མེ་ཏོག་ལྷ་སྒྲོན་ལ་སྤྲིངས་པའི་འཕྲིན་པ།

དཀར་ལུང་པདྨ་རྡོ་རྗེ། (གཅན་ཚ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


སྙིང་གི་མེ་ཏོག་ལྷ་སྒྲོན་ལགས།  
        ཁྱོད་ཀྱིས་འཕྲིན་ཡིག་འདི་མཐོང་དུས་ང་གཞི་ནས་ཕ་ཡུལ་དུ་བསྐྱོད་པའི་ལམ་ལ་ཆས་ཟིན་ཞིང་།  མདང་དགོང་ཆང་གིས་བཟི་ཚད་ལྟར་ན་ཁྱོད་སད་ནས་འཕྲིན་ཡིག་འདི་རིག་དུས་ཕལ་ཆེར་ང་མེ་འཁོར་དུའང་བུད་ཡོད་ཚོད་འདུག
        ཉི་མ་ལྷ་ས་ནི་ངའི་སེམས་ཀྱིས་ལོ་ངོ་དུ་མར་སྒུག་པའི་མི་ཡུལ་གྱི་དག་ཞིང་དེ་ཡིན་པ་དང་། ཕོ་བྲང་པོ་ཏཱ་ལ་ནི་འུ་གཉིས་སློབ་ཆུང་སྐབས་ཀྱི་སློབ་ཚན་དུ་འཁྲིད་པ་བརྒྱུད་ནས་རྒྱུས་ལོན་ཅུང་བྱུང་ཡོད་པའི་སེམས་ཀྱི་ཕོ་བྲང་དེ་ཡིན་པས། ངས་འུ་གཉིས་ཡར་སྔོན་ཁ་གྱེས་པ་ནས་བཟུང་ནམ་ཡང་ཆུང་དུས་འུ་གཉིས་མཉམ་དུ་པོ་ཏཱ་ལ་མཇལ་དུ་འགྲོ་ཟེར་བའི་དམ་བཅའ་བརྟན་པོ་དེ་དང་ཡང་ན་དམ་བཅའ་དེ་ལས་བྱུང་བའི་འུ་གཉིས་ཀྱི་གཏམ་རྒྱུད་རེ་རེར་སེམས་ཀྱིས་འཚོ་བཞིན་མི་ལོ་གང་མང་ལ་སྒུག་པའི་གོ་རིམ་ཁྲོད་ཀྱི་སྐྱབས་འཇུག་བྱེད་སའི་གནས་མཆོག་དེའང་ཡིན།  
        རེད་དེ། དགུན་གཞུང་དེར་ངེད་ཚང་ལ་དོན་རྐྱེན་གློ་བུར་བ་ཞིག་བྱུང་བའི་དབང་གིས་ངའི་དམའ་འབྲིང་གི་སློབ་མཚམས་མི་འཇོག་ཐབས་མེད་བྱུང་སྟེ་ཡུལ་ལ་ལོག་པ་དང་། བསམ་དབང་དྲན་དབང་མེད་པར་ཉེ་མི་ཚོའི་བཀོད་སྒྲིག་ལྟར་ཁྱོད་ཚང་གི་ནུ་མོ་ཏཱ་རེ་སྒྲོལ་མ་གཉེན་གྱི་ཁབ་ཏུ་བསྒྲིགས་པར། ཁྱོད་ཀྱི་སེམས་ཀྱིས་མ་བཟོད་པར་སློབ་བྱོལ་བྱས་ཏེ་གར་སོང་མི་ཤེས་པར་གྱུར་སོང་བའི་གནས་ཚུལ་གོ་བར་ཁྱོད་ཀྱི་ཕ་མ་གཙོ་བྱས་པའི་ང་ཚོའི་སེམས་སུ་བྲེལ་སྣང་གིས་ཁེངས་ཤིང་ཕྱོགས་སུ་བཙལ་ཡང་མ་རྙེད་པས་སེམས་སུ་གདུང་བ་ཆེན་པོས་ཁེངས་སོང་། དེ་ནས་བཟུང་ངས་འུ་གཉིས་ཆུང་དུས་མཉམ་དུ་བརྩེ་བའི་རྩེད་ར་ཆུང་ཆུང་དང་། སློབ་སྦྱོང་བྱེད་སའི་མ་ཡུམ་སློབ་གྲྭ་སོགས