགའ་འདུག ཁྱོད་ལ་ཡང་གནང་བ་ཡོད་ན་ཡུལ་ལ་ཤོག་ཅེས་བཤད་པར་བལྟས་ན་ང་ནི་ཕ་ལོའི་མིག་ལམ་ནས་ནམ་ཡང་ནར་སོན་རྒྱུ་མེད་པའི་བྱིས་པ་ཞིག་ཡིན་པ་ཤེས་ལ་འཇིག་རྟེན་གྱི་ཕ་མ་ཚང་མ་ཡང་འདི་འདྲ་ཞིག་ཡིན་པ་ཞར་ལ་རྟོགས།
དེ་སྔ་ང་ཕྱི་རོལ་ཏུ་འཁྱམ་ནས་ཉིན་གཅིག་གཉིས་འགོར་ཡང་དོ་སྣང་ཞེ་དྲག་མི་བྱེད་མོད། ད་ལྟ་དེ་ལས་ལྡོག་སྟེ་ང་སྒོ་ཕྱིར་སོང་ནས་དུས་ཚོད་གཅིག་གཉིས་ཙམ་འགོར་ཡང་། བསྟུད་མར་ཁ་པར་བཏང་ཡོང་བ་མ་ཟད་དྲོས་ཇ་དང་ནུབ་ཆུ་ཡང་མ་འཐུང་བར་ང་ལ་བསྒུགས་འདུག་པར་བལྟས་ན། ཕ་ལོ་ཡང་རིམ་གྱིས་རྒས་ཏེ་སེམས་ཇེ་ཆུང་ལ་འགྲོ་བཞིན་པ་ཤེས་ཐུབ་པས་ད་ལྟ་ང་རང་ཡུལ་ལ་ལོག་ཐེངས་རེ་རེར་ཕ་ལོ་དང་ཉེ་བར་བཅར་ཏེ་ཡར་མར་གྱི་ཁ་བརྡ་མང་བོ་བྱས་ཏེ་བསྡད་པ་ཡིན།
དགེ་རྒན་དུས་ཆེན་གྱི་ཉིན་མོ་འདིར་ཚོད་ཚོད་ལ་ཕ་ལོ་དྲན་ཡོང་དུས། ངས་ནམ་རྒྱུན་གཞུང་ལམ་གྱི་འགྲམ་ན། ཕྱེད་ཀ་དཀར་བོར་གྱུར་པའི་སྐྲ་ལོ་ཧ་ཅང་གྲལ་དག་སྒོས་ཕྱི་ལྟག་ལ་ཤད་ཅིང་། ནང་དུ་ཅུང་སྒུར་ཡོད་པའི་ལུས་ལ་སྟོད་གོས་སྐྱ་སྐྱ་ཞིག་དང་རྐང་སྣམ་ནག་པོ་ཞིག་གྱོན་ནས་ང་ལ་སྒུག་པའི་ངང་ཚུལ་གཟུགས་ཅན་བཞིན་དུ་མིག་ལ་ཡང་ཡང་ཤར་བས་ཕ་མ་ནི་འཇིག་རྟེན་སྟེང་གི་དགེ་རྒན་ཐོག་མ་དེ་ཡིན་ཟེར་བ་ཡང་རྒྱུ་མཚན་མེད་པ་ཞིག་ལར་ནས་མ་རེད་ལ། ཕ་མ་ནི་མི་ཚེ་གཅིག་གི་དགེ་རྒན་ཡིན་ཞེས་བཤད་ན་ཡང་འུད་བརྗོད་ཀྱི་ཆ་ཅུང་ཙམ་ཡང་མི་འདུག
དེ་རིང་གི་དགེ་རྒན་དུས་ཆེན་འདིར། ཕ་ལོ་ལས་སུ་ཡང་དྲན་མ་བྱུང་ལ། ཕ་ལོ་ཁོ་ན་ཡང་ཡང་དྲན་པས། ངས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞེས་སྨོན་འདུན་ཞུས་ན་འདོད།
༢༠༡༧.༩.༡༠ཉིན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1