་བྱིས་དུས་སུ་འུ་གཉིས་ཀྱི་འཚོ་བར་དབང་བའི་ཁོར་ཡུག་གི་གྲུ་ག་རེ་རེ་དང་། དམའ་འབྲིང་སྐབས་སུ་འུ་གཉིས་མཉམ་དུ་སློབ་སྦྱོང་བྱེད་སའི་གནས་ཏེ་སློབ་གྲོགས་ཚོས་ཀུ་རེ་ཚུལ་ཏུ་འབོད་པའི“ཁྱོ་ཤུག་གཉིས་ཀྱི་གཡུལ་ཁ”སོགས་སུ་ཁྱོད་ཀྱི་རྒྱབ་གཟུགས་དང་ཁྱོད་ཀྱི་དགོད་སྒྲ། ཁྱོད་ཀྱི་དབྱངས་སྙན་སོགས་མང་དུ་བཙལ་བ་མ་ཟད། ནམ་རྒྱུན་ལེན་པར་དགའ་བའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་སྟེ“བྱ་དེ་ཁྲུང་ཁྲུང་དཀར་མོ།། གཤོག་རྩལ་ང་ལ་གཡོར་དང་།། ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་སྐོར་ནས་སླེབས་ཡོང་།།”དེ་སྒྲ་ཐག་དང་རྒྱང་སྒྲོག་ལས་གྲགས་ཐེངས་རེར་སེམས་ལ་སྨྲ་མི་ཤེས་པའི་སྐྱོ་གདུང་དྲག་པོས་གཟིར་ཤིང་མྱུར་དུ་ཕྱིར་ཕ་ཡུལ་དུ་ཕེབས་པར་སེམས་ཀྱིས་སྒུག་ཡོད་ཨང་།   ལོ་དང་ཟླ་བ་གང་མང་ཞིག་བརྒྱུད་མཐར་ད་ལྟ་ང་ཡང་བྱིས་པ་གཉིས་ཀྱི་ཨ་ཕ་རུ་གྱུར་ཡོད་པས་ངས་ཀྱང་སེམས་ཅན་གྱིས་འཁོར་བ་བསྐྱངས་པ་བཞིན་ལས་དེར་འབད་པ་ཡིན།   རེད་དེ། ཏག་ཏག་ཚེས་དགུ་སྟེ་ང་ལྷ་སར་ཡོང་བའི་སྔ་ཉིན་དེར་རང་སྡེའི་ཨ་ཁུ་བསོད་ནམས་ཀྱིས་གང་ཞིག་ནས་ཐོས་པ་མ་ཤེས་མོད།  ཁྱོད་རང་གཞིས་རྩེ་ནས་བལ་བོར་བསྙེགས་པའི་བྲོས་བྱོལ་ཁྲོད་སྟབས་མ་ལེགས་པར་གངས་ཁྲོད་དུ་རྐྱེན་ལམ་དུ་ཤོར་སོང་ཟེར་བ་ཞིག་གོ་བས་ཁྱོད་ཚང་གི་ཁྱིམ་ཚང་ཡོངས་ཟིང་ཟིང་དུ་བཟོས་ཤིང་། ངའི་ཡ་ཆུང་སྙིང་ལ་མཚོན་གྱིས་བསྣུན་པ་ལྟ་བུའི་རྨ་ཁ་དྲག་པོ་བཟོས་སོང་བས། གཏམ་དེ་བདེན་པར་རློམ་བཞིན་ཡུལ་ལ་རྫུན་ལབ་སྟེ་འུ་གཉིས་ཀྱི་དམ་བཅའ་བརྟན་པོ་དེ་སེམས་སུ་ཉར་ཏེ་ཕོ་བྲང་པོ་ཏཱ་ལ་བསྙེགས་ཏེ་འོང་བ་ཡིན།
        དུས་ཚོད་ཉེར་བཞི་བརྒྱུད་མཐར་ང་རང་དངོས་ནས་སེམས་ཁོང་གི་ཉི་མ་ལྷ་སར་ཐོན་ཞིང་།  མེ་འཁོར་འབབ་ཚུགས་ཀྱི་འགྲོ་ལུགས་ཡོད་ཚད་བརྒྱུད་མཐར་དབུགས་ཐེངས་གཅིག་གིས་ཕོ་བྲང་པོ་ཏ་ལ་ཡོད་སར་ཕྱིན་ཏེ་ཇོ་བོར་ཐོད་པ་གཏུགས་ཤིང་སེམས་ཁོང་ནས་མིག་ཆུ་དང་བཅས་ཁྱོད་ཀྱི་འདས་དོན་དང་འུ་གཉིས་ཀྱི་བརྩེ་བ་ལ་ཕྱིར་དྲན་དང་བསྔོ་སྨོན་གྱི་མཆོད་མེ་སྒྲོན་པ་ཡིན། འདི་ལྟར་ཉིན་གསུམ་གྱི་དུས་ཚོད་རིང་ནས་འདས་པ་དང་ཡུལ་མིར་ཡང་གར་སོང་གི་གནས་ཚུལ་གསལ་བོར་བཤད་མེད་པར་དོགས་ཏེ་ཉིན་བཞི་བ་སྟེ་ཏག་ཏག་དེ་རིང་གི་དུས་ཚོད་བདམས་ཏེ་ཕྱིར་བགྲོད་པའི་མེ་འཁོར་གྱི་འཛིན་བྱང་ཉོས་པ་ཡིན།   
ངའི་སེམས་ནང་གི་ཉི་མ་ལྷ་ས། ང་དང་ལྷ་སྒྲོན་གྱི་དག་སྣང་སྨིན་ས།  ངས་དེ་ལྟར་ཆིག་ལབ་རྒྱག་བཞིན་ལྷ་སའི་བར་སྐོར་གྱི་གླིང་། དགོན་པ་ཆེ་ཆུང་གི་འདབས་བཅས་སུ་ཁྱོད་ཀྱི་རྐང་རྗེས་ཡོད་པར་སྒོམ་ཞིང་སེམས་སུ་ཅི་ཞིག་ལུས་སོང་ལྟ་བུར་སྣང་བཞིན་ཕྱིར་མགྲོན་ཁང་དུ་ལོག་པར་བརྩམས་དུས་ཏག་ཏག་དགོང་མོའི་ཆུ་ཚོད་བཅུ་གཅིག་ལ་སླེབས་ཡོད་པ་དང་།  ཧ་ཅང་ཐག་མི་རིང་བའི་ས་རུ“བྱ་དེ་ཁྲུང་ཁྲུང་དཀར་མོ……”ཁྱོད་ཀྱིས་ལེན་པར་དགའ་བའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དེ་སྒྲ་སྒམ་བརྒྱུད་དེ་གྲགས་བྱུང་བས།  ངའི་གོམ་སྟབས་རང་དབང་མེད་པར་དེར་དྲངས་བྱུང་ལ་ནང་དུ་འཛུལ་བ་ན་ཏག་ཏག་དེ་ནི་ཧ་ཅང་ཆེ་བའི་ནང་མ་ཁང་ཞིག་སྟེ་མིང་ལ་ཚངས་དབྱངས་རྒྱ་མཚོ་ཟེར་བས། ངས་ཀྱང་སེམས་སུ་གནས་འདི་རུ་སེམས་ཅུང་ཟད་གཡེང་ན་མི་ཆོག་རྒྱུ་མེད་སྙམ་སྟེ་ལྷ་སའི་ལྦུ་རག་དམ་བི་གཉིས་བླངས་ཏེ་བསྡད་པ་ཡིན།
         “བྱ་དེ་ཁྲུང་ཁྲུང་དཀར་མོ”མཚམས་ཤིག་ལ་ཁྱོད་ཀྱིས་གླུ་ཚིག་དེ་བདེ་མོའི་ངང་ངག་ཏུ་གྱེར་བཞིན་ང་སར་ཡོང་སྟེ་ལྷ་སའི་སྐད་ཀྱིས་ང་རང་གང་གི་ཡིན་པ་དང་ཇི་ཞིག་གི་དོན་དུ་ལྷ་སར་ཡོང་ཚུལ་དྲིས་བྱུང་བར་ངས་ཀྱང་དེར་བསྟུན་གྱི་སྟབས་བདེའི་ལན་རེ་ཨ་མདོའི་སྐད་ཀྱིས་བཏབ་པར་ཁྱོད་ཀྱིས་མི་གོ་བའི་བརྡ་སྟོན་པ་དང་དེ་ནས་རྒྱ་སྐད་ཀྱི་ཕན་ཚུན་ལ་ཁ་བརྡ་བྱས་པར་ངས་ཁྱོད་རང་རྒྱའི་སྤྱི་སྐད་ལ་བྱིངས་པའི་དབུས་མོ་ངར་བ་ཞིག་རེད་འདོད་པ་དང་། ཞོར་དུ་མིང་ལའང་སྣང་གསལ་ལྷ་མཛེས་ཟེར་བའང་རྟོགས་བྱུང་། དེ་ནས་རྒུན་ཆང་དམར་པོའི་ཆང་ཕོར་དེ་ལག་ནས་ཡུན་གྱིས་བསྐོར་བའི་ངང་ཚུལ། ད་དུང་མཉེན་ལྕུག་ལྡེམ་པའི་ལུས་ཀྱི་སྟངས་སྟབས། ལག་ཏུ་བཟུང་བའི་ཀུ་ཤུ་ཁ་པར་བཅས་ཀྱིས་ང་རང་སྟབས་སྟབས་པོར་གྱུར་ཞིང་ཤིན་ཏུ་དོགས་མི་བདེ་བར་བཟོས་པ་མ་ཟད། མྱུར་དུ་ཁོར་ཡུག་འདི་ལས་ཕྱིར་འགྲོ་འདོད་ཀྱི་འདུན་པ་ཞིག་ངང་གིས་སྐྱེས་སོང་། ཡིན་ཡང་ཁྱོད་ཀྱིས་ཞབས་ཕྱི་མ་བོས་ཏེ་ལྦུ་ཆང་མང་བོ་ཞིག་འཁྱེར་ཡོང་དུ་བཅུག་པ་དང་ཟས་སྣ་མང་བོ་ཞིག་སྡེར་ཁར་བསྒྲིགས་པར་ཞབས་ཞུ་བས་སྦྱིན་བདག་ལགས། ད་ཅི་དགོས་ཟེར་བར་ངས་ཁྱོད་རང་འདིའི་སྦྱིན་བདག་ཡིན་པའང་རྟོགས་སོང་།  ཁྱོད་ཀྱིས་མུ་མཐུད་དུ་ངའི་ལྷག་བསམ་རྣམ་དག་གི་བརྩེ་དུངས་འཚོལ་བར་སེམས་འགུལ་ཐེབས་ཚུལ་དང་། འདས་སོང་ལ་ཕྱིར་ཡོང་མེད་ཚུལ་སོགས་མང་དུ་ལབ་པར་འུ་གཉིས་མཉམ་དུ་མིག་ཆུ་ཤོར་བ་ཡང་ཐེངས་གཅིག་ག་ལ་ཡིན། སྐབས་ཤིག་ལ་ངའི་སེམས་སུ“འགྲུལ་བ་ཡོང་ཤེས་དགོས། ཡོང་ནས་འགྲོ་ཤེས་དགོས”ཟེར་བའི་དཔེ་ལྟར་འགྲོ་གྲབས་བྱས་པ་ན་ཁྱོད་ཀྱིས་ཅི་མི་སྙམ་པར་ཡིན་གཅིག་མིན་གཉིས་ང་བསྐྱལ་རྒྱུ་ཟེར་བར་ངས་ཀྱང་ཁས་བླངས་ཏེ་འདུག་སའི་མགྲོན་ཁང་དུ་གླ་གཏོང་ཞིག་ལ་བསྡད་དེ་བསྐྱོད་པ་ཡིན་ཞིང་།  ཁང་བའི་སྒོ་ཕྱེས་མ་ཐག་ཏུ་ཁྱོད་ཀྱིས་ཅི་ཞིག་དྲན་གདུང་དང་ཅི་ཞིག་སྐྱོ་གདུང་གིས་མནར་བའི་ངང་ཚུལ་གྱིས་ང་དང་དམ་པོར་འཐམས་ཤིང་། མིག་ཆུ་ཁྲོམ་ཁྲོམ་བཞུར་བཞིན་ཡང་ནས་བསྐྱར་དུ་མཆུ་འདབ་སྦྱོར་བར་ང་ཡང་སྐྱེས་བུ་ཞིག་ཡིན་པའི་ཆ་ནས་བྲེད་ཤ་བསླངས་མོད་ཞིབ་ཏུ་ཐེངས་འདིའི་ཡོང་དོན་ལ་བསམ་བློ་བཏང་བར“ངས་ཁྱོད་རང་བཟི་འདུག”ཟེར་བཞིན་མལ་ཁྲིའི་སྟེང་བསྙལ་བ་དང་། དེར་བསྟུན་ནས་ངའང་གཉིད་སོང་།
        ཏག་ཏག་དགོང་མོའི་ཆུ་ཚོད་བཞི་བར་ང་རང་གཉིད་ལས་སད་པ་དང་ཡར་ལངས་ཏེ་གཅིན་པ་བཏང་སྟེ་ཕྱིར་ཡོང་ཁར་ངས་ཁྱོད་ཀྱི་དངོས་པོ་འགའ་ཐང་ནས་རྙེད་པ་དང་དེ་ནི་མདང་དགོང་འུ་གཉིས་ཀྱི་འཐམས་འཁྱུད་ཀྱི་བར་ནས་འཁུར་ཁུག་ལས་ལྷུང་བ་ཁོ་ཐག་ཡིན་པས་ལག་ཏུ་བླངས་པ་ན་ང་གཞི་ན་ཧང་སངས་པར་གྱུར་པ་དང་། ངས་ཡང་ནས་ཡང་དུ་ཁྱོད་ཀྱི་ངོར་བལྟས་པ་དང་། མཚམས་མཚམས་སུ་ཞེད་སྣང་ཞིག་ཀྱང་ངང་གིས་སྐྱེས་ཞོར་རང་ལ་ཤ་གཅིར་ཡང་བྱས་པར་ཚོར་བ་གསལ་རྟེན་རྨི་ལམ་མིན་པ་ཐག་གིས་ཆོད་སོང་། སྣང་གསལ་ལྷ་མཛེས། ངའི་ངག་ཏུ་ཐེངས་གཅིག་ཟློས་པ་དང་། འུ་གཉིས་ཀྱི་ཆུང་དུས་ལ་ཡང་བསྐྱར་ཕྱིེར་དྲན་ཐེངས་གཅིག་བྱས་པ་དང་དགའ་སྐྱོ་ཟུང་གི་མིག་ཆུ་རྡོག་གཅིག་ཡང་བསྐྱར་ངའི་མཁུར་དུ་འགྲིལ་བྱུང་།
        དོན་ངོ་མར་ཁྱོད་ཀྱིས་སྔ་མོ་ནས་ང་ཤེས་འདུག ཁྱོད་ཀྱིས་ད་བར་དུ་ཁྱོད་ཀྱི་གནས་ཚུལ་དག་ཕ་མར་མི་བཤད་དོན་ཅི་ཡིན། ངས་དེ་ལྟར་བསམ་བཞིན་ཁྱོད་ཀྱི་དཔྲལ་བར་འོ་ཞིག་བྱས་རྗེས་གཞི་ནས་མགྲོན་ཁང་དང་གྱེས་ཏེ་མེ་འཁོར་འབབ་ཚིགས་སུ་ཆས་པ་ཡིན།
        སྙིང་གི་མེ་ཏོག་ལྷ་སྒྲོན་ལགས།“འཁོར་བ་ཁབ་ཀྱི་རྩེ་མོ་ན། བདེ་བ་ནམ་ཡང་ཡོད་མ་ཡིན”ཟེར་བ་མིན་ནམ། སྐབས་འདིར་ངས་ཁྱོད་ཀྱི་ནང་མའི་མིང་ལ་ཚངས་དབྱངས་རྒྱ་མཚོ་འདོགས་དོན་དང་སྒེའུ་ཁུང་ལས་ཐད་ཀར་ཕར་བལྟས་ན་ཕོ་བྲང་པོ་ཏཱ་ལ་མིག་གི་མཐོང་སར་འདེམས་པ་སོགས་གསལ་བོར་ཤེས་སོང་།  
        སྙིང་གི་མེ་ཏོག་ལགས། མི་ཚེ་ལ་རྫོགས་རྒྱུ་ཡོད་ཀྱང་། པོ་ཏཱ་ལའི་གཟི་མདངས་ལ་ཉམས་པ་མེད། ལས་དབང་ལ་རྔམས་ཁ་རྒོད་ཀྱང་། སེམས་ནང་གི་ཉི་མ་ལྷ་ས་སྔར་བཞིན་མི་ཡུལ་གྱི་དག་ཞིང་ཡིན།
        ད་ངས་མང་བོ་མི་བཤད་ཡོད་ཚད་སེམས་སུ་ཡོད། ཡོད་ཚད་ལོ་ཟླའི་བརྡར་ཤ་ཁྲོད་དུ་ཡོད། བདེ་མོ་བྱོས། སྙིང་གི་ཟླ་བ་དོན་གྲུབ་ནས།
༢༠༡༣.༤པར་ལྷ་ས་རུ།


རྩོམ་ཡིག་སྔོན་མ།
བདག་གི་ཕ་ལོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